ཆུང་འདྲིས་བྱམས་པ

སྐྱབས་ཆེན་བདེ་གྲོལ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-18


ཁག་དང་པོ། 

བསྟན་འཛིན་ནི་ངའི་ཆུང་འདྲིས་བྱམས་པ་ཡིན། བསྟན་འཛིན་གྱིས་བཤད་པ་ལྟར་ན་ངའི་ཅ་དངོས་གཉིས་ཀྱིས་རེ་རེ་བཞིན་ཁོའི་ལས་དབང་བསྒྱུར་སོང་ཟེར། ཅ་དངོས་དེ་གཉིས་ལས་གཅིག་ནི་ངའི་སྨྱུག་སྒམ་ཡིན་པ་དང་། གཞན་དེ་ནི་སྒོར་གཉིས་ཅན་གྱི་ཟངས་ཀྱི་མཛུབ་དཀྲིས་ཤིག་ཡིན། 

བསྟན་འཛིན་གྱིས་ང་ལ་སྐད་ཆ་དེ་ནམ་བཤད་པ་ཡིན་ཞེ་ན། ངེད་གཉིས་དང་པོ་གཞོན་ནུའི་དུས་སུ་བརྩེ་སེམས་ཀྱི་མཚོ་མོར་འཇུག་པའི་ལོ་ངོ་གསུམ་བཞིའི་རིང་བཤད་པ་མིན་ལ། རྗེས་མར་ང་རང་སྐྱེས་པ་གཞན་དང་མཐུན་ཡོད་དུས་ངེད་གཉིས་ཀྱིས་ཕན་ཚུན་ལ་ཁ་པར་མང་པོ་གཏོང་རེས་བྱེད་པའི་སྐབས་ཀྱང་བཤད་པ་མིན་པར། དེའི་རྗེས་ནས་ལོ་བཅོ་ལྔ་ལོན་པའི་སྐབས་ཏེ། ངེད་གཉིས་ཀ་ལོ་བཞི་བཅུར་སོན་མ་ཐག་པའི་སྐབས་སུ་བཤད་པ་ཡིན། 

ཁོ་ན་རེ། “ངེད་གཉིས་ཇི་ལྟར་ཆུང་འདྲིས་སུ་གྱུར་བ་ཁྱོད་ཀྱིས་དྲན་ནམ། འུ་གཉིས་དམའ་འབྲིང་དང་པོའི་སློབ་མ་ཡིན་དུས་ཏེ། ང་རང་ལོ་བཅོ་ལྔ་དང་ཁྱོད་ལོ་བཅུ་བཞི་ཡིན་དུས་སུ། ངས་ཁྱོད་ལ་བརྩེ་འཕྲིན་བྲིས་པ་ཡིན། ངས་སྐབས་དེའི་དར་སྲོལ་ལྟར་བརྩེ་འཕྲིན་དེ་ཐེངས་མང་པོར་ལྟེབས་ནས་གྲུ་བཞི་མ་ཞིག་ཏུ་བཟོས་རྗེས་ཁྱོད་ལ་སྟེར་འདོད་ཀྱང་སྟེར་མ་ཕོད། དེ་ནས་ངས་ཐབས་ཤིག་འཐེན་པ་ནི་ཁྱོད་སར་སོང་ནས་ཁྱོད་ཀྱི་སྨྱུག་སྒམ་གཡར་པ་དང་། དགོང་ཚོགས་གྲོལ་བའི་སྐབས་དང་བསྟུན་ནས་བརྩེ་འཕྲིན་སྨྱུག་སྒམ་དུ་བཅུག་ནས་ཁྱོད་ལ་སྤྲད་པ་ཡིན། སློབ་ཁང་གི་སྒོར་འབུད་དུས་ཁྱོད་ཕྱོགས་ལ་ཐེངས་གཅིག་བལྟས་པ་ན་ཁྱོད་ཀྱིས་སྨྱུག་སྒམ་གྱི་ཁ་འབྱེད་ཀྱིན་འདུག་ལ་ངའི་གདོང་བ་ཚ་ལམ་ལམ་དུ་གྱུར་སོང་། ཕྱི་ཉིན་སྔ་དྲོའི་ཀློག་འདོན་ཚར་དུས་ལས་སྦྱོང་ལ་འགྲོ་ཁའི་གྲལ་སྒྲིག་དུས་ཁྱོད་ཀྱིས་འགྲོ་ཞོར་དུ་ངའི་རྒྱབ་ལ་ཁུ་ཚུར་ཡང་མོ་ཞིག་གཞུས་བྱུང་ཞིང་ངས་དེ་ཁྱོད་ཀྱིས་ངའི་བརྩེ་བ་དང་དུ་བླངས་པའི་བརྡ་རུ་གོ ད་སྐབས་བསམ་ན་ཁྱོད་ཀྱང་དངོས་གནས་བུ་མོ་སྤོབས་པ་ཅན་ཞིག་རེད། དེ་ལྟར་འུ་གཉིས་ཕན་ཚུན་གྱི་ཆུང་འདྲིས་བྱམས་པར་གྱུར་སོང་། དེའི་རྗེས་སུ་ཁྱོད་ཀྱིས་ང་ལ་སྐབས་དེར་སྒོར་གཉིས་ཡིན་པའི་ཟངས་ཀྱི་མཛུབ་དཀྲིས་ཤིག་སྤྲད་པ་དང་། དགུན་གནང་གི་སྐབས་ཤིག་ལ་སྡེ་བ་གཞན་གྱི་མི་ཚང་ཕྱུག་པོ་ཞིག་ང་རང་མག་པར་སློང་དུ་འོང་། ཨ་ཕས་ང་རང་སྒོར་བོས་ཡོང་སྟེ་ང་ལ་འཐད་མིན་དྲིས་པར་ངས་མཛུབ་དཀྲིས་དེར་ཡང་ཡང་རེག་གིན་མི་འཐད་ཅེས་སྨྲས་པ་ཡིན། གལ་ཏེ་མཛུབ་དཀྲིས་དེའི་དྲིན་མིན་ན་ང་རང་ད་ལྟ་མི་ཚང་དེ་ན་ཡོད་སྲིད”

ངེད་གཉིས་སོ་སོར་གྱེས་རྗེས་སུ། ངས་རྟག་པར་བསྟན་འཛིན་དྲན། གཞན་གྱི་ངག་ལས་བརྩེ་དུང་གི་གཏམ་རྒྱུད་རེ་ཐོས་པའམ་ཡང་ན་བརྙན་འཕྲིན་ལས་ཁོ་རེ་ཡའི་བརྩེ་སྒྲུང་ཡག་པོ་རེ་སྟོན་དུས་ངའི་སེམས་ལ་བསྟན་འཛིན་འཆར་ཅིང་ཐ་ན་ང་ལ་མངལ་སྦྲུམ་ནས་ཕྲུ་གུ་བཙའ་ཉེ་བའི་དུས་སུའང་ཁོ་རང་གང་དུ་ཡོད་དམ་སྙམ། 

ཁོ་དང་མ་འཕྲད་པར་མི་ལོ་བཅོ་ལྔ་འགོར་བའི་རྗེས་སུ་ངེད་གཉིས་བར་གྱི་ཁ་པར་དང་པོ་དེ་ཞེད་སྣང་དང་མཚར་སྣང་གི་ངང་ནས་འཕྲོད་དུས། ཁོའི་སྐད་སྒྲ་ནི་སྔར་གྱི་དེ་འདྲ་མིན་པར་ཅུང་འགག་ཤས་ཆེ་བ་དང་ཅུང་རྩུབ་པར་གྱུར་འདུག་ལ། ངས་དེ་བཞིན་དུ་ངའི་སྐད་སྒྲའང་ཁོའི་རྣ་ལམ་ནས་འགྱུར་ཡོད་པར་སྙམ། དེ་བས་ཁོས་ང་ལ“ཁྱོད་མཚོ་སྐྱིད་ཨེ་ཡིན”ཟེར་དུས་ངས་དར་ཅིག་རིང་ལན་འདེབས་མི་ཐུབ་པར་གྱུར་པ་དང་། དེ་ནས་མགྲིན་པ་ཡང་ཡང་བསང་རྗེས“ཡིན། ཁྱོད་བདེ་མོ་ཡིན་ནམ”ཟེར་དགོས་བྱུང་། 

དངོས་གནས་བཤད་ན་ང་རང་ཁ་པར་གཏོང་ཐེངས་དེའི་ཁོའི་སྐད་ཆ་ཤོད་སྟངས་ལ་དེ་འདྲ་དགའ་མ་བྱུང་མོད་དེས་ངའི་སེམས་སྐྱིད་པོར་བཏང་སོང་། ཡིན་ཡང་དེའི་ཕྱི་ཉིན་གྱི་ཁ་པར་རིང་པོ་སྟེ་ཁ་པར་གཉིས་པ་གཏོང་དུས་ང་ཁོའི་སྐད་ཆ་ཤོད་སྟངས་ལ་ཤིན་ཏུ་དགའ་བྱུང་བར་མ་ཟད་ངའི་སེམས་སྔར་ལས་སྐྱིད་པོར་གྱུར་སོང་། སྨྱུག་སྒམ་དང་མཛུབ་དཀྲིས་ཀྱི་སྐོར་ཁོས་ཐེངས་དེར་བཤད་པ་རེད། 

ཁ་པར་གཏོང་ཐེངས་དང་པོའི་སྐབས་སུ་ཁོས་ང་ལ་སྐད་ཆ་བཤད་དུས་ཧ་ཅང་གཟབ་ནན་དང་ཆ་རྒྱུས་མེད་པ་ལྟར་བཤད་པར་མ་ཟད། ད་དུང་ཅུང་སུན་སྣང་འདྲེས་པའི་ཚིག་གཅིག་ཀྱང་བཤད་བྱུང་། ངས་རྗེས་སུ་དེའི་སྐོར་ལ་ཡང་ཡང་བསམ་སྟེ་ཁོ་ལ་ཁག་མི་འདུག་པར་སྙམ། མི་ལོ་བཅོ་ལྔའི་དུས་ཚོད་རིང་པོས་ངེད་གཉིས་སུའང་སོ་སོའི་སེམས་ནང་གི་དེ་མིན་པའི་གཞན་ཞིག་ཏུ་བསྒྱུར་ཡོད་སྲིད་ལ། ཡང་ན་གཞོན་པའི་ལང་ཚོ་ཡལ་བ་དེས་ངེད་གཉིས་སུའང་ཕན་ཚུན་གྱི་སྣང་ངོར་ཅུང་རྒྱུས་མེད་དུ་བྱས་ཡོད་ངེས། དེ་ལས་ཀྱང་གལ་ཆེ་བ་ཞིག་ནི་མི་ལོ་བཅོ་ལྔའི་རིང་ངས་ཁོ་ཁོ་ན་སེམས་སུ་ཉར་བ་དེ་ཁོས་གཏན་ནས་ཤེས་མེད།

ཁ་པར་གཉིས་པ་དེ་ཆུ་ཚོད་གཅིག་དང་ཕྱེད་གའི་རིང་ལ་བཏང་བ་དང་། དེའི་བར་ནས་ང་ལ་ཁྱོ་ཀའི་ཕ་སྤུན་གྱི་ནུ་བོ་ཞིག་གིས་ཁ་པར་བཏང་སྟེ་སྐར་མ་འགའ་ལ་བར་ཆད་བྱས་པ་ཕུད་ངེད་གཉིས་ཀྱིས་ཕན་ཚུན་ལ་བཤད་འདོད་པའི་གཏམ་མང་པོ་འཕྲོ་རིམ་འཕྲོར་བཤད་པ་ཡིན། ཁོས་སྨྱུག་སྒམ་དང་མཛུབ་དཀྲིས་ཀྱི་སྐོར་བཤད་དེ་སྐར་མ་ལྔ་དྲུག་འགོར་རྗེས་སུ་ངས་ཁོ་ལ“ངས་ཁྱོད་རང་མི་ཚེ་གང་བོར་བརྗེད་མ་མྱོང་། ཕལ་ཆེར་ཉི་མ་རེ་རེར་ཁྱོད་དྲན་པ་ཡིན”ཞེས་སྨྲས། ཚིག་དེ་བཤད་དུས་ངའི་ངག་ལ་འདར་ཆ་ཅུང་ཙམ་བབས་པ་དང་མིག་མཐའ་མཆི་མས་བརླན་པས“ཁྱོད་དྲན་པ་ཡིན”ཞེས་པའི་ཚིག་དག་ངག་སྒོ་ནས་འབྱིན་དཀའ་བ་ལྟ་བུར་གྱུར།

གཞོན་པའི་དུས་ཀྱི་ལྷོད་ཡངས་ཀྱི་སྣང་བ་དེ་སྐུད་མེད་གློག་འཕྲེང་བརྒྱུད་ནས་སླར་ཡང་ངའི་སེམས་སུ་བྱུང་བ་དང་། ངེད་གཉིས་ཀྱིས་ཆུང་དུས་སུ་ཡང་ཡང་སྐོར་བ་རྒྱག་མྱོང་སའི་མཚེའུ་དེ་ངའི་མིག་ལམ་ལ་ཤར་བྱུང་།

ངེད་གཉིས་ཆུང་འདྲིས་སུ་གྱུར་བ་དང་། སློབ་གྲོགས་ཚོས་ང་དང་བསྟན་འཛིན་གཉིས་དགའ་རོགས་རེད་ཟེར་བའི་དུས་དེ་ནས་བཟུང་ངེད་གཉིས་སློབ་གསེང་གི་དུས་ཚོད་མང་ཤོས་ལ་མཉམ་འགྲོ་མཉམ་འདུག་ཡིན་ཅིང་། ལྷག་པར་གཟའ་སྤེན་པ་དང་ཉི་མའི་དུས་སུ་སོ་སོའི་ཁྱིམ་ནས་ལྕགས་རྟ་རེ་ཞོན་ཡོང་ནས་ངེད་ཅག་གི་རྫོང་མཁར་གྱི་མཐའ་ལ་ཉུལ། རྫོང་མཁར་གྱི་འདབས་སུ་མཐའ་སྐོར་ལ་སྤྱི་ལེ་གཅིག་ཡས་མས་ལས་མེད་པའི་མཚེའུ་ཞིག་ཡོད་པ་དང་དེར་སླེབས་རྗེས་ངེད་གཉིས་ཀྱིས་ལྕགས་རྟ་བཞག་སྟེ་རྐང་ཐང་དུ་དེ་ལ་སྐོར་བ་མང་པོ་བརྒྱབ། སྐབས་འགར་བསྟན་འཛིན་གྱིས་རྡེའུ་སྲབ་མོ་རེ་བླངས་ནས་ཆུ་ནང་ལ་འཕངས་ཏེ་དེ་ཆུ་ངོས་ནས་ཐེངས་ཅི་ཙམ་ལ་ལྡིང་ཨེ་ཐུབ་ལྟ་དུས་ངས་དེ་གར་ངང་ངུར་ཆ་གཅིག་ཡོད་པར་ཕོག་གིན་དོགས་ནས་ཁོ་ལ་དེ་ལྟར་མ་བྱེད་ཅེས་བསྐུལ་ནའང་། ཁོས་ང་དང་བཀྱེད་དེ་བསམ་བཞིན་དུ་རྡོ་འཕེན་པས་ང་ཁྲོ་བའི་ཚུལ་གྱིས་ཁོ་ལ་ཁ་ཡ་མི་བྱེད་པར་འདུག་མྱོང་། ཡིན་ཡང་ས་རུབ་ལ་ཉེ་དུས་ཁོ་ངའི་གམ་དུ་ཡོང་ནས་ང་ལ་དགོད་ཁ་སློང་བར་བྱེད་པས་ངས་ཁོ་ལ་ཕྱིན་ཆད་མཚོ་ནང་ལ་རྡོ་ཡིས་མི་འཕེན་པའི་དམ་བཅའ་ཞོགས་ཞེས་ངེད་གཉིས་ལག་པ་ཕན་ཚུན་སྦྲེལ་ཏེ་མནའ་བསྐྱལ་བ་ཡིན། ཕྱིས་སུ་མཚེའུ་དེ་ཇེ་ཆུང་ནས་ཇེ་ཆུང་དུ་གྱུར་བ་དང་། ངང་ངུར་དེ་གཉིས་ཀྱང་མཐོང་རྒྱུ་མ་བྱུང་། མཐར་དེ་ཉིད་ས་ཀོང་ཆེན་པོ་ཞིག་ཏུ་གྱུར་ཅིང་དེའི་ནང་དུ་ས་མང་པོ་བླུགས་རྗེས་སྟེང་དུ་ཁང་པ་བརྩིགས་བྱུང་། སྐབས་དེར་ང་རང་རྫོང་གླུ་གར་ཚོགས་པར་ཞུགས་ཟིན་པ་དང་བསྟན་འཛིན་དམའ་འབྲིང་མཐར་ཕྱིན་ཏེ་ཁུལ་དགེ་འོས་སློབ་གྲྭའི་སློབ་མར་གྱུར་ཟིན།

དེའི་རྗེས་སུ་ད་ལྟ་ལ་ཐུག་པའི་བར་དུ་ངེད་གཉིས་ཐེངས་བཞི་མ་གཏོགས་ངོ་འཕྲད་མ་མྱོང་། དེ་ལས་ཐེངས་དང་པོ་ནི་སྤྱི་ལོ་༡༩༩༤ལོའི་དབྱར་ཀ་སྟེ། བསྟན་འཛིན་དགེ་འོས་སློབ་གྲྭར་ཞུགས་པའི་ལོ་གཉིས་པའི་དུས་སུ་ཡིན། སྐབས་དེར་རྫོང་མཁར་ནས་ཁུལ་ཐོག་ལ་འགྲོ་བར་ཆུ་ཚོད་བཅུ་ལྷག་དགོས། ངེད་ཅག་གླུ་གར་ཚོགས་པ་ཁུལ་ཐོག་ལ་འཁྲབ་སྟོན་དུ་འགྲོ་དགོས་པས་ངེད་ཅག་ནམ་གསལ་མ་གསལ་བའི་དུས་སུ་ལམ་ལ་འབུད་པའི་རེས་འཁོར་གྱི་ནང་དུ་བསྡད། ཕྱི་ཉིན་འཁྲབ་སྟོན་མཇུག་རྫོགས་རྗེས་ངས་བསྟན་འཛིན་ངེད་གཉིས་ཀྱི་སློབ་གྲོགས་ཡིན་པའི་འབྲུག་མཚོ་བཙལ་ཏེ་ཁོ་རང་སློབ་གྲྭའི་སྒོར་བོས་ཤིང་སྐབས་དེའི་ང་རང་གི་ཟླ་ཕོགས་ཉུང་ངུ་དེས་ཁོ་ལ་ཟས་མགྲོན་སྟབས་བདེ་ཞིག་བཏང་བར་མ་ཟད་སྒོར་ལྔ་བཅུ་ཡང་སྟེར་བ་ཡིན། མཚན་མོར་ངེད་གཉིས་ཀྱིས་ཁོང་ཚོའི་སློབ་གྲྭའི་རྩལ་སྦྱོང་ར་བ་ནས་ཁོས་ཁྱེར་ཡོང་བའི་ཉལ་ཐུལ་སྲབ་མོ་དེ་མགོ་ལ་བཀླུབས་ནས་མཚན་བསྐྱལ་བ་ཡིན། 

ཐེངས་གཉིས་པ་ནི་ལོ་དེའི་སྟོན་ཀ་སྟེ། ངས་ཁོའི་གནས་ཚུལ་ཅི་ཡང་མི་གོ་དང་། གཞུང་གི་ལས་ཀ་བསྒྲུབས་མ་ཐག་པའི་གསར་བུ་འགའ་ཅི་ཐུབ་ཀྱིས་ང་ལ་བཅར་བཞིན་པའི་དུས་ཤིག་སྟེ། ཁོ་རང་གུང་གསེང་བཏང་སྟེ་ཡུལ་ལ་ཡོང་དུས་ཤིག་ལ་ངེད་གཉིས་ངེད་ཅག་གི་རྫོང་མཁར་ནས་འཕྲད་པ་ཡིན། འཕྲད་ཐེངས་དེར་ངེད་གཉིས་ཀྱིས་གསར་དུ་རྒྱག་བཞིན་པའི་ཁང་སྟོང་ཞིག་གི་ནང་ནས་ཤོག་ཧྲུལ་མང་པོ་མེར་སྲེག་བཞིན་མཚན་བསྐྱལ་བ་ཡིན། ངས་ཁོ་ལ་ཟུར་དང་ཤུགས་གང་རུང་ནས་ང་ལ་ཉེ་བར་བཅར་མཁན་གྱི་མི་མང་པ་དང་། ཁོས་ང་ལ་སོ་སོར་མི་འབྲལ་བའི་དམ་བཅའ་ཞིག་བཞག་ན་ངས་ཁོ་ཚོར་ཁ་ཡ་བྱ་མི་སྲིད་པ་སོགས་ཡང་ཡང་བཤད་ནའང་གཅིག་བྱས་ན་ཁོས་དེའི་དོན་གོ་མེད་པ་འདྲ་ལ། ཡང་ན་ནི་ཁོས་དེ་ལ་ཁ་ཡ་བྱ་མི་འདོད་པ་དང་འདྲ་བར་གཏམ་གྱི་གླེང་གཞི་གཞན་དུ་བསྒྱུར་འགྲོ་བས་ངའི་སེམས་ཅུང་སྐྱོ་བར་གྱུར། ཡིན་ནའང་མཚན་མོ་དེར་ཁོས་ང་ལ་ཐེངས་དང་པོར་འོ་བྱས་པ་དང་། ངའི་ལག་པར་དམ་དུ་འཁྱུད་པར་མ་ཟད་འགྲམ་པའང་ང་ལ་ཤུགས་ཀྱིས་གླན་པས་ངས་ཐེངས་དང་པོར་ངེད་གཉིས་བྱིས་དུས་ཀྱི་བརྩེ་བ་དང་བྲལ་ཏེ་གཞོན་པ་དང་ནར་སོན་པའི་འཇིག་རྟེན་དུ་སླེབས་པའི་ཚོར་བ་ཞིག་བྱུང་སྟེ། ཞོགས་པ་ངེད་གཉིས་འབྲལ་དུས་ཡིད་སེམས་དེ་ལས་སྐྱོ་བ་ཞིག་བྱུང་།

ཐེངས་གསུམ་པ་ནི་དེའི་ལོ་གཞུག་མ་སྟེ་སྤྱི་ལོ་1995ལོའི་དགུན་ཁ་ཡིན། ལོ་ངོ་གཅིག་ལྷག་ལ་ངེད་གཉིས་འབྲེལ་བ་བྱེད་རྒྱུ་མ་བྱུང་བའི་ཁར་ཁོ་ལ་དགའ་རོགས་ཡོད་ཚུལ་གཏམ་སྣ་ཚོགས་ཀྱང་ངའི་རྣ་བར་བྱུང་བས། ད་ལྟའི་ཁྱོ་ཀ་དང་ངེད་གཉིས་ཀྱིས་ཕན་ཚུན་འབྲེལ་འདྲིས་བྱེད་ཀྱིན་ཡོད། ཡིན་ནའང་དཀོན་མཆོག་དཔང་དུ་བཞག་ནས་བཤད་ཐུབ་པ་ཞིག་ལ། དུས་དེར་ང་རང་ད་དུང་ཡང་གྲོང་པའི་ཆོས་ཀྱིས་མ་གོས་པའི་གཞོན་ནུ་མ་ཞིག་ཡིན་ལ། གླུ་གར་ཚོགས་པའི་ནང་གི་ལས་གྲོགས་གཞན་དག་ཆ་རེ་ཆ་རེ་བྱས་ནས་འགྲོ་དུས་ངའི་སེམས་ལ་བསྟན་འཛིན་ཤར་ཏེ་མིག་ཆུའང་ཐེངས་མང་བཏང་མྱོང་། དགོད་བྲོ་བ་ཞིག་ལ་ངས་ད་ལྟའི་ཁྱོ་ཀར་འབྲེལ་འདྲིས་བྱེད་ཀྱིན་ཡོད་ཀྱང་དྲིན་ཆེན་ཕ་མ་གཉིས་ལ་ད་དུང་ཡང་བསྟན་འཛིན་ངེད་གཉིས་འབྲེལ་བ་ཡོད་པར་བཤད་དེ་རང་སེམས་གསོ་བཞིན་ཡོད། ཉིན་ཞིག་གི་དགོང་མོར། ང་རང་ཞབས་བྲོ་སྦྱོང་བའི་སློབ་ཁྲིད་གྲོལ་ཏེ་ལས་ཁུངས་ཀྱི་སྒོར་འབུད་བཞིན་པའི་སྒང་ལ། “མཚོ་སྐྱིད”ཅེས་འབོད་པའི་རྒྱུས་ཡོད་ཀྱི་སྐད་སྒྲ་ཞིག་ངའི་རྣ་ལམ་དུ་གྲགས་པ་དང་། ངས་དེའི་ཕྱོགས་སུ་སེམས་གཏད་དུས་བསྟན་འཛིན་དེ་གར་འགྲེང་ཡོད་པ་མཐོང་། ང་རང་དགའ་དྲགས་ཏེ་ཅི་བྱེད་ཆ་མ་འཚལ། མཐར་སྤོབས་པ་ཆེན་པོས་ཁོའི་ལག་པར་འཁྱུད། དེ་ནས་ངེད་གཉིས་ཀྱིས་ཁ་བརྡ་སྣ་ཚོགས་བྱེད་ཀྱིན་རྫོང་མཁར་ལ་སྐོར་བ་ཞིག་བརྒྱབ་རྗེས། ངས་ཕ་མ་གཉིས་ཀྱིས་མི་ཚོར་བར་བྱས་ཏེ་རྐང་འཇབ་ལག་འཇབ་ཀྱི་ངང་དུ་ཁོ་རང་ང་རང་གི་མལ་ཤག་ཏུ་ཁྲིད་པ་ཡིན། མཚན་མོ་དེར་ངས་བསྟན་འཛིན་ཁོ་ལ་དགའ་རོགས་ཡོད་དམ་མེད་པ་དང་། ངེད་གཉིས་ཁྱིམ་ཚང་གཅིག་གི་མིར་འགྱུར་མིན་གང་ཡང་རུང་གིས། ངས་གཞོན་ནུ་མ་ཞིག་ལ་ཡོད་པའི་ལང་ཚོའི་གང་བུ་དེ་ཐེངས་དང་པོར་ཅིས་ཀྱང་ཁོ་ལ་ལོངས་སུ་སྤྱད་དུ་འཇུག་དགོས་སྙམ་ནའང་ཁོས་ང་ལ་འབྲེལ་མེད་དོན་གཞན་གྱི་ཁ་བརྡ་སྣ་ཚོགས་ཏེ་ཁོང་ཚོའི་སློབ་གྲྭའི་ནང་གི་དོན་ཕྲན་ཚེགས་དང་། ཁོ་རང་གིས་ཀློག་བཞིན་པའི་དེབ་དག་གི་སྐོར་སོགས་གླེང་བ་མ་གཏོགས་ང་ལ་འོ་ཞིག་ཀྱང་མི་བྱེད་པས་ངས་རང་ཉིད་ཀྱི་ཆུང་འདྲིས་ནི་དེ་སྔའི་དེ་མིན་པར་ང་ལ་བཀྱེད་ཟིན་པའི་མི་ཞིག་རེད་སྙམ་བྱུང་། དོན་དེ་ཕྱིས་སུའང་ངའི་སེམས་ལའང་ཡང་ཡང་ཤར་བ་དང་དེས་ངའི་སེམས་ལ་བཞག་པའི་རྨ་ཁ་དེ་ཐེངས་འདིའི་ཁ་པར་རིང་པོ་དེ་གཅིག་པུས་མ་གཏོགས་སོས་མ་ཐུབ།

འཕྲད་ཐེངས་རྗེས་མ་དེའི་དུས་སུ་ངེད་གཉིས་བྲལ་ཏེ་ལོ་ངོ་དྲུག་འགོར་ཟིན་ལ་ང་དང་ད་ལྟའི་ཁྱོ་ཀ་གཉིས་ཀྱིས་གཉེན་བསྒྲིགས་ཡོད། ངའི་ཁྱོ་ཀ་ནི་ཚོང་པ་ཞིག་ཡིན་ལ་སྐབས་དེ་དུས་ཚོང་ལ་དགའ་བ་ཙམ་ལས་འཚོ་བའི་འཁོས་ཀ་ཧ་ཅང་ཞན། ཁོས་བུ་མོ་ཚོའི་མདུན་ནས་འདྲ་ཆགས་པའི་གཏམ་སྣ་ཚོགས་ལབ་ཤེས་པར་མ་ཟད་ད་དུང་ཕོ་རྫིག་པོ་ཞིག་ཡིན་པས་ངས་བསྟན་འཛིན་དང་ཅི་ཙམ་འགྲོགས་ཀྱང་ངལ་བ་འབྲས་མེད་རེད་སྙམ་སྟེ་ཁོའི་རྗེས་འབྲངས་པ་ཡིན། ང་ཁོའི་ཆུང་མར་མ་གྱུར་བའི་སྔོན་དུ། གལ་སྲིད་ཁོའི་ཆུང་མ་བྱས་ཚེ་ཐམས་ཅད་ངའི་འདོད་པར་བསྟུན་ཆོག་པ་དང་། མི་ཚེ་གང་བོར་བདེ་སྐྱིད་ལས་སྡུག་བསྔལ་མེད་པ་ལྟ་བུ་ཞིག་ཡིན་ཚུལ་སོགས་བཤད་པས་ང་ནི་བསྟན་འཛིན་ལ་དུང་བ་ལྟ་བུ་ཞིག་ཁོ་ལ་མི་དུང་ནའང་གང་ལྟར་ཁོ་ནི་ངའི་འཚོ་བའི་རྟེན་ས་དང་མི་ཚེ་ལམ་གྲོགས་སུ་འགྱུར་ངེས་རེད་སྙམ་སྟེ་ཁོའི་སྐད་ཆར་རློམ་པ་ཡིན། ཡང་ན་ཆུང་བུ་མོ་ང་ལ་མཚོན་ན། གཞོན་པའི་ལང་ཚོ་སྨིན་ཅིང་འདོད་པའི་མྱུ་གུ་འབུས་པའི་དུས་སུ་ཡོད་ཚད་རང་དབང་ན་མེད་པ་སྟེ། སེམས་ཀྱིས་རེ་ཞིང་སྒུག་པ་དེ་ཐག་རིང་འཇའ་ཚོན་བཞིན་རབ་རིབ་མག་མོག་ཏུ་གྱུར་དུས་ཉེ་སར་ཡོད་པའི་བསླུ་བྲིད་བཟོད་མི་ཐུབ་པ་ནི་སྨོས་ཅི་དགོས། 

དེ་ལྟ་ནའང་གཉེན་བསྒྲིགས་པའི་རྗེས་སུ། ང་རང་དངོས་གནས་སྡུག་བསྔལ་གྱི་མེ་འོབས་སུ་ལྷུང་བྱུང་ཟེར་ན་ཆོག་སྟེ། ཁྱོ་ཀའི་རང་གཤིས་ལྷང་ལ་བུད་ནས། རྟག་པར་དོན་མེད་དུ་ཁོང་ཁྲོ་ལངས་པ་དང་། དོན་ཕྲན་ཚེགས་ཤིག་གི་ཕྱིར་ཏུའང་གཤེ་གཤེ་གཏོང་བ། གནས་ལུགས་ལ་མི་ཉན་པ། བུད་མེད་དམན་སར་འགོད་པ། བཙན་པོར་ཞེད་ཅིང་ཉམ་ཆུང་ལ་བརྙས་པ་སོགས་བྱེད་པར་མ་ཟད་ངའི་མི་ལུས་ཀྱི་རང་དབང་ཡང་ཡོངས་སུ་ཕྲོགས་སོང་པ་སྟེ། ཉིན་མོའི་དུས་སུ་ངས་ཁོའི་གྲོགས་པོ་ཚོ་དང་ནང་མི་རྣམས་ལ་ཟས་གཡོ་བ་དང་། ཇ་འདྲེན་པ་སོགས་ཁོ་ན་བྱ་དགོས་ཤིང་མཚན་མོའི་དུས་སུ་ཁྱིམ་ལ་གད་བདར་བྱ་བ་དང་གྱོན་གོས་བཀྲུ་དགོས། ཁྱེད་ཀྱིས་རློམ་མི་སྲིད་ཀྱང་སྐབས་དེར་ང་ལ་གཉེན་འཐོར་བའི་རང་དབང་ཡང་མི་འདུག ཐེངས་ཤིག་ང་ནི་ལུས་ཀྱི་དཀའ་ཚེགས་དང་སེམས་ཀྱི་སྡུག་བསྔལ་མ་བཟོད་པར་རང་ཁྱིམ་ལ་ཐེངས་གཅིག་བྲོས་པ་ན་ཁོ་རང་ངའི་ཕ་མ་གཉིས་སར་ཡོང་ནས་ཁོ་མ་འགྲིག་པ་དང་ང་བཟང་ཚུལ་སོགས་གཏམ་སྙན་མོ་གང་མང་གླེང་བས་ཕ་མ་གཉིས་ཀྱིས་ང་རང་ཅིས་ཀྱང་ཁོའི་རྗེས་སུ་ཕྱིར་འགྲོ་དགོས་ཟེར་བས་དེ་ལྟར་མི་བྱེད་ཀ་མེད་བྱུང་། ཡིན་ཡང་ཕྱིར་སོང་རྗེས་ཁོས་ང་ལ་མ་ཤི་དམྱལ་བ་མཐོང་བ་ལྟ་བུའི་རྡུང་རྡེག་བྱས་པར་མ་ཟད་གྲི་དང་མེ་མདའ་སོགས་བསྟན་ནས་ད་ནས་བཟུང་ང་རང་ཕྱིར་ཁྱིམ་དུ་ཐེངས་གཅིག་བྲོས་ན་ཁོས་ང་གསོད་རྒྱུ་ཡིན་ཟེར་ཏེ་འཇིགས་བསྐུལ་བྱུང་། གནས་སྐབས་དེ་འདྲ་ཞིག་ལ་བསྟན་འཛིན་གྱིས་ངེད་ཚང་གི་ཁྱིམ་ལ་ཁ་པར་བཏང་བྱུང་། དུས་དེར་བསྟན་འཛིན་ནི་པེ་ཅིང་དུ་སློབ་གྲྭར་འགྲོ་བཞིན་ལ། གཞས་ཚིག་དང་རི་མོ་བྲིས་ཏེ་ཅུང་སྙན་གྲགས་ཀྱང་རྒྱས་འདུག ལས་བསོད་ལྡན་པ་ཞིག་ལ་དུས་དེར་ཁྱོ་ག་ཁྱིམ་ན་མེད། གལ་སྲིད་ཁོས་ཤེས་སོང་ན་དོན་དེར་ཇི་ལྟར་འགྲེལ་སྙམ་ནས་ངའི་སེམས་ལ་གྲང་ཟུག་ཅིག་ཀྱང་ལངས་བྱུང་། དེའི་རྗེས་སུ་ཁྱོ་ག་ཕྱི་རོལ་ཏུ་ཚོང་ལས་ལ་སོང་བའི་སྐབས་དང་བསྟུན་ནས་ཁོས་ང་ལ་ཁ་པར་ཐེངས་མང་པོ་བཏང་ཞིང་ཉིན་ཞིག་ད་དུང་ཁོས་ང་ཁྲིད་ནས་ལྷ་སར་འབྲོ་ཆོག་ཀྱང་ཟེར་མྱོང་། 

ལོ་དེའི་དབྱར་ཁའི་གུང་གསེང་གི་ཉིན་མོ་ཞིག་ལ། བསྟན་འཛིན་ངེད་གཉིས་ཁོའི་གྲོགས་པོ་ཞིག་གི་དྲིན་གྱིས་ངེད་ཚོའི་རྫོང་མཁར་གྱི་མཐའ་ནས་འཕྲད་པ་དང་། ཏག་ཏག་ངེད་གཉིས་འཕྲད་ས་ནི་སྔོན་གྱི་མཚེའུ་དེ་སྐམ་ཤུལ་གྱི་གནས་དེ་རེད། ཉིན་དེར་སྔ་ནུབ་ལ་ངས་ཟས་གཡོ་སྟངས་མ་འགྲིག་པའི་རྐྱེན་གྱིས་ཁྱོ་ཀས་ངའི་འགྲམ་པར་ཁུ་ཚུར་གྱིས་བརྡུངས་ཏེ་གདོང་སྐྲངས་ཡོད་པས་ངས་ཁ་ཡོལ་དཀར་པོ་ཞིག་བརྒྱབ་ཡོད། གཞན་གྱིས་བརྙས་པས་གདུང་བ་དང་། མཚེའུ་སྐམ་ཤུལ་ནས་ངང་ངུར་དེ་གཉིས་ཀྱང་ཤི་ཡོད་པ་རེད་སྙམ་སྟེ་ངའི་ཡ་ཁོག་ལ་མཆི་མ་ཤྭ་འོད་བཞིན་བརྡོལ་ཡོང་། ཉི་མ་ནུབ་རིར་ཡིབ་པའི་བར་ངེད་གཉིས་ནི་མགྲིན་པ་བརྣངས་བཞིན་ལུས་པ་དང་ཁོས་ང་ལ་ཕལ་ཆེར་སྐད་ཆ་ཚིག་གཉིས་ལས་མ་སྨྲས་པ་འདྲ་སྟེ་དེ་ལས་གཅིག་ནི“འོ་ཞིག་བྱོས་དང”ཟེར་བ་དེ་ཡིན་ལ། དེར་ངས“འོ་བྱེད་ཐབས་མི་འདུག གདོང་སྐྲངས་འདུག”ཅེས་ལན་བཏབ་པ་དང་། ཅིག་ཤོས་ནི“ད་ནི་འུ་གཉིས་འགྲོ་རེད། ཁྱོད་སྐྱིད་ཅིང་བདེ་བར་སྨོན”ཟེར་བ་དེ་ཡིན། དེ་ལ་ངས“ཡ་ཡ”ཞེས་ལན་བཏབ། དོན་དུ་ཉི་མ་དེ་ལ་ཁོས་ངར“མཚོ་སྐྱིད། ཁྱོད་ཀྱིས་གནས་ཡུལ་ནས་སྡུག་འདི་འདྲ་མི་མྱང་བར་ངའི་རྗེས་སུ་འབྲངས་ཤོག”ཟེར་ན་ངས་དཀའ་བ་གང་ལའང་མི་འཛེམ་པར་ཁོའི་རྗེས་འབྲངས་ཤག་ཡིན། གང་ལྟར་སྤོབས་པ་ཆུང་བའམ་ཐེ་ཚོམ་གྱི་ཀློང་དུ་ཚུད་པའི་བསྟན་འཛིན་ནི་སླར་ཡང་ང་རང་བསྐྱུར་ནས་བུད་སོང་། དེའི་རྗེས་ཀྱི་ལོ་ངོ་བཅོ་ལྔའི་རིང་ངེད་གཉིས་ངོ་མ་འཕྲད། ཁོའི་སྣང་བརྙན་དེ་མི་གསོན་པོ་ཞིག་ནས་འཇིམ་སྐུ་ཞིག་དང་དེ་ནས་ཚོན་རིས་ཤིག དེ་ནས་སྐྱ་རིས་ཤིག དེ་ནས་རབ་རིབ་ཅིག་ཏུ་གྱུར་བ་དང་། མཐར་སྙིང་དམར་པོ་ཆུང་ཆུང་ཞིག་ཏུ་གྱུར་ནས་ངའི་སེམས་པའི་གཏིང་དུ་ལྷུང་སོང་།

ཁ་པར་རིང་པོ་དེ་བཏང་བའི་རྗེས་སུ་ངེད་གཉིས་ཀྱིས་སླར་ཡང་བསྟུད་མར་བདུན་ཕྲག་གཅིག་གི་རིང་ལ་ཁ་པར་གཏོང་རེས་བྱས་པ་དང་། བྱིས་དུས་དང་གཞོན་དུས་ཀྱི་གཏམ་རྒྱུད་དག་སོ་སོས་ཇི་ལྟར་དྲན་པ་བཞིན་བཤད་དེ་བརྗེད་ངེས་ཀྱི་རྐུན་པོས་ཁྱེར་བ་མང་པོ་ཞིག་སླར་རང་གི་ལག་ཏུ་བླངས། ཉིན་ཞག་སྟོང་ཕྲག་མང་པོ་འདས་ཀྱང་ཕན་ཚུན་སེམས་ནས་བརྗེད་མེད་པར་སྙིང་གི་སྒྲོམ་བུར་ཉར་བར་བཀའ་དྲིན་ཞུ་བའི་ཚིག་སྨྲས་ཤིང་། གཞོན་དུས་སུ་སེམས་པ་རྒྱ་ཡན་དུ་བཏང་སྟེ་ཕན་ཚུན་གཅེས་པའི་སེམས་ཀྱིས་བསྐྱངས་མ་ཤེས་པར་དགོངས་དག་ཡང་ཡང་ཞུས།

དངོས་གནས་བཤད་ན་ཉི་མ་དེ་དག་ལ་ངས་སྐྱིད་སྣང་བླ་ན་མེད་པ་ཞིག་ཚོར་ནའང་དེ་དང་མཉམ་དུ་སྔར་མེད་པའི་སེམས་ཁྲལ་ཞིག་དང་འགྱོད་གདུང་ཞིག་གིས་ངའི་ལུས་སེམས་གཉིས་རྟག་ཏུ་མནར་བར་གྱུར། ངའི་གྲོགས་མོ་ཞིག་གིས་བཤད་པ་ལྟར་ན་ཕོ་མོ་སུ་ཡིན་ཡང་སོ་སོ་ཆེས་དགའ་སའི་མི་དེ་དང་མཉམ་དུ་འཚོ་བ་རོལ་བའི་ལས་སྐལ་མེད་ཟེར་བ་དང་། གཏམ་དེ་བདེན་པ་མ་ཡིན་ན་འཇིག་རྟེན་འདིར་གཉེན་འཐོར་བ་དང་། ཁྱོ་ཤུག་ཕན་ཚུན་ལ་ཁྲེལ་མེད་བྱེད་པའི་དོན་དེ་འདྲ་མང་པོ་ཞིག་ཀྱང་ཡོད་མི་སྲིད་དོ། ། ༼མུ་འགོད །༽ 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1