གཙོ་ངོས།>> པར་སྐྲུན།>>ཁ་བཏགས་དཀར་པོ།

འཕྲིན་ལས་རྣམ་རྒྱལ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༩ཚེས་༡༨ཉིན།

སྡེ་དགེའི་ཐང་རྒྱལ་ལྷ་ཁང་ལ་དཔྱད་པ་ཕྲན་བུ།

དང་པོ། ཐང་སྟོང་རྒྱལ་པོ་འཁྲུངས་ཡུལ་དང་

འཁྲུངས་པའི་དུས་ཚིགས།

བོད་ཀྱི་ལོ་རྒྱུས་ཐོག་སྙན་གྲགས་ཀུན་ལ་ཁྱབ་པའི་གྲུབ་ཐོབ་ཐང་སྟོང་རྒྱལ་པོ་ནི་ཡབ་བོད་ཀྱི་མིའུ་རིགས་དྲུག་གི་ཡ་གྱལ་མི་ཉག་ལྡོང་གི་རྒྱུད་ལས་ཆད་པའི་སྤྱི་འབྲས་ལུང་པ་དཔོན་པོ་རྡོ་རྗེ་རྒྱལ་མཚན་དང་ཡུམ་གཡས་རུ་བྱང་པའི་ཆབ་འོག་གནས་ཆེན་འོ་བ་ལྷ་རྩེ་ནས་ཡིན་པའི་རྒྱ་གར་ལྷ་མོ་གཉིས་ཀྱི་སྲས་སུ་གཙང་ལ་སྟོད་གཡས་རུ་བྱང་པའི་ཆབ་འོག་འོ་བ་ལྷ་རྩེ་རིན་ཆེན་སྡིངས་“གཞིས་རྩེ་ངམ་རིང་རྫོང་ཁོངས་མདོ་སྤེ་ཆུས”ལ་སྤྱི་ལོ་1361ལྕགས་མོ་གླང་གི་ལོ་ཆོ་འཕྲུལ་ཆེན་པོའི་ཚེས་བཅུའི་ཉི་ཤར་དུས་སྐུ་འཁྲུངས། ཀུན་སྤངས་དོན་ཡོད་རྒྱལ་མཚན་གྱིས་མཚན་ཁྲོ་བོ་དཔལ་ལྡན་དུ་བཏགས། དེ་ནས་དགོན་པ་བྱང་སྡིངས་སུ་བླ་མ་ཆོས་སྐྱོང་དཔལ་བའི་དྲུང་དུ་ཡི་གེ་འབྲི་ཀློ་བསླབ་པར་མངགས། དེ་ནས་བྱང་སྡིངས་དགོན་དུ་ཉི་མ་སེང་གེའི་དྲུང་དུ་རབ་ཏུ་བྱུང་ཞིང་། མདོ་སྟོད་སྐྱ་རའི་དགོན་པ་ན་བཀའ་ལྔ་པ་དཔལ་འབྱོར་ཤེས་རབ་ཀྱི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། མཚན་ལ་བརྩོན་འགྲུས་བཟང་པོ་གསོལ། དཔལ་ལྡན་ས་སྐྱར་བཀའ་བཞིའི་གྲྭ་སྐོར་ལ་བྱོན་སྐབས་གྲྭ་སྐོར་བ་གྲོགས་མཆེད་རྣམས་ཀྱིས་རང་རང་གི་གཞུང་སྐལ་ལས་བཅད་རྒྱས་པར་བཀོད། འགྲེལ་བཤད་འབྲུ་གནོན་ཞིབ་པར་བྱས། དེའི་དུས་སུ་གྲུབ་ཐོབ་ཆེན་པོས་གཞུང་གི་ཚིག་ལ་སྤྲོས་པ་མ་མཛད་པས་གཞན་གྱིས་བཙུན་ཆུང་གཞུང་རྡུགས་པོ་ཟེར་བ་ལའང་ངོ་ཚ་བའི་རྣམ་པ་མ་མཛད་པས་བརྩོན་འགྲུས་སྨྱོན་པ་གྲགས་སོ། །༼ཐང་རྒྱལ་རྣམ་ཐར༽ལས། ཁྱབ་གདལ་ཆེན་པོའི་ཐང་ཆེན་ན། །སྟོང་ཉིད་རྟོགས་པའི་རྣལ་འབྱོར་པ། འཇིགས་མེད་རྒྱལ་པོ་ལྟ་བུར་བཞུགས། །དེ་ཕྱིར་ཐང་སྟོང་རྒྱལ་པོར་ཐོགས། །ཞེས་ཡེ་ཤེས་ཀྱི་མཁའ་འགྲོ་ལྔས་མགྲིན་གཅིག་ཏུ་སྡེབས་ནས་གླུའི་དབྱངས་སྙན་པོས་མིང་དང་མཐུན་པའི་མཚན་ཞིག་གསོལ། དེ་ཕྱིན་ཆད་ས་གསུམ་དུ་གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོ་ཞེས་མཚན་ཡོངས་སུ་གྲགས་སོ། །ཡང་དེ་ལས། དགུང་ལོ་བདུན་ཅུ་བཞེས་པ་ལྕགས་ཕོ་ཁྱིའི་ལོ། སྐྱི་ཆུ་ལ་ལྕགས་ཟམ་བཙུགས་པས་དུས་དེ་ནས་མཉམ་མེད་སྤྲུལ་པའི་སྐུ་ལྕགས་ཟམ་པ་ཞེས་སྙན་པའི་གྲགས་པས་ཕྱོགས་ཀུན་ཁྱབ་པར་གྱུར་ཏོ། །ཞེས་གསལ་ལོ། །གྲུབ་ཆེན་ཁོང་གིས་བོད་ཀྱི་དབུས་གཙང་ཁམས་གསུམ་བཅས་ལ་འགྲོ་དོན་རྒྱ་ཆེར་མཛད་ནས་སྙན་པའི་གྲགས་པ་གངས་ཅན་ཡུལ་ལ་བཞག །དགུང་གྲངས་བརྒྱ་དང་ཉི་ཤུ་རྩ་ལྔ་འཚོ་ཞིང་བཞེས། རབ་བྱུང་བརྒྱད་པའི་ཤིང་མོ་སྦྲུལ་གྱི་ལོརམ་སྤྱི་ལོ1485གཙང་སྟོད་རི་བོ་ཆེར་དགོངས་པ་ཆོས་དབྱིངས་སུ་ཐིམ། སྤྱིར་གྲུབ་ཆེན་གྱི་འཁྲུངས་འདས་སྐོར་གྱི་ལོ་ཚིགས་ལ་བཤད་ཚུལ་མི་འདྲ་བ་ཁ་ཤས་ཡོད་ཀྱང་། སྐབས་འདིར་དུང་དཀར་ཚིག་མཛོད་དང་གཡུ་ཕྲེང་ལས། རབ་བྱུང་དྲུག་པའི་ལྕགས་མོ་གླང(1361)ལོར་སྐུ་བལྟམས། རབ་བྱུང་བརྒྱད་པའི་ཤིང་མོ་སྦྲུལ(1485)ལོར་གཙང་སྟོད་རི་བོ་ཆེར་སྐུ་གཤེགས་པ་གསུངས་པ་བཞིན་བརྗོད་ཡོད།

གཉིས་པ། སྡེ་དགེའི་ཐང་རྒྱལ་ལྷ་ཁང་གི་

གནས་ཡུལ་དང་བཞེངས་ཚུལ།

༼མདོ་ཁམས་ས་སྐྱོང་སྡེ་དགེ་ཆོས་རྒྱལ་ཆེན་པོའི་རྒྱལ་རབས་ཀྱི་ལོ་རྒྱུས་དངུལ་དཀར་མེ་ལོང་།༽ལས། སྨད་མདོ་ཁམས་སྒང་དྲུག་ཏུ་གྲགས་པའི་ཕྱི་མ། འབྲི་རྫ་ཟལ་མོ་སྒང་ཞེས་འབྲི་ཆུ་དང་། རྫ་ཆུ་གཉིས་ཀྱི་བར་དུ་སྡེ་དགེའི་རྒྱལ་ས་ལྟེ་བ་དཔལ་ལྡན་ལྷུན་གྲུབ་སྟེང་ཞེས་པར་ཆགས་ཡོད། ཅེས་གསུངས་ཡོད། དེང་སང་ལྟར་ན་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་དགེ་རྫོང་དགོན་ཆེན་གྲོང་རྡལ་གྱི་ཁོངས་སུ་ཆགས་ཡོད་ཅིང་ས་ཆ་དེ་ལ་ད་ལྟ་ཡང་སྲིབ་དགོན་ནང་ཟེར། ཆགས་ས་དེ་ནི་ས་གཤིས་ཁྱད་དུ་འཕགས་པ་ཞིག་ཡིན། ༼སྡེ་དགེ་རྒྱལ་རབས་རིན་ཆེན་ཕྲེང་མཛེས།༽ལས། གནའ་བོའི་ཡིག་ཚང་ལས། གཡས་རི་གཡུ་འབྲུག་འགྱིང་བ་འདྲ། །གཡོན་རི་སེངྒེ་འཕྱོང་བ་འདྲ། །རྒྱབ་རི་ཤེལ་གྱི་མཆོད་རྟེན་འདྲ། །མདུན་རི་གླང་ཆེན་འདུད་པ་འདྲ། །གཡུ་སེང་བར་ན་དགོན་པ་བཏབ། །ཞེས་གསུངས་པ་ལྟར་ཡུལ་གྱི་ཆགས་ཚུལ་ཕུན་སུམ་ཚོགས་པས་གཡུ་སེང་གཉིས་ཀྱི་བར་རམ་དངུལ་མདའི་སྲིབ་རིའི་ཁྲོད་དུ་གནས། ཡུལ་འདི་སྡེ་དགེ་ཞེས་པའི་མིང་མ་ཆགས་སྔོན་ལ་གླིང་ཚང་རྒྱལ་པོའི་ཁོངས་སུ་ཡིན་པས་མིང་ཡང་གླིང་ཞེས་འབོད། མགར་གྱི་གདུང་རྒྱུད་བདེ་ཆེན་བསོད་ནམས་བཟང་པོས་གླིང་ཚང་རྒྱལ་པོའི་གདུང་རབས་ང་གཉིས་པ་ལྕགས་ར་གླིང་དཔོན་བདག་དྲུང་གི་ནང་བློན་བྱས། དེ་ནས་ཡུལ་དེ་ལ་སྡེ་བཞིའི་འབྱོར་པ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་བ་དང་། དགེ་ལེགས་ཀྱི་མཚན་མ་གཞན་དག་ཀྱང་མངོན་དུ་བྱུང་བའི་རྟེན་འབྲེལ་བཟང་བ་དེ་རྒྱུ་མཚན་དུ་བྱས་ནས་བླ་ཆེན་འགྲོ་མགོན་འཕགས་པའི་ལུང་དོན་བཞིན་དེ་ལ་སྡེ་དགེ་ཞེས་པའི་མཚན་ཐོགས་སོ། དེ་ལ་སྲས་མོ་རབ་ཏུ་མཛེས་པ་ཞིག་ལྡན་པས་ལྕགས་ར་གླིང་དཔོན་གྱིས་དེའི་སྲས་མོ་ཁབ་ཏུ་བཞེས་ནས་དེའི་མོ་རིན་འཁོར་ལོ་མདོ་ནས་སྙན་མདའི་རྟེན་རྡོ་བར་གྱི་ཡུལ་སྡེ་བསྙད་མེད་སྟེར། བོ་ཐར་གྱི་བློ་གྲོས་ཀྱི་གོམ་སྟབས་ཆེན་པོ་གཅིག་གིས་ཟིལ་ཆུའི་རྒྱུད་ཀྱི་མི་སྡེ་ཐམས་ཅད་རང་དབང་དུ་ཐོབ། འཁོར་འབངས་ཐམས་ཅད་ཆོས་དང་མཐུན་པའི་འཕྲིན་ལས་ཀྱིས་བསྐྱངས་པས་ཀུན་གྱི་གཙུག་གི་ནོར་བུ་ལྟ་བུར་གྱུར། དེ་ལྟར་སྡེ་དགེ་རྒྱལ་པོའི་གདུང་རབས་སོ་དགུ་པ་བོ་ཐར་ནས་སྡེ་དགེའི་རྒྱལ་རབས་དང་པོ་དབུ་ཚུགས། སྟབས་ལེགས་པ་ཞིག་ལ་ཨུ་རྒྱན་གཉིས་པ་གྲུབ་ཐོབ་ཐང་སྟོང་རྒྱལ་པོ་སྡེ་དགེ་ལ་ཕེབས་པ་དང་སྐབས་འཁེལ། དེ་ཉིད་སྤྱན་དྲངས་ནས་མཆོད་ཡོན་ཟུང་དུ་འབྲེལ། མཚོ་དེ་ཡང་རྫུ་འཕྲུལ་གྱི་མཐུ་ཆེན་པོས་ལེགས་པར་བསུབས་ཏེ། བོད་རབ་བྱུང་བདུན་པའི་མེ་སྟག་ལོར་གཙུག་ལག་ཁང་གི་རྨང་གཞི་བཏིངས་པ་ནས་མགོ་བརྩམས་ཏེ་སྲིབ་ཀྱི་དགོན་སྡེ་བརྒྱ་དང་རྩ་བརྒྱད་བཞེངས་པའི་བདག་པོའི་རྐྱེན་སྦྱར་བ་ལ་སོགས་པ་ལེགས་བྱས་རྒྱ་ཆེན་པོ་བསྐྲུན་པ་དང་། གཙུག་ལག་ཁང་ལེགས་པར་གྲུབ་རྗེས་གྲུབ་ཆེན་དེ་ཉིད་ཀྱིས་དེར་དཔལ་མགོན་ཆེན་པོ་ཞལ་བཞི་པའི་ལྗགས་བསྙེན་མཛད་ཅིང་། དེའི་ཚེ་ཆོས་དང་སྲིད་པའི་དཔལ་འབྱོར་གྱི་སྒོ་འཕར་བྱེ་བ་བརྒྱ་སྟོང་དུས་གཅིག་ཏུ་ཕྱེས་བའི་རྟེན་འབྲེལ་ཐམས་ཅད་འབད་མེད་ལྷུན་གྱིས་གྲུབ་པས་དགོན་པའི་མིང་ལ་ལྷུན་གྲུབ་སྟེང་ཞེས་བྱ་བར་བཏགས་ཤིང་། བོ་ཐར་གྱི་མཚན་ལ་བཀྲ་ཤིས་སེང་གེར་གསོལ། གྲུབ་ཆེན་འདི་སྤྱིར་རྙིང་མའི་ཆོས་རྒྱུད་ཀྱི་ཁོངས་སུ་གཏོགས་ཀྱང་ངོར་ཆེན་རྡོ་རྗེ་འཆང་གི་སློབ་མ་ཡིན་པས་ཕྱིས་སུ་ངོར་པའི་འཕྲིན་ལས་ཀྱི་རྒྱུན་སྐྱོང་བའི་རྟེན་འབྲེལ་དུ་གྱུར་བས་ཆོས་རྒྱུད་ས་སྐྱ་པ་ཡིན་ནོ། །དེས་ཕྱིས་སུ་རྒྱལ་བསྟན་རིན་པོ་ཆེ་སྤྱི་དང་། ཁྱད་པར་དུ་དཔལ་ས་སྐྱ་པའི་རིང་ལུགས་དྲི་མ་མེད་པ་དར་ཞིང་རྒྱས་པར་གྱུར་བ་ལ་བཀའ་དྲིན་ཤིན་ཏུ་ཆེའོ། །

གསུམ་པ། སྐབས་དེའི་བོད་སྤྱིའི་སྲིད་ཀྱི་གནས་བབ། 

སྤྱིར་སྐབས་དེའི་བོད་ཡོངས་ཀྱི་སྲིད་དབང་གི་གནས་བབ་ནི་ས་སྐྱའི་སྲིད་དབང་མཇུག་རྫོགས་ནས་རབ་བྱུང་དྲུག་པའི་ཤིང་རྟ་སྤྱི་ལོ་1354ལོར། ཡོན་གོང་མ་ཐོ་གན་ཐེ་མུར་གྱིས་ཕག་གྲུ་ཁྲི་དཔོན་བྱང་ཆུབ་རྒྱལ་མཚན་ལ་ཏཱ་སི་ཏུ་སྟེ་གོང་མའི་ལས་རོགས་ཀྱི་གོ་གནས་དང་བོད་ཡོངས་ཀྱི་སྲིད་དབང་འཛིན་ཆོག་པའི་བཀའ་ཤོག་དང་དམ་ཁ་བཅས་གནང་། དེ་ནས་བཟུང་ཕག་གྲུའི་སྲིད་དབང་དངོས་སུ་བཙུགས། ཀྲུའུ་ཡོན་ཀྲང་གིས་ཡོན་གོང་མའི་སྲིད་དབང་མགོ་རྟིང་བསློགས་ནས་རབ་བྱུང་དྲུག་པའི་ས་སྤྲེལ་སྤྱི་ལོ་1368ལོར་ནན་ཅིང་རྒྱལ་ས་བྱས་ཏེ་མིང་རྒྱལ་རབས་དངོས་སུ་བཙུགས། རབ་བྱུང་དྲུག་པའི་ཆུ་བྱི་སྤྱི་ལོ་1372ལོར་མིང་གོང་མ་ཀྲུང་ཡོན་ཀྲང་གིས་ཕག་གྲུ་སྡེ་སྲིད་ཀྱི་སྲིད་རབས་གཉིས་པ་འཇམ་དབྱངས་ཤཱཀྱ་རྒྱལ་མཚན་ལ་ཏཱ་སི་ཏུ་དང་ཆང་གུའི་གུང་ཀྭ་དེན་གུ་ཤྲིའི་ལས་ཀ་དང་དམ་ཁ་གནང་ནས་བོད་ཡོངས་ཀྱི་སྲིད་དབང་སྐྱོང་བའི་བདག་དབང་སྤྲད། སྤྱིར་སྡེ་སྲིད་ཕག་མོ་གྲུ་པའི་སྲིད་འཛིན་རིམ་བྱོན་རྣམས་ཀྱི་དུས་སུ་བོད་ཀྱི་ཆོས་སྲིད་དང་རིག་གནས། དཔལ་འབྱོར་བཅས་ཀྱི་ཐད་ལ་འཕེལ་རྒྱས་ཆེན་པོ་བྱུང་བའི་དུས་ཤིག་ཡིན། མིང་རྒྱལ་རབས་ཀྱི་དུས་སྐབས་སུ་བོད་ལ་འཛིན་པའི་རྩ་བའི་སྲིད་ཇུས་ནི་ཡོན་རྒྱལ་རབས་ཀྱི་སྐབས་དང་མཚུངས་ཀྱང་། ཆོས་ལུགས་ཁག་ཅིག་ཁོ་ནའི་ཚབ་བྱེད་མི་སྣ་ལ་ཆོ་ལོ་སྤྲོད་པའི་བྱེད་ཐབས་དེ་བསྒྱུར་ནས་ཆོས་ལུགས་གྲུབ་མཐའ་ཚང་མའི་འགོ་བྱེད་མི་སྣ་ལ་ཆོ་ལོ་སྤྲོད་པ་དང་། ཞི་བའི་ཐབས་ལ་བརྟེན་ནས་སྲིད་སྐྱོང་བའི་སྲིད་ཇུས་གསར་པ་ལག་ལེན་བསྟར་བ་འདི་དག་གིས་བོད་རིགས་དང་རྒྱལ་རིགས་ཁག་བར་གྱི་མཛའ་བརྩེའི་འབྲེལ་བ་སྔར་ལས་གོང་འཕེལ་བྱུང་བ་རེད། བོ་ཐར་བཀྲ་ཤིས་སེང་གེས་སྡེ་དགེའི་སྲིད་དབང་བསྒྱུར་བའི་སྐབས་སུ་བོད་སྤྱིའི་སྲིད་དབང་ནི་ཕག་གྲུ་སྡེ་སྲིད་དྲུག་པ་དབང་གྲགས་པ་འབྱུང་གནས་ཀྱིས་སྲིད་སྐྱོང་བའི་དུས་ཡིན། ཁོང་ནི་དགུང་ལོ་བཅུ་དགུ་པ་སྤྱི་ལོ་1432རབ་བྱུང་བདུན་པའི་ཆུ་བྱི་ལོར་ཕག་གྲུ་སྡེ་སྲིད་ཀྱི་ཁྲི་ལ་ཕེབས་ཤིང་། དགུང་ལོ་ཉེར་དྲུག་སྤྱི་ལོ་1440རབ་བྱུང་བདུན་པའི་ལྕགས་སྤྲེལ་ལོར་ཏཱ་མིང་གོང་མ་ཀྲེང་ཐུང་གིས་དབང་གི་འཇའ་ས་གནང་ཞིང་། སྟག་ལོའི་སྡེ་གཟར་གྱི་གོ་སྐབས་དང་བསྟུན་ནས་བློན་པོའི་གྲས་ཡིན་པའི་རིན་སྤུངས་པ་ནོར་བུ་བཟང་པོས་གཞིས་ཀ་བསམ་གྲུབ་རྩེ་སོགས་གཙང་ཁུལ་གྱི་རྫོང་གཞིས་འགའ་ཞིག་བླངས་པ་དེ་ནས་ཕག་མོ་གྲུབ་པའི་སྲིད་དབང་ཉམས་པའི་འགོ་ཚུགས་པའི་དུས་སྐབས་ཤིག་ཡིན། སྡེ་སྲིད་ཁོང་ནི་དགུང་ལོ་སོ་གཉིས་པ་སྤྱི་ལོ་1445རབ་བྱུང་བདུན་པའི་ཤིང་གླང་ལོར་སྐུ་གཤེགས། དེ་ནས་སྡེ་སྲིད་བདུན་པ་དབང་ཀུན་དགའ་ལེགས་པས་སྤྱི་ལོ་1448-1481བར་སྲིད་བསྐྱངས། བོད་རབ་བྱུང་བདུན་པའི་མེ་སྟག་སྤྱི་ལོ1446ལོ་གྲུབ་ཆེན་ཉིད་དགུང་ལོ་གྱ་དྲུག་ཕེབས་པའི་སྐབས་སུ་ད་ལྟའི་སྡེ་དགེ་ཐང་རྒྱལ་ལྷ་ཁང་བཞེངས་པ་ཡིན། སྐབས་དེའི་སྡེ་དགེའི་ཆོས་སྲིད་གཉིས་ཀ་རྨང་གཞི་བཏིང་བའི་དུས་ཡིན། ཕྱིས་བླ་ཆེན་བྱམས་པ་ཕུན་ཚོགས་ཀྱི་དུས་སུ་སྡེ་དགེའི་ཆོས་སྲིད་དར་ཞིང་རྒྱས་པས་སྡེ་དགེ་རྒྱལ་པོ་ཞེས་པའི་མཚན་སྙན་བོད་ཆེན་པོའི་ལྗོངས་སུ་གྲགས།

བཞི་པ། ཐང་རྒྱལ་ལྷ་ཁང་གི་རྟེན་གཙོ་བོ་དང་

ཉམས་གསོ་བྱེད་ཚུལ།

མེ་རྟ་སྤྱི་ལོ་1966ལོ་ཟླ་བ་5པ་ནས་1967ལོར་ཕྱོགས་གཞན་དང་མཚུངས་པ་པར་ཁང་ཆོས་མཛོད་ཆེན་མོ་རྟེན་དང་བརྟེན་པ། ཐང་རྒྱལ་ལྷ་ཁང་གི་ལྡེབས་བྲིས་དང་མཛེས་ཕུ་ལྷ་ཁང་གི་ལྡེབས་བྲིས་ཙམ་མ་གཏོགས་གཞན་ལྷ་ཁང་བསམ་གྲུབ་མཐོང་གྲོལ་ཆེན་མོ་དང་ཐུབ་པའི་སྐུ་རྒྱབ་ལུང་མ་གཙོས་པའི་རྟེན་དང་བརྟེན་པ་བཅས་རིན་བྲལ་གྱི་རིག་དངོས་དུ་མ་གཏོར་བཤིག་དང་རྩ་བརླག་བཏང་། སྤྱི་ལོ་1978ལོའི་ཟླ་12པའི་ཚེས་18ནས་22བར་རྒྱལ་ས་ཕོ་བྲང་པེ་ཅིང་དུ་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་ཆོས་དད་རང་མོས་ཀྱི་སྒོ་ཡངས་པོར་གྱུར་པ་དང་ཏང་གི་བཀའ་དྲིན་འོག དགོན་ཆེན་ལྷུན་གྲུབ་སྟེང་གི་བསྟན་པ་སླར་ཡང་རྒྱས་པར་གྱུར།

མཁན་པོ་སྐལ་ལྡན་ཚེ་རིང་མཆོག་གིས་བརྩམས་པའི་༼སྡེ་དགེ་དགོན་ཆེན་དགོན་པའི་ལོ་རྒྱུས༽ལས། དེའང་ལྕགས་སྤྲེལ་ལོའི་མཇུག་ནས་དགོན་པའི་ཆོས་སྒོ་ཕྱེས་ནས་ལྷ་ཁང་རྟེན་གསུམ་སོགས་ཉམས་གསོ་གསར་བསྐྲུན་གྱི་རིགས་ད་ལྟའི་བར་དུ་བྱུང་ཚུལ་ལ། གྲུབ་ཆེན་ཐང་སྟོང་རྒྱལ་པོ་མཆོག་གིས་ཕྱག་བཏབ་ཅིང་བྱིན་རླབས་ཀྱི་གཟི་བྱིན་རབ་ཏུ་འབར་བའི་ཐང་རྒྱལ་ལྷ་ཁང་ཕྱི་རྟེན་གྱང་ལོགས་ལྡེབས་བྲིས་དང་བཅས་པ་སྔར་གྱི་རྙིང་པ་མ་ཉམས་པར་གནས་ཤིང་ཕྱི་ནང་ཉམས་གསོ་ཅུང་ཟད་དང་འདག་སྐུ་གསར་བཞེངས་བཅས་བསྐྱར་གསོ་བྱས་པ་ཡིན་ལ། ལྷ་ཁང་འདི་ནི་མཚོ་སྟེང་དུ་ཆགས་ཡོད་ཅིང་། ད་ལྟར་ཡང་ལྷ་ཁང་གི་མདུན་ཟུར་གཡོན་པར་མཚོ་བསྲུབས་མཚམས་ཀྱི་བུ་ག་ལ་རྣ་བ་གཏད་པས་ཆུ་སྒྲ་གྲགས་པ་ཡོད། བད་ཀན་གཙོ་བོའི་ནད་རིགས་ཅན་གྱིས་ལྷ་ཁང་འདི་བསྐོར་བར་བྱས་པས་ནད་ལས་གྲོལ་བ་མངོན་སུམ་དུ་མཐོང་ཞིང་། དུས་རྒྱུན་བསྐོར་མཁན་ཤིན་ཏུ་མང་ལ། བསྐོར་ཚད་གཅིག་ལ་ཁྲི་གཅིག་སྟོང་གཅིག་གཅིག་བརྒྱ་བཅུ་གཅིག་ཡིན་འདུག །ལྷ་ཁང་སྒོ་ཁུག་དང་བཅས་ཤིང་ལྷ་ཁང་དངོས་ལ་ཀ་བ་བཞི་ཡོད། རྩེ་མོར་གསེར་ཟངས་ལས་གྲུབ་པའི་ཏོག་དང་། མདུན་རྒྱབ་ཏུ་རྒྱལ་མཚན་གྱིས་མཛེས་པ། དྲིལ་བུ་གཡེར་ཀའི་ཕྲེང་བ་དང་བཅས་པ། ནང་ལོགས་སུ་དབུས་ལ་སྟོན་པ་གཙོ་འཁོར་གསུམ་དང་། མཐར་བསྐོར་དུ་གནས་བརྟན་བཅུ་དྲུག །གཙོ་བོའི་གཡས་སུ་ཚེ་དཔག་མེད། གཡོན་དུ་རྣམ་སྣང་ལོངས་སྐུའི་ཆས་ཅན། ལྷ་ཁང་གི་གཡས་ཕུག་ནས་སྒོའི་བར་རིམ་པར་མི་བསྐྱོད་པ། སྣང་བ་མཐའ་ཡས། སོག་དམག་གི་སྐབས་ཐོད་ཁྲག་འཕྱུར་མྱོང་བར་གྲགས་པའི་བྱིན་ལྡན་གྱི་མགོན་པོ་སོགས་ཆོས་སྲུང་སྐོར་མང་པོའི་བྲིས་སྐུ་བཞུགས། གཡོན་ཕུག་ནས་སྒོའི་བར་རིམ་པར་རིན་འབྱུང་། དོན་གྲུབ། ཕུར་པ། རྣམ་སྲས་རྣམས་དང་། གཡས་སུ་ཐང་རྒྱལ་ང་འདྲ་མ་དང་། གཡོན་དུ་ཐང་རྒྱལ་སྐུ་གཞན་ཞིག་དང་། བར་ཐམས་ཅད་དུ་རྒྱལ་བ་རིགས་ལྔའི་སྐུ་མང་པོ་བཞུགས། རྒྱ་མཐོང་ཁར་དབུས་སུ་ཚེ་དཔག་མེད། གཡས་སུ་སློབ་དཔོན་པདྨ། གཡོན་དུ་ཐང་རྒྱལ་དང་གསུམ་གཙོ་བོར་བྱས་པ། མཁྱེན་བརྩེ་དབང་པོའི་སྐུ་ཞིག་དང་ཐུབ་སྐུ་མང་པོ་བཞུགས། འབུར་སྐུ་ལ་དབུས་སུ་ཐང་སྟོང་རྒྱལ་པོ། གཡས་སུ་སྟོན་པ་ཤཱཀྱ་ཐུབ་པ། གཡོན་དུ་སངས་རྒྱས་ཀླུ་དབང་རྒྱལ་པོ་དང་། སེངྒེ་སྒྲ། སྒྲོལ་མ་རྣམས་ཀྱི་འདག་སྐུ་བྱོན་ལེགས་པ་གཟུངས་གཞུག་རབ་གནས་སོགས་ཕུན་སུམ་ཚོགས་པ་ཅན་བཞུགས། གསུང་རྟེན་བཀའ་འགྱུར་སོགས་མང་པོ་མཆིས། ཞེས་གསུངས་པ་ལྟར་རིག་གསར་སྐབས་ཐང་རྒྱལ་ལྷ་ཁང་གི་ལྡེབས་རིས་ལ་གཏོར་བཤིག་ཐེབས་མེད་པ་སྔར་བཞིན་གནས་ཀྱང་འདག་སྐུ་ལ་གཏོར་བཤིག་ཐེབས་ཚུལ་དམངས་ཁྲོད་དུ་བཤད་སྲོལ་ཡོད། རིག་གསར་སྐབས་གཏོར་བཤིག་ཐེབས་པའི་ཐང་རྒྱལ་གྱི་འདག་སྐུ་ཉིད་ཕྱིས་སུ་ཏང་གི་བཀའ་དྲིན་འོག་སྤྱི་ལོ་1978ལོའི་ཀྲུང་དབྱང་གིས་ཆོས་དད་རང་མོས་ཀྱི་ཆབ་སྲིད་ཁྱབ་བསྒྲགས་བྱས་པ་དང་བསྟུན་ནས་ཐང་རྒྱལ་འདག་སྐུ་གསར་བཞེངས་བྱེད། རིག་གསར་སྐབས་གཏོར་བཤིག་བཏང་བའི་འདག་སྐུའི་དབུ་ཉིད་སྡེ་དགེའི་རྒན་འཁོགས་བུ་གཉེན་ཞེས་པས་ཉམས་གསོའི་སྐབས་དང་བསྟུན་ནས་དགོན་པར་ཕུལ། ཐང་རྒྱལ་ལྷ་ཁང་ལ་ད་ལྟར་དངོས་སུ་མཇལ་རྒྱུ་ཡོད། གཞན་ཡང་ཐང་རྒྱལ་ལྷ་ཁང་གི་ལྡེབས་རིས་སྨན་ལུགས་ཡིན་ཚུལ་དེ་ནི་༼ བོད་ཀྱི་ལོ་རྒྱུས་པདྨ་རཱ་གའི་ལྡེ་མིག ༽ལས། བཀྲ་ཤིས་ལྷུན་པོའི་ལྡེབས་བྲིས་ཐེངས་རྗེས་མའི་སྐབས་སུ་སྨན་ཐང་པ་གདན་དྲངས་ཀྱང་ཐང་སྟོང་རྒྱལ་པོས་མདོ་ཁམས་སུ་གདན་དྲངས་སྟབས་བཀོད་པ་ཇི་བཞིན་མ་འགྲུབ། ཅེས་གསལ། དུས་དེར་ཁོང་ཕལ་ཆེར་སྡེ་དགེར་ཕེབས་ནས་ལོགས་རིས་གནང་གི་ཡོད་པར་ངེས་ཏེ། ད་ལྟ་སྡེ་དགེ་རྫོང་ནང་དུ་ཡོད་པའི་ཐང་རྒྱལ་ལྷ་ཁང་ཞེས་པའི་ལྷ་ཁང་ཆུང་ངུ་དེའི་ནང་གི་ལོགས་རིས་རྣམས་སྨན་བླ་དོན་གྲུབ་མཆོག་གི་ཕྱག་བྲིས་དངོས་ཡིན་ཞེས་མཁས་དབང་ཐང་བླ་ཚེ་དབང་གི་ཞལ་དངོས་ལས་ཐོས། ཞེས་གསུངས་པ་ལྟར་རོ། །སྨན་ལུགས་དེ་ཡང་སྡེ་སྲིད་ཕག་མོ་གྲུབ་པའི་སྲིད་འཛིན་རིམ་བྱོན་རྣམས་ཀྱི་དུས་སུ་བྱུང་བའི་ལུགས་ཤིག་ཡིན། དེ་ནི་དུས་རབས་བཅོ་ལྔ་པའི་དུས་འགོར་ལྷོ་བྲག་སྨན་ཐང་ཡུལ་ནས་ཡིན་པའི་སྨན་བླ་དོན་གྲུབ་ཀྱི་སྲོལ་གཏོད་གནང་། ། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1