བོད་ལུགས་གསོ་རིག་ལས་ལུམས་བཅོས་ཀྱི་སྔོན་འགྲོ་དང་རྗེས་བཅད་སྐོར་ལ་རགས་ཙམ་གླེང་བ།

ཤེས་རབ་གྲགས་པ། བློ་བཟང་ཀུན་སྤྱོད། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-18


གཅིག །རང་ལུགས་ཀྱི་བདུད་རྩི་ལྔ་ལུམས་ཀྱི་སྐོར།

དེ་ཡང་བོད་ཀྱི་གསོ་བ་རིག་པའི་གཞུང་ལ་གསོ་ཡུལ་ནད་ལ་བཞི་བརྒྱ་རྩ་བཞི་དང་གསོ་ཐབས་ལག་ལེན་སུམ་བརྒྱ་དྲུག་ཅུ། གསོ་བྱེད་གཉེན་པོ་སྟོང་དང་རྩ་གཉིས་སོགས་གསོ་བྱ་གསོ་ཐབས་གསོ་བྱེད་ཀྱི་རྣམ་བཞག་ཆ་ཚང་བའི་གཞུང་ལུགས་ཕུན་སུམ་ཚོགས་པ་ཞིག་ཡོད་པ་དེའི་ནང་ནས་གསོ་བྱེད་གཉེན་པོ་སྟོང་དང་རྩ་གཉིས་ལས་དཔྱད་མཆོག་ལུམས་བཅོས་ཀྱི་ངོ་བོ་དང་བྱུང་བ། སྨན་ནུས་སོགས་ཐད་ནས་ཟུར་ཙམ་བརྗོད་པ་ན།

1.ལུམས་ཀྱི་ངོ་བོ་དང་ངེས་ཚིག གཡུ་ཐོག་དགོངས་རྒྱན་ལས། སྨན་གྱི་བྱེད་ལས་ལ་བལྟོས་ནས་བཏགས་པའི་རྩ་རྒྱུས་རེངས་འཁུམས་རྣམས་བསྲང་བར་བྱེད་པའི་དཔྱད་ཀྱི་མིང་སྟེ། དཔལ་སྤུངས་དབོན་ཀརྨ་བསྟན་འཛིན་འཕྲིན་ལས་རབ་རྒྱས་ཀྱིས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ་ལས། ལུམས་ནི་རླན་པའི་དོན་ནོ། དེས་རྩ་རྒྱུས་གྱོང་བོ་རྣམས་རླན་ཕབས་ཤིང་མཉེན་པར་བྱེད་ནུས་པས་སོ། དེ་ནི་བྱེད་ལས་ཀྱི་སྒོ་ནས་བཏགས་པའི་མིང་ངོ་། ཞེས་གསུངས་པ་ལྟར། སྨན་གྱི་ནུས་པར་བརྟེན་ནས་རྩ་རྒྱུས་རེངས་འཁུམས་སོགས་ལ་བརླན་ཕབ་སྟེ་མཉེན་པར་བྱེད་པའི་དོན་དང་དེ་ནི་སྨན་སྣ་བདུད་རྩི་ལྔ་བོ་དང་འབྲུ་སྟེ་ནས་ནག་བཙོས་ནས་ཆང་ཕབས་སྦྱར་ཏེ་ལངས་པའི་ཁུ་བ་དང། སྨན་རྫས་བསྐོལ་བའི་རླངས་པའི་ནང་དུ་ལུས་དང་རྐང་ལག དབང་པོ་དག་རླངས་པར་བརྟེན་ནས་ནད་གཞི་བཅོས་པར་བྱེད་པའི་དམིགས་བསལ་ཁྱད་ཆོས་ལྡན་པའི་བྱ་ཐབས་ཤིག་ཡིན་པ་དང་། གསོ་རིག་ཚིག་མཛོད་ཡོངས་འདུའི་དགའ་ཚལ་ལས། སྤྱིར་ལུམས་ནི་བརླན་པའི་དོན་ཏེ། རྩ་བའི་ཐོག་ཆུ་ལུམས་དང་བཅིངས་ལུམས་གཉིས་ཡོད། དེས་རྩ་རྒྱུས་གྱོང་པོ་རྣམས་རླན་ཕབས་ཤིང་མཉེན་པར་བྱེད་པའི་ནུས་པ་ལྡན་པའོ། 

2.བདུད་རྩི་ལྔ་ལུམས་ཀྱི་སྨན་རྒྱུ་ལྔའི་ཕན་ཡོན་བསྟན་པ། བདུད་རྩི་རྣམ་པ་ལྔ་སྟེ། མཚེ་ལྡུམ་དང། མཁན་སྐྱ། ཆུ་ཤིང་འོམ་བུ། བ་ལུ། ཤུག་ཚེར་བཅས་ཡིན་པ། རྒྱུད་བཞིའི་བཤད་རྒྱུད་ཀྱི་ལེའུ་ཉི་ཤུ་ནུས་པ་རྐྱང་སེལ་ལས། ཤུག་པ་ཚེར་ཅན་མཁལ་ཚད་ལྷོག་པ་སེལ། །རེ་རལ་འོམ་བུས་ཤ་དུག་སྦྱར་དུག་སེལ། །མཚེ་ལྡུམ་རྩ་ཡི་ཁྲག་གཅོད་མཆིན་ཚད་སེལ། །བ་ལུས་བད་ཀན་ཚ་གྲང་འཐབ་པ་སེལ། །མཁན་པས་ཁྲག་གཅོད་ཡན་ལག་སྐྲངས་པ་འཇོམས། །ཡང་དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་ལག་ལེན་གཅེས་བསྡུས་ཀུན་གསལ་སྣང་མཛོད་ལས། གཉིས་པ་བསྡུས་དོན་བདུད་རྩི་ལྔ་ལུམས་ནི། ཆུ་ཚན་རིགས་ལྔ་སོ་སོར་མ་འཛོམས་ན། བ་ལུ་མི་ཡི་བདུད་རྩིས་ལྤགས་མཉེན་བྱེད། ཤུག་པ་ལྷ་ཡི་བདུད་རྩིས་ཡོན་ཏན་མང་། མཚེ་ལྡུམ་བཙན་གྱི་བདུད་རྩིས་ལུས་ཟུངས་བརྟས། འོམ་བུ་ཀླུ་ཡི་བདུད་རྩིས་རུས་དུག་འབྱིན། མཁན་སྐྱ་སྡེ་བརྒྱད་བདུད་རྩིས་འབྱུང་བ་སྙོམས། བཅས་པའི་སྨན་རྒྱུ་ལྔའི་རང་སྟེང་ནས་མངོན་པའི་ཕན་ནུས་དང་རོ་ནུས་ཞུ་རྗེས་སོགས་ཁ་གསལ་བོར་བཀོད་ཞིང་། དེ་དག་བདུད་རྩི་ལྔ་བོའི་སྨན་སྣ་དག་བུངས་སྙོམས་པོའི་སྡེབ་སྦྱོར་བྱས་པ་ལས་གྲུབ་པའི་སྨན་ལུམས་འདི་ལ་ནུས་པ་བསམ་གྱིས་མི་ཁྱབས་པ་མངོན་བཞིན་པ་ནི་དེང་གི་འཕྲུལ་གྱི་ཚན་རིག་སོགས་ཀྱིས་ཀྱང་རྒྱབ་བསྟེན་དང་བདེན་དཔང་ཐོབ་དང་ཐོབ་བཞིན་པ་ཀུན་པོའི་མངོན་གསལ་རེད།

གཉིས། ལུམས་ཀྱི་སྔོན་དུ་བསྟེན་པའི་ལས་སམ་སྔོན་འགྲོ།

ལས་གཞི་གང་དང་གང་འགོ་ཚུགས་པའི་སྐབས་སུ་ཆེས་བཟང་བའི་སྟ་གོན་ནི་སྦྱོར་དངོས་རྗེས་གསུམ་རེད་འདོད་དེ། སྔོན་མཇུག་གི་མགོ་སྔ་ཡོད་ན་ད་བཟོད་ལས་གཞི་ལེགས་འགྲུབ་ཡོང་བའི་ཆ་རྐྱེན་ལྡན་པ་སྟེ། སྔོན་དུ་འགྲོ་བའི་སྟ་གོན་ནམ་གྲ་སྒྲིག་དཔྱིས་ཕྱིན་པ་ཡོད་སྟབས་དངོས་སུ་ཞུགས་པའི་མཐུན་རྐྱེན་བསྐྲུན་པ་དང་ཞུགས་པར་ལེགས་པོར་འགྲུབ་པས་ཡོངས་ནས་མཇུག་བསྡུ་བ་ནི་ཆེས་རྩ་བའི་ཆ་རྐྱེན་དུ་གྱུར་ཡོད་པས་སྐབས་བབས་ཀྱི་གཏམ་ཡང་སྨན་ལུམས་དུ་མ་བསྟེན་པའི་སྔ་རོལ་དུ་འོས་པའི་གྲ་སྒྲིག་གང་དག་སྐོར་རག་ཙམ་གླེང་བར་བྱ་བ་ལ་ཡང་ནད་པའི་རང་ངོས་ཀྱི་སྟ་གོན་དང་སྨན་པའི་ངོས་ཀྱི་སྟ་གོན་ཀྱི་གོ་རིམ་གཉིས་ཀྱི་ངོས་ནས་རག་ཙམ་བཤད་པ་ལ། ནད་པའི་ངོས་ནས་དགོས་པའི་སྟ་གོན་ལ། གྲང་བའི་ནད་གཞི་གང་རུང་དུ་ཉེས་པ་རླུང་གིས་ལྡང་ཟླ་འགྱུར་བས་བསླངས་བ་མང་པ་དང་མན་ངག་རྒྱུད་ཀྱི་ཉེས་གསུམ་གསོ་བ་ལས་དེ་ལ་རླུང་ནི་ནད་ཀུན་འཁྲུག་པའི་རྒྱུ། སྣ་འདྲེན་མཇུག་སྡུད་འཐོར་དང་ཁྱབ་པར་བྱེད། རང་རྒྱུད་གདུག་ཅིང་ནད་མང་རྩུབ་པའི་ཕྱིར། ཅེས་པ་དང་རླུང་གི་རང་བཞིན་ལས་ཡང་ཞིང་རྩུབ་པ་ཡིན་སྟབས་རླུང་ནད་གཙོ་བོར་འཛིན་པ་གལ། སྟ་གོན་ལ། 1གསོ་བྱ་རང་ངོས་ནས་རྟོགས་དགོས་པ་ནི་བྱིས་པ་དང་སྦྲུམ་མ། ཟུངས་ཟད། ར་རོ་བ། ཚ་བ་ཁྲག་མཁྲིས་གི་ནད་གཞི་ཅན་གྱི་མི། ཁྲག་ཤེད་དྲག་པོ་མཐོ་བའི་མི། ཟླ་མཚན་དུས་དང་བརྡབས་སྐྱོན་སོགས་ཀྱིས་རྨ་དང་སྐྲངས་པ་ཅན་གྱི་མིས་དུས་རྟག་པར་གཟབ་པར་བྱའོ། 2རང་གི་ལུས་ཀྱི་དྲི་མ་སྟེ་བཤང་བ་དང་གཅིན་སོགས་སྔོན་དུ་ཕྱིར་འདོན་པ་སྟེ། ལུམས་ཀྱི་དྲོས་པས་གཅིན་ཁ་དང་རྩ་ཁ་སྙི་བོར་འགྱུར་ནས་ཕྱིར་ཤོར་བ་ལ་སྔོན་འགོག་བྱེད་པ། 3ལྟོ་འགྲངས་ཆེས་པ་སྟེ་ཟོས་མ་ཐག་པ་དང་རྩ་སྟོང་ངམ་ལྟོ་སྟོང་དུ་རང་བྱུང་ཆུ་ཚན་དང་སྨན་གྱི་ལུམས་དུ་མི་རུང་སྟེ། ལུས་ཀྱི་དྲོད་ཚད་བརྟས་སྟབས་སྙིང་གི་འཕར་གྲངས་ཚད་ལས་བརྒལ་བ་རྐྱེན་དུ་གྱུར་ནས་ཁྲག་གི་འཁོར་བསྐྱོད་སྐྱེན་པས་ཁྲག་ཤེད་མཐོ་བ་དང་སྙིང་གཡུག་པ། ལུས་འདར་བ་སོགས་ཀྱི་སྣང་ཚུལ་འབྱུང་སླ་བ་ཡིན། དེའི་ཕྱིར་ཟོས་རྗེས་ཀྱི་སྐར་30ནས་དུས་ཚོད་1ཙམ་ཟིན་པས་བསྟེན་ན་མཆོག །ལུམས་བསྟེན་པའི་སྔ་རོལ་དུ་ཆུ་དྲོན་200mlབཏུང་བ་ན་ལུས་ཀྱི་དྲོད་བསྐྱེད་པ་ལ་ཕན་ནུས་འདོན་ཐུབ་པས་སྨན་ལུམས་དུ་བསྟེན་སྐབས་ཕྱི་ནང་གི་དྲོ་གྲང་མཐུན་པ་ལ་ཕན་པ་ངེས་ཅན་སྐྱེད་ནུས། མ་ཟད་ལུམས་བསྟེན་པའི་གོ་རིམ་ཁྲོད་དུ་ལུས་ཀྱི་རྔུལ་ཆུ་དྲག་པོར་བཞུར་བས་ལུས་ནང་གི་ཆུ་ཡི་གྲུབ་ཆ་མཁོ་འདོན་བྱེད་ནུས། དེས་རྐྱེན་ཆུ་ཚན་ནི་ལུམས་དང་རང་བྱུང་ཆུ་ཚན་གང་དུ་ཞུགས་ཀྱང་སྔོན་དུ་བཏུང་བ་ཙམ་གྱིས་མ་ཚད་བསྟེན་པའི་གོ་རིམ་ཁྲོད་དུ་ཀྱང་དགོས་པའི་ཆ་རྐྱེན་ཞིག་ཡིན། བསྟེན་ཟིན་པའི་རྗེས་ལུམས་སྣོད་ལས་དལ་གྱིས་ལངས་པ་དང་སྐར་10-15ཙམ་དུ་མལ་གསོ་བྱེད་པ་ལས་ལུམས་སྣོད་ལས་ཐད་ཀར་ལངས་པས་ཁྲག་གི་འཁོར་བསྐྱོད་ཚུལ་བཞིན་མི་ནུས་པས་མགོ་ཡུར་འཁོར་བ་དང་འབོག་བརྒྱལ་གྱི་ཉེན་ཁ་དྲག་པོ་ཡོད་པ་དང་། ལངས་མ་ཐག་ཕྱི་རོལ་དུ་ཕྱིན་པས་ཕྱི་ནང་གི་ཁོར་ཡུག་ལ་དྲོ་གྲང་མི་སྙོམས་པས་ཆམ་རིམས་སོགས་བླ་གཉན་གྱི་ནད་གཞི་ལྡང་བ་ལ་གཟབ་པ་དགོས། སྨན་པའི་ངོས་ཀྱི་སྟ་གོན་ལ། གསོ་བྱ་སོ་སོའི་ནད་ཀྱི་རྒྱུ་རྐྱེན་དང་ནད་གཞི་ངོས་འཛིན་ཐད་ནས་མ་འཁྲུལ་བ་ཡང་དག་པ་ཤེས་དགོས་པ་ཤིན་ཏུ་གལ་སྟེ་མུན་པ་མདའ་འཕེན་དུ་མི་འགྱུར་བའི་ཕྱིར། ལུམས་སྣོད་གཙོས་པའི་ལུམས་བསྟེན་པའི་ཁང་མིག་དང་འབྲེལ་ཡོད་ཀྱི་ཅ་དངོས་དག་ལ་རྒྱལ་ཁབ་དང་སྨན་ཁང་སོ་སོའི་ཚད་ལྡན་ལུགས་མཐུན་གྱི་རྩ་དོན་ལྟར་དུག་སེལ་ལེགས་པར་བྱ་དགོས་པར་སེམས་སྟེ་དུག་སེལ་དཔྱིས་ཕྱིན་པ་མ་བྱས་ན་ནད་པ་སོ་སོའི་ནད་གཞི་ཕན་ཚུན་བར་འགོ་རིམས་དུ་འགྱུར་ཤས་ཆེ་སྟེ་ཉེ་ཆར་གདོང་དང་ལུས་སོགས་སུ་རྗས་རིགས་འདྲ་མིན་བསྟེན་པ་ལས་བྱུང་བའི་པགས་ནད་ཤ་བཀྲ་དང་གླང་ཤུ་སོགས་ཀྱི་ནད་པ་མང་བས་འགོ་བར་གཟབ་པར་གལ། ལུམས་བཅོས་སྨན་པས་ནད་པ་ལ་ཉིན་བཞིན་གྱི་ཁྲག་ཤེད་དང་ཚ་ཚད། དབུགས་ཀྱི་འབྱིན་རྔུབ། སྙིང་གི་འཕར་གྲངས་སོགས་ལ་བརྟག་པ་དང་ངག་གི་དྲི་བ་སྟེ་ལྟོ་སྟོང་དང་འགྲངས་རྗེས། སྔོན་དུ་ལུམས་དུ་བསྟེན་མྱོང་མིན། ཆམ་རིམས། ར་རོ། ག་ཆད་ངུས་པ་དང་མྱ་ངན་གྱི་སེམས་ལས་སོགས་ཡིན་མིན་དང་ཡོད་མེད་བཅས་ཞིབ་དཔྱད་རྒྱས་པར་བྱས་རྗེས་ད་བཟོད་སྨན་ལུམས་དུ་རུང་མིན་ཐག་གཅོད་པ། ལུམས་བསྟེན་པའི་སྔོན་དུ་གཏོང་དགོས་པ་འགའ་ཞིག་ཕྱེས་པ་ན། རུས་བཅུད་གསུམ་གྱི་ཁུ་བའམ་རུས་པ་སྣ་ཚོགས་གདུས་པའི་ཁུ་བར་སྤོད་སྒ་དང་ཤིང་ཀུན། ཁ་རུ་ཚྭ། སྒོག་སྐྱ་བཏབ་སྟེ་བཏང་བས་རླུང་ནད་གཙོས་པའི་གྲང་བའི་ནད་རིགས་ཀུན་ལ་ཕན་པ་དང་། སྨན་ཆང་སྟེ་ལྕ་བ་ར་མཉེ་ཟན་རྣམས་ལས་བྱས་པའི་ཆང་ལ་གྲོ་ཆང་གིས་བསིངས་ན་རླུང་ནད་སྤྱི་དང་བད་རླུང་དང་མཁལ་རྐེད་སྨད་ཀྱི་རླུང་ལ་ནས་ཆང་གིས་བསིངས་པ། ཡང་ན་བུར་ཆང་དང་། གྲང་རླུང་སེལ་བྱེད་ལ་ལུག་གམ་འབྲིའི་མར་གྱི་ཆང་དང་རུས་ཁུ་བསྟེན་པ། མལ་འགྲམས་དང་མཁལ་རླུང་ལ་གཟེ་བའི་ཆང་བསྟེན། རུས་གྲུམ་མམ་རུས་རླུང་ལ་ཐོང་ཚེར་གྱི་རུས་པ་ལས་བྱས་པའི་ཆང་བཅས་གཏོང་བར་མཛད་དོ། །

གསུམ། ལུམས་བསྟེན་པའི་ཕྱི་རྗེས་བཅད་པ།

དེ་ཡང་སྨན་ལུམས་དུ་བསྟན་རྗེས་ཀྱི་གཟབ་བྱ་ལ་དོ་སྣང་ཧ་ཅང་གལ་ཏེ། ལུམས་བསྟེན་པའི་སྐབས་སུ་ལུས་ཀྱི་དྲོད་ཚད་རྒྱས་པས་ལུས་ནང་གི་གྲང་བའི་ཆ་ཤས་དང་། མི་གཙང་བའི་གྲུབ་ཆ་རྔུལ་ཆུ། ལུས་ནང་དུ་གནས་པའི་ཆུ་ཡི་གྲུབ་ཆ་དུ་མ་ཞིག་བ་སྤུའི་ཁུང་བུ་བརྒྱུད་ཕྱིར་འདོན་སྲིད་པས། སྐབས་དེར་ཐང་ཆད་པ་དང་སྙིང་གི་འཕར་གྲངས་མགྱོགས་པ། ལུས་ཀྱི་སྟོབས་ཞན་པའི་གསོ་བྱ་ལ་མགོ་ན་ལ་ཞེ་མེར་ལངས་པའི་སྣང་ཚུལ་སོགས་འབྱུང་བའི་སྣང་ཚུལ་དུ་མ་ཡོད། དེའི་རྐྱེན་ལུམས་སྣོད་ལས་དལ་གྱིས་ལངས་ནས་ལུམས་བྱེད་པའི་ཁང་མིག་གི་མལ་གསོའི་གནས་སུ་སྐར་10-15ངེས་པར་མལ་ལེན་པ་དང་། རྩམ་ཁུ་དང་ཤ་གསར་བའི་ཁུ་བ། དེ་མ་འཛོམས་ན་སྦྲང་ནག་དང་སྦྲང་རྩིའི་ཆུ་དྲོ་འཇམ་བཅས་བསྟེན་ནས་ལུས་ཀྱི་ཆུ་ཡི་གྲུབ་ཆ་འདོན་བསྲིངས་བྱེད་པ། དེ་ནས་རིམ་གྱིས་འདོན་བཞིའི་སྦྱོར་བ་སྟེ་སྨན་ཁུ་བཏུང་བ་སོགས་བྱེད་པ་དང་། སྔོན་ལུགས་ལྟར་བསྟེན་ན་མར་རྙིང་གི་ཁུ་བས་ལུས་བྱིངས་བསྐུ་བས་བ་སྤུའི་བུ་གའི་སྒོ་འདོན་པས་ཕྱི་ཡི་བསེར་བུ་ལུས་ནང་འགྲོ་བ་འགོག་པས་ཕན་ནུས་རྒྱ་ཆེར་ལྡན་པ་ཐེ་ཚོམ་མེད། ཡིན་ཡང་དེང་གི་དུས་འདིར་མར་གྱིས་ལུས་ཡོངས་བསྐུ་བྱུག་བསྟེན་པ་ན་གསོ་བྱའི་ཀྱང་མོས་མཐུན་ཡོད་མེད་སྣ་ཚོགས་མཆིས་པས་གང་མཚམས་ཀྱི་གསོ་བཅོས་མཛད་པ། དེང་གི་ལུགས་སུ་སྨན་ལུམས་བསྟེན་པའི་རྗེས་བཅད་ཆེས་མཆོག་གྱུར་ཡང་ཧོར་གྱི་མེ་བཙས་རླུང་གསང་སྟེ་སྤྱི་གཙུག་དང་མཚོག་གསང་། སྡུད་སྒོ་ཁ་གསུམ། ལྟག་ཟུར་སྤུ་འཁྱིལ། ཨན་སྟོང་དང་པོ་དྲུག་པ། བདུན་པ། རྐང་ལག་གི་མཐིལ་བཞི་སོགས་གཙོས་ནས་ཆེས་མ་མཐའི་གསང་དམིགས་རེ་ལ་སྐར་1-3བར་དུ་བསྟེན་པས་ཕན་འབྲས་ཆེ་བ་ཕན་པ་མྱོང་གྲུབ་ཡིན། གོང་གི་རླུང་གསང་གཙོས་ནས་ནད་གཞི་གཞན་དང་བསྡོངས་ན་དེ་དག་གི་གསང་དང་ན་དམིགས་སུའང་འཇོག་ཆོག །ནད་གཞི་གང་ཞིག་གསོ་བཅོས་མཛད་པའི་གོ་རིམ་ཁྲོད་དུ་སྔོན་གྱི་སྟ་གོན་དང་དངོས་ཞུགས་ཀྱི་ཆ་རྐྱེན། རྗེས་ཀྱི་མཇུག་བསྡུ་བའི་གོ་རིམ་འདི་ཧ་ཅང་གལ་ཆེར་འཛིན་དགོས་ཤིང་དེ་ལུགས་ཀྱིས་གསོ་བཅོས་བྱས་པ་ན་ད་བཟོད་ནད་གཞི་ལ་མངོན་གསལ་གྱིས་ཕན་སྐྱེད་ལྡན་ནུས་པས་སོ། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1