གཙོ་ངོས།>> པར་སྐྲུན།>>ཁ་བཏགས་དཀར་པོ།

འབྲུག་རྒྱལ་མཁར། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༩ཚེས་༡༨ཉིན།

ཐེ་ཀོར་གྱི་སྙན་ངག༼ ཀི་ཐཱན་ཀྱཱ་ལི ༽བོད་འགྱུར་མ་གསུམ་གྱི་བསྡུར་དཔྱད།

དང་པོ། མཚན་བྱང་དང་དཀར་ཆག་གི་བསྡུར་བ།

དེ་ཡང་མཚན་བྱང་ནི་བརྩམས་ཆོས་གང་ཞིག་ལ་འཇུག་པའི་སྒོ་ལྟ་བུ་སྟེ། བརྩམས་ཆོས་ཀྱི་མཚན་བྱང་ལས་ཀློག་པ་པོས་བརྩམས་ཆོས་ཧྲིལ་བོའི་དོན་གྱི་གནད་པོ་རྟོགས་ཐུབ། དེ་བས་མཚན་བྱང་བསྒྱུར་བ་ནི་ལོ་ཙཱ་བའི་ཆེས་དཀའ་ཁག་ཆེ་བའི་གནད་དུ་ཟད། འགྱུར་འདི་གསུམ་ལས་ཁོ་བོར་མཚོན་ན་ཆེས་འགྱུར་ལེགས་པ་ནི་འགྱུར་ག་བ་སྟེ༼ གླུ་ཐལ་སྦྱར་མ།༽ཞེས་པ་འདི་ཡིན། རྒྱུ་མཚན་ནི་ འགྱུར་ཀ་བ་ནི་ཐད་སྒྱུར་ཡིན་མོད་དོན་གནད་དུ་ཁེལ་མི་འདུག་སྟེ། མ་ཡིག་ཚིག་ངོས་ཀྱི་དོན་ཀྱང་གླུ་ཡི་མཆོད་པའམ་དབྱངས་ཀྱི་མཆོད་པ་ཡིན་པ་ལས་སྙན་ངག་ཏུ་བྱས་ན་ཁྱབ་ཇེ་ཆུང་དུ་གྱུར་བས་བསྟན་དོན་ཇི་བཞིན་བྱུང་མི་འདུག སྒྲ་རང་སོར་བཞག་པའི་འགྱུར་ཁ་བ༼ གྷི་ཐན་ཀཱ་ལི།༽ལྟ་བུར་མཚོན་ན་བོད་ཡིག་གི་ཀློག་པ་པོས་འགྱུར་གྱི་མཚན་བྱང་མཐོང་དུས་དོན་ལ་གོ་བ་ལེན་རྒྱུ་མེད་པ་ལྟ་བུར་སྣང་སྟེ། གྷི་ཐན་ཀཱ་ལི་ནི་མིའི་མིང་ངམ་ཡུལ་གྱི་མིང་སོགས་མིན་པར་བསྟན་དོན་གསལ་པོར་བོད་ལ་སྒྱུར་དུ་ཡོད་པས། མཚན་བྱང་འདི་ལྟ་བུར་མཚོན་ན་འགྱུར་་ག་བ་ལྟར་དོན་སྒྱུར་གྱི་ཐབས་སྤྱད་ན་འགྲིག དེ་ཡང་འགྱུར་ག་བས་རྩོམ་པ་པོའི་མིང་ཡང་དོན་སྒྱུར་གྱིས་ཇོ་བོ་ཉི་དབང་མགོན་པོ་ཞེས་བསྒྱུར་འདུག ཁོ་བོས་བསམ་ན་མིའི་མིང་ནི་དོན་སྒྱུར་བྱས་ན་དགེ་མཚན་མི་འདུག་སྟེ། རྒྱུ་མཚན་ནི་མིའི་མིང་དོན་སྒྱུར་བྱས་པ་ཡིན་ན་ཀློག་པ་པོའི་སྣང་ངོར་མི་དེ་ནི་བོད་རང་གི་མི་ཞིག་ཡིན་པའི་འཁྲུལ་སྣང་སྟེར་སྲིད། རྒྱུ་མཚན་ནི་ཉི་དབང་མགོན་པོ་ཞེས་ཐོས་མ་ཐག་བོད་མི་ཞིག་སྣང་ངོར་འཆར་བ་ལས་རྒྱ་གར་གྱི་མི་ཞིག་ཡིན་པ་དྲན་ཡང་མི་སྲིད། དེའི་རྐྱེན་གྱིས༼ བོད་ཀྱི་གནའ་བོའི་སྒྲ་སྒྱུར་གཞུང་ལུགས་སྐོར་གྱི་ཞིབ་འཇུག—སྒྲ་སྦྱོར་བམ་པོ་གཉིས་པ།༽རུ། “ཡུལ་དང་སེམས་ཅན་དང་མེ་ཏོག་དང་རྩི་ཤིང་ལ་སོགས་པའི་མིང་བསྒྱུར་ན་ཡིད་གོལ་ཞིང་ཚིག་མི་བདེ་བ་དང་། འོལ་ཕྱིར་བསྒྱུར་དུ་རུང་ཡང་དོན་དུ་དེ་ལྟར་ཡིན་ནམ་མ་ཡིན་གཏོལ་མེད་པ་རྣམས་ནི། འགོ་ལ་ཡུལ་ཞེའམ་མེ་ཏོག་ཅེས་པ་ལ་སོགས་པ་གང་ལ་བྱ་བའི་མིང་གཅིག་བླ་ཐབས་སུ་བསྣོན་ལ་རྒྱ་གར་སྐད་སོ་ན་ཞོག་ཅིག”ཅེས་ཡུལ་དང་སེམས་ཅན་ལ་སོགས་པའི་མིང་བསྒྱུར་ན་འགོ་ལ་ཡུལ་ཞེའམ་མེ་ཏོག་ཅེས་པ་སོགས་ཁ་གསལ་དུ་གཏོང་བའི་མིང་བསྣན་ཏེ་རྒྱ་གར་སྐད་རང་སོར་འཇོག་དགོས་པ་གསུང་འདུག འདི་ནི་ཚད་གཞི་འཛིན་དུ་རུང་བའི་སྒྱུར་གྱི་ཐབས་ཤིག་ཡིན་ངེས་པས། ང་ཚོས་རྩོམ་པ་པོའི་མཚན་བསྒྱུར་དུས་ཀྱང་སྔོན་དུ་རྩོམ་པ་པོ་གྲགས་ཅན་ཞེས་པ་ལྟ་བུ་བསྣན་རྗེས་ཐེ་ཀོར་ཞེས་ཐད་ཀར་སྒྲ་རང་སོར་བཞག་ན་ལེགས་པར་མཐོང་། 

དཀར་ཆག་བསྒྲིགས་སྟངས་ཀྱི་ཐད་ནས་འགྱུར་ག་བར་འགྱུར་གཞན་གཉིས་དང་མི་འདྲ་བའི་ཁྱད་ཆོས་ལྡན་ཡོད་དེ། འགྱུར་ག་བས་སྙན་རྩོམ་དུམ་བུ103ཡོད་པའི་དུམ་བུ་རེ་རེའི་ཚིག་རྐང་དང་པོ་རིམ་པ་ལྟར་དཀར་ཆག་ཏུ་བསྒྲིགས་འདུག དཀར་ཆག་འདི་ལྟ་བུ་བསྒྲིགས་སྟངས་ནི་ལོ་ཙཱ་བ་དངོས་གྲུབ་ག་ཤ་བས་རང་སྣང་གང་ཤར་གྱིས་སྦྱར་བ་ཞིག་མིན་ཏེ། སྔོན་གྱི་གསུང་རབ་སོགས་སུའང་འདི་ལྟ་བུའི་དཀར་ཆག་བསྒྲིགས་སྟངས་ཡོད་དེ། དཔེར་ན་མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་མཛད་པའི༼ རྗེ་ཙོང་ཁ་པ་ཆེན་པོའི་གསོལ་འདེབས་རྣམ་དག་གངས་རི་མ།༽དང༼ རྒྱལ་ཚབ་རྗེའི་བསྟོད་པ་དཔལ་ལྡན་ཡོན་ཚོགས་མ།༽གཉིས་ཀྱིས་ཀྱང་རྩོམ་གྱི་ཚིག་རྐང་དང་པོ་དེ་ཁ་བྱང་དུ་སྦྱོར་བའི་རྣམ་པས་བརྩམས་གནང་འདུག དེ་བས་འདི་ནི་སྔོན་མ་ནས་རང་རེ་བོད་ཀྱིས་དཀར་ཆག་བསྒྲིགས་སྟངས་སུ་ཡོད་ལ། རྣམ་པ་སྡེབས་ལེགས་ཤིང་ཕུན་སུམ་ཚོགས་པར་མ་ཟད་རྩོམ་གྱི་བསྟན་དོན་རགས་རིམ་ཙམ་ཧ་གོ་བའི་དགེ་མཚན་དང་ལྡན་པ་ཞིག་ཡིན། བོད་འགྱུར་མ་གཞན་གཉིས་ལ་མཚོན་ན་འགྱུར་ཀ་བ༼ སྙན་ངག་གི་མཆོད་པ། ༽ལྟ་བུར་མཚོན་ན། དེང་གི་སྤྱི་ཁྱབ་ཀྱི་དཀར་ཆག་བསྒྲིགས་སྟངས་ཏེ་རིམ་པ་བཞིན། སྒྱུར་མཁན་གྱི་གཏམ་དང་གཞུང་དངོས། ཟུར་བཀོད་སོགས་ཡིན།དཀར་ཆག་འདི་ལ་བརྩམས་ཆོས་ཀྱི་སྤྱིའི་ནང་དོན་ངོ་སྤྲོད་པ་ལས་གཞན་རྣམ་པ་སོགས་ཀྱི་ཐད་ནས་དམིགས་བསལ་གྱི་ཁྱད་ཆོས་མི་འདུག འགྱུར་ཁ་བ༼ གྷི་ཐན་ཀཱ་ལི།༽ལ་མཚོན་ན་མདུན་གྱི་སྔོན་འགྲོའི་གཏམ་དང་དཔེ་སྐྲུན་གསལ་བཤད་ལས་ཆེད་དམིགས་ཀྱི་དཀར་ཆག་མི་འདུག དེ་བས་དཀར་ཆག་སྒྱུར་སྟངས་ལྟ་བུར་མཚོན་ན་འགྱུར་ག་བའི་དཀར་ཆག་ནི་བསྟོད་པའི་མཐེ་བོང་བགྲེངས་འོས་པའི་འགྱུར་ཡིན་ནོ། །

གཉིས། རྩོམ་ལུས་ཀྱི་བསྡུར་བ།

འགྱུར་མ་གསུམ་ལ་མཚོན་ན་འགྱུར་ཀ་ཁ་གཉིས་ནི་ཚིག་ལྷུག་གི་ལུས་དང་འགྱུར་ག་བ་ནི་ཚིགས་བཅད་ཀྱི་ལུས་ཀྱིས་བསྒྱུར་འདུག དེ་ཡང་འགྱུར་འདི་གསུམ་ཀ་བསྡུར་དུས་འགྱུར་གྱི་དགེ་སྐྱོན་དང་ལེགས་ཉེས་སོགས་མཐའ་གཅིག་ཏུ་ཁ་ཚོན་གཅོད་མི་ཐུབ་སྟེ། རྒྱུ་མཚན་ནི་འགྱུར་འདི་གསུམ་གྱི་གཞི་འཛིན་སའི་མ་ཡིག་མི་གཅིག་པས་ཡིན། དེ་ཡང་ཐོག་མའི་བྷངྒ་ལའི་མ་ཡིག་ནས་དབྱིན་འགྱུར་གྱི་སྐབས་སུ་ནང་དོན་དང་རྣམ་པ་གང་གི་ཆ་ནས་ཀྱང་བརྩམས་ཆོས་ལ་འགྱུར་བ་ཆེན་པོ་བཏང་ཡོད་པ་རེད། དེ་ལས་ཆེས་མངོན་གསལ་གྱི་འགྱུར་ལྡོག་ནི་ཐོག་མའི་བྷངྒ་ལའི་ཚིགས་བཅད་ནས་དབྱིན་འགྱུར་མའི་ཚིག་ལྷུག་དེ་ཡིན། པིན་ཤིན(冰心)གྱི་རྒྱ་འགྱུར་མ་ལས། “དབྱིན་ཇིའི་དཔྱད་བརྗོད་པ་ཞིག་གི་གུསང་བ་ལྟར་ན། ‘སྙན་ངག་གི་འཇམ་གཉེན་དང་ལྷུག་རྩོམ་གྱི་ངམ་ཤུགས་གཅིག་ཏུ་བསྒྲིལ་འདུག’”ཅེས་པ་ལྟར་འགྱུར་ཀ་བ་དང་ཁ་བའང་མ་ཡིག་ཇི་བཞིན་ལྷུག་རྩོམ་དང་སྙན་རྩོམ་གྱི་ཁྱད་ཆོས་གཅིག་ཏུ་བསྒྲིལ་བའི་སྙན་རྩོམ་ལྷུག་མ་ཞིག་ཡིན་ལ། སྤྱིའི་ཆ་ནས་བསྟན་དོན་ཕབ་སྒྱུར་དང་སྒྱུ་རྩལ་ཁྱད་ཆོས་སོགས་གང་ཅིའི་ཐད་ཕུན་སུམ་ཚོགས་པ་དང་འགྱུར་ཡིག་ཀློག་པ་པོའི་ཡིད་དབང་ཅིག་ཅར་དུ་འཕྲོག་ནུས་པའི་ཆ་མང་ཞིང་། མ་ཡིག་གི་ཉམས་སོགས་ཇི་བཞིན་འགྱུར་ཡིག་ཏུ་མ་ཐོན་པའི་ཆའང་ཡོད་པོ་འདུག །དེ་ཡང་འགྱུར་ག་བ་ནི་ཚིགས་བཅད་ལུགས་ཀྱི་ཁྱད་ཆོས་ཀྱིས་ཀུན་ནས་ཕྱུག་པ་ཡིན། འགྱུར་ག་བ་ནི་སྤྱིའི་ཆ་ནས་ཚེག་བར་བདུན་པ་དང་དགུ་བ། བཅུ་གཅིག་པ་བཅས་གསུམ་སྤྱད་དེ་འགྱུར་ཡོངས་སྡེབ་སྦྱོར་ལེགས་ཤིང་ཀློག་མ་ཐག་རྣ་བར་སྙན་ཞིང་ཡིད་ཀྱི་གཏིང་རུམ་དུ་ཟུག་འགྲོ་བ་ཞིག་ཡིན་འདུག དེ་ཡང་རང་རེའི་བོད་ལ་མཚོན་ན་སྔོན་གྱི་སྲོལ་རྒྱུན་སྙན་རྩོམ་ཕལ་ཆེ་བ་ནི་ཚིགས་བཅད་ལུགས་ཀྱིས་བརྩམས་གནང་མཛད་ཡོད་ཅིང་། སྙན་གཞུང་དུ་ཚིག་བཅད་ལྷུག་སྤེལ་མ་སོགས་བཀོད་པ་ལས་མཚན་གཞི་ཚང་བའི་སྙན་རྩོམ་ལྷུག་མ་ཞིག་བྱུང་མི་འདུག དེ་བས་བོད་ཀྱི་ཀློག་པ་པོ་མང་ཆེ་བའི་སྣང་ངོར་སྙན་ངག་ཅེས་པ་ནི་ཚིགས་བཅད་ཁོ་ན་ལས་ལྷུག་མའི་ལུགས་སུ་མི་གོ་བ་འདྲ། སྙན་ཞིང་ཡིད་དུ་འོང་པ་ནི་སྙན་ངག་གི་སྲོག་ལྟ་བུ་ཡིན་ངེས་པས། སྙན་རྩོམ་ཡིག་སྒྱུར་གྱི་སྐབས་སུའང་མ་ཡིག་གི་དོན་ཐད་ཀར་ཕབ་སྒྱུར་རམ་འགྲེལ་སྒྱུར་བྱས་པ་ཙམ་གྱིས་ག་ལ་ཆོག །

གསུམ། སྒྱུ་རྩལ་ཁྱད་ཆོས་ཀྱི་བསྡུར་བ། 

འགྱུར་ཀ་བས་མ་ཡིག་གི་རྣམ་པ་ཇི་མ་ཇི་བཞིན་ཕབ་སྒྱུར་བྱས་འདུག་སྟེ། མ་ཡིག་ཏུ་ཚིག་གི་གཅོད་མཚམས་ཀྱང་། ཀྱི་ཧུད། གླེན་པ་ཡིས།…ཀྱི་ཧུད། སྤྲང་པོ་ཡིས། … ཞེས་པ་ལྟར་སྣང་། འགྱུར་འདི་ལྟ་བུར་མཚོན་ན་ཚིག་གི་སྡེབ་སྦྱོར་ལ་སྙན་ཆ་དེ་འདྲ་མི་འདུག་སྟེ། ཚིག་གི་གཅོད་མཚམས་ཀྱང་བོད་ཡིག་ཀློག་པ་པོའི་ཁ་ལ་བདེ་པོ་མི་འདུག །རྒྱུ་མཚན་ནི་བོད་ཡིག་གི་ཚིག་ལྷུག་ཏུ་བྱེད་སྒྲའི་མཚམས་ནས་བཅད་ན་ཀློག་མི་བདེ་ཞིང་དོན་ཡང་སོ་སོར་ཕྲལ་བའི་སྣང་བ་སྟེར་སྲིད། འགྱུར་ཁ་བས “ཨ་ཙི་གླེན་ལྐུགས་ཀྱིས་ནི་སོ་སོ་ཕྲག་པའི་སྟེང་དུ་འཁུར་བར་འདོད། ཨ་ཙི་སློང་མཁན་གྱིས་ནི་སོ་སོའི་སྒོ་རྩར་ཡོང་ནས་སློང་མོ་བྱེད།”ཅེས་ཚེག་བར་བཅོ་ལྔ་སྟེ་ཚིགས་བཅད་ལྟ་བུར་སྣང་ཡང་། སྡེབ་སྦྱོར་དང་དབྱངས་ཀྱི་འདེགས་འཇོག་སོགས་གང་ཅིའི་ཐད་སྙན་ཞིང་ཡིད་དུ་འོང་པའི་སྙན་རྩོམ་གྱི་དགེ་མཚན་ཐོན་མི་འདུག ཚིག་ལྷུག་པའི་འགྱུར་གཉིས་ཀྱིས་ཀྱི་ཧུད་ལྟ་བུའི་འབོད་སྒྲའི་ཕྲད་དང་ཨ་ཙི་ལྟ་བུའི་ངོ་མཚར་བའི་སྒྲ་སོགས་ཡང་དང་བསྐྱར་དུ་བཀོད་དེ་རྩོམ་པ་པོའི་སེམས་ཀྱི་ཚོར་འདུ་མཚོན་པར་བྱས་ཡོད། དེ་ཡང་འགྱུར་ག་བ་ནི་ཚེག་བར་བདུན་མའི་བར་ཆོད་པའི་ཟུང་ལྡན་གྱི་རྒྱན་ཡིན་ཏེ། རྒྱན་འདིའི་ངོ་བོ་དུང་དཀར་རིན་པོ་ཆེའི༼ སྙན་ངག་ལ་འཇུག་ཚུལ་ཚིག་རྒྱན་རིག་པའི་སྒོ་འབྱེད།༽རུ། “ཟུང་ལྡན་ཚིག་གི་སྔ་ཕྱིའི་བར། །གཞན་གྱིས་ཆོད་གང་ཆོད་པའི་ཟུང་། །”ཞེས་པ་ལྟར་ཟུང་ལྡན་ཡོད་པའི་ཚིག་སྔ་ཕྱིར་གཉིས་ཀྱི་བར་ཚིག་གཞན་པས་བར་ནས་ཆོད་པ་ཡིན་ན་ཆོད་པའི་ཟུང་ལྡན་ཞེས་བྱ་སྟེ། “ད་ནི་རང་གིས་ང་ཉིད་ཀྱང་། །རང་གི་མགོ་བོར་དྲང་མི་བྱ། །ད་ནི་རང་གི་སྒོ་འགྲམ་དུ། །སྤྲང་པོར་གྱུར་ནས་གནས་མི་བྱ། །”ཞེས་ཚིག་རྐང་དང་པོ་དང་གསུམ་པའི་མགོ“རང་གི”དང་དེའི་བར་དུ་ཚིག་རྐང་གཉིས་བཞི་ཡིས་ཆོད་འདུག དེ་ཡང་ཚིག་རྐང་གཉིས་བཞི་ཡི་མཇུག“མི་བྱ”ཞེས་མཚུངས་པས་ཀློག་པ་པོ་སུས་ཀློག་ཀྱང་རྣ་བར་སྙན་ཞིང་ཡིད་དུ་འོང་པའི་ཁྱད་ཆོས་མངོན་གསལ་ལྡན། འདི་ལྟ་བུ་ནི་རང་རེ་བོད་ཀྱི་སྔོན་བྱུང་བསྟན་བཅོས་སུའང་མཐོང་རྒྱུ་མང་དུ་ཡོད་པས་བོད་ཀྱི་ཀློག་པ་པོའི་མཛེས་པ་མྱོང་རོལ་གྱི་གོམས་སྲོལ་དང་ཤིན་ཏུ་མཐུན། 

སྤྱིར་ནས་ཀྱང་སྡེབ་སྦྱོར་དབྱངས་འགྲོས་ཀྱིས་ཀུན་ནས་ཕྱུག་པ་ནི་ཐེ་ཀོར་གྱི་སྙན་རྩོམ་ལ་དམིགས་སུ་ཡོད་པའི་ཁྱད་གཤིས་སུ་བགྲངས་ཆོག་སྟེ། (ཀི་ཐན་ཀྱཱ་ལི)ལོ་ཙཱ་དང་དང་ལེན་ཞིབ་འཇུག་ཏུ། “གལ་སྲིད་སྔོན་ལ་དབྱངས་འགྲོས་དག་མེད་ན། བདག་གིས་རྗེས་ཀྱི་སྙན་ངག་ཇི་ལྟར་འབྲི་དགོས་པའང་ཤེས་ཀྱི་མི་འདུག”ཅེས་པ་ལས་ཀྱང་ང་ཚོས་ཤེས་ཐུབ་པ་ནི་ཐེ་ཀོར་གྱིས་སྙན་རྩོམ་གསར་རྩོམ་གྱི་སྐབས་སུའང་ཚིག་གི་སྡེབ་སྦྱོར་རམ་སྙན་ཆ་གཙོ་བོར་འཛིན་པ་དེ་ཡིན། རྩོམ་པ་པོ་ཁོང་གིས་འདིའི་ཐད་ཀྱི་བྱས་རྗེས་ལ༼ (ཀི་ཐན་ཀྱཱ་ལི)ལོ་ཙཱ་དང་དང་ལེན་ཞིབ་འཇུག ༽ཏུ། “ཕུའུ་ཐེ་ཏེ་ཨོ་པཱ་སུའུ་ཡིས༼ བྷངྒ་ལའི་སྐད་ཀྱི་སྡེབ་སྦྱོར ༽ཞེས་པའི་རྩོམ་ཡིག་ཏུ་འདི་ལྟར་འབྲི་དོན། དེ་རིང་ང་ཚོས་མཐོང་དུ་ཡོད་པའི་མཛེས་པས་དོད་ཅིང་སྙན་ཞིང་འཇེབས་པ་རང་ཆོས་སུ་ངོམས་པའི་བྷངྒ་ལའི་སྡེབ་སྦྱོར་འདི་དག་ནི་ཏག་ཏག་ཐེ་ཀོར་གྱི་གསར་གཏོད་ཀྱི་གནང་སྦྱིན་ལས་བྱུང”ཞེས་པ་ལས་གསལ་པོར་ངེས་ཐུབ། འགྱུར་འདི་རུ་སྲོལ་རྒྱུན་སྙན་རྩོམ་གྱི་དགེ་མཚན་མངོན་པར་གཏོད་ཡོད་པས་འགྱུར་རང་ངོས་ཚིགས་བཅད་སྙན་རྩོམ་ཧ་ཅང་ལེགས་པོ་ཞིག་ཏུ་ཆགས་ཚར་འདུག དེ་བས་སྒྱུ་རྩལ་ཁྱད་ཆོས་ཀྱི་ཐད་ནས་བོད་འགྱུར་མ་གསུམ་ཀར་སོ་སོའི་ཁྱད་ཆོས་དང་དགེ་མཚན་མངོན་འདུག་མོད། བློ་གཟུ་བོས་བརྗོད་ན་འགྱུར་མ་རང་སྟེང་གི་སྒྱུ་རྩལ་ཁྱད་ཆོས་ཆེས་འབུར་དུ་ཐོན་ཞིང་ཡིད་དུ་འོང་བ་ནི་ཚིགས་བཅད་ལུས་ཀྱིས་བསྒྱུར་བའི་འགྱུར་ག་བ་ཡིན་ནོ། །

དཔྱད་རྩོམ་འདི་ནི་སི་ཁྲོན་མི་རིགས་སློབ་གླིང་གི་རང་གཉེར་རྣམ་གྲངས་ཏེ། བོད་ཀྱི་ལོ་ཙཱའི་གཞུང་ལུགས་ཐོག་མ༼ སྒྲ་སྦྱོར་བམ་གཉིས།༽ཞིབ་འཇུག(XYZB2022SB)གི་བར་སྐབས་དཔྱད་འབྲས་ཡིན། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1