གཙོ་ངོས།>> པར་སྐྲུན།>>ཁ་བཏགས་དཀར་པོ།

རྣམ་དཀར་ལྷ་མོ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༩ཚེས་༡༨ཉིན།

འདུ་འཛིའི་ཁྲོད་ཀྱི་དབེན་གནས། པེ་ཅིང་ཆོས་འབྱུང་དགོན།

དེ་ཡང་རྒྱལ་ས་པེ་ཅིང་དུ་གནས་པའི་ཀྲུང་གོའི་ནང་བསྟན་སློབ་གླིང་དང་ཀྲུང་གོའི་ནང་བསྟན་དཔེ་ཚོགས་རིག་དངོས་ཁང་ནི་གནའ་བོའི་དགོན་པ་མིང་གྲགས་ཅན་ཞིག་གི་ནང་དུ་ཆགས་ཡོད་སྐད། དགོན་པ་དེར་ཆོས་འབྱུང་དགོན་ཞེས་མཚན་གསོལ་ཡོད་ལ། དང་ཐོག་ཕྲན་གྱིས་རྩོམ་པ་པོ་ལི་ཨའོ་ཡི་བརྩམས་ཆོས《པེ་ཅིང་ཆོས་འབྱུང་དགོན》ཞེས་པ་ནས་རྒྱུས་ལོན་བྱུང་ཞིང་། སེམས་སུ་དགོན་པ་དེར་མཇལ་སྐོར་གྱི་འདུན་པ་དྲག་པོ་བསྐྱེད་མོད། ཡིན་ཡང་བྲེལ་འཚུབ་དང་ཟང་ཟིང་གི་འཚོ་བའི་བར་གསེང་ནས་མཇལ་སྐོར་གྱི་ཁོམ་ལོང་མ་བྱུང་བར་ད་ལྟའི་བར་དུ་འགྱངས།

སྤོས་སྒྲོན་ས།

དེ་བཞིན་ཉེ་སྔོན་གྲོགས་པོ་འགའ་དང་མཉམ་དུ་འཛོམས་སྐབས། པེ་ཅིང་དུ་རྒྱུན་སྡོད་བྱེད་བཞིན་པའི་གྲོགས་པོ་ཞིག་གིས་དགོན་པ་དེའི་སྐོར་ནས་ལོ་རྒྱུས་དང་གཏམ་རྒྱུད་ཉུང་ཙམ་རེ་གླེང་བྱུང་། དེར་གཞིར་ནས་ཕྲན་གྱིས་སླར་ཡང་དགོན་པའི་སྐོར་གྱི་ལོ་རྒྱུས་ཡིག་ཆ་རེ་གཉིས་ལ་ལྟ་ཞོར་རྒྱུས་ལོན་རགས་ཙམ་བྱས་པ་ཡིན། སྤྱིར་ཆོས་འབྱུང་དགོན་ནི་ལོ་རྒྱུས་རྒྱུན་རིང་ཞིང་དར་རྒུད་ཀྱི་བརྒྱུད་རིམ་མང་པོ་ཞིག་བརྒྱུད་རྗེས། ད་ལྟ་རྒྱལ་ཁབ་ཀྱི་ན་གཞོན་གྱི་དགེ་འདུན་པ་གསོ་སྐྱོང་བྱ་ཡུལ་དང་ནང་བསྟན་རིག་གནས་ཞིབ་འཇུག་གི་ཡུལ་གནས་གལ་ཆེན་ཞིག་ཏུ་གྱུར་འདུག །དགོན་པ་ཐོག་མར་ཕྱག་བཏབ་ནས་ད་ལྟའི་བར་ལོ་ངོ་1300འདས་ཟིན། 《ཡོན་གཅིག་གྱུར་གྱི་ལོ་རྒྱུས》ལས་ཆོས་འབྱུང་དགོན་ནི་ཐང་རྒྱལ་རབས་སུ་ཐོག་མར་ཕྱག་བཏབ་ཅིང་། མཚན་ཐུགས་རྗེ་བློ་དཀར་དགོན(悯忠寺)ཞེས་གསོལ་ཞིང་། ཀྲེན་ཀོན་ཁྲི་ལོ་བཅུ་དགུ་སྟེ་སྤྱི་ལོ་645ལོར། གོང་མ་ཐང་ཐེ་ཙུང་ལི་ཧྲི་མིང་གིས་ལིའོ་ཤར་དམག་འཁྲུག་ཁྲོད་ཚེ་སྲོག་ཤོར་བའི་འཐབ་མོ་བ་རྣམས་ལ་མྱ་ངན་ཞུ་ཆེད་དགོན་པ་ཞིག་ཕྱག་འདེབས་པའི་བཀའ་ཕབ་པ་དང་། ཝུའུ་ཙེ་ཐེན་གྱིས་གསེར་ཁྲིར་མངའ་གསོལ་མཛད་སྐབས་ཀྱི་ཐོང་ཐེན་ཁྲི་ལོ་དང་པོ་སྟེ་སྤྱི་ལོ་696ལོར་ད་གཟོད་དངོས་སུ་དགོན་པ་ལེགས་གྲུབ་བྱུང་། རྒྱལ་རབས་སོ་སོའི་དམག་འཁྲུག་དང་དུས་འགྱུར་ཁྲོད་གོད་ཆག་བྱུང་བ་དང་སླར་གསོ་ཡང་ཡང་བྱས་ཤིང་། ཆིང་རྒྱལ་རབས་ཀྱི་ཡུང་ཀྲེན་ཁྲི་ལོ་བཅུ་གཉིས་པར་འདུལ་བའི་དབེན་གནས་སུ་བསྒྱུར་ཏེ་འདུལ་ཁྲིམས་སློབ་གཉེར་བྱས་ཤིང་། ཆོས་འབྱུང་དགོན་ཞེས་པའི་མཚན་གསོལ། 1956ལོར་ཆོས་འབྱུང་དགོན་པ་རུ་ཀྲུང་གོའི་ནང་བསྟན་སློབ་གླིང་ཐོག་མར་བཙུགས་ཏེ། ནང་བསྟན་སྒྱུ་རྩལ་དངོས་རྫས་དང་དཔེ་རྙིང་རྩ་ཆེན་ཤིན་ཏུ་མང་པོ་ཞིག་ཉར་བར་མ་ཟད། ལྷག་པར་དུ་དགོན་པའི་ཐུགས་རྗེ་ཆེན་པོའི་ལྷ་ཁང་དུ་རྒྱལ་བའི་གསུང་རབ་ཀྱི་པར་གཞི་གྲངས་ཀ་མང་ཞིང་རིན་ཐང་བླ་ལྷག་ཅན་ཡིན་པའི་བཤད་སྲོལ་འདུག

ཟངས་ཆས་རྩ་ཆེན།

ཆོས་འབྱུང་དགོན་པའི་གཞི་རྒྱ་ཤིན་ཏུ་ཆེ་བར་མ་ཟད། པེ་ཅིང་ལྷོ་གྲོང་གི་ལམ་སྐོར་གཉིས་པའི་ཁོངས་སུ་གནས་ཡོད་སྟབས། མང་ཚོགས་ཀྱི་འཚོ་བ་དང་ཐག་ཉེ་མོད། ཡིན་ཡང་པེ་ཅིང་གི་ནུབ་རིའི་ཁྲོད་ཀྱི་དགོན་སྡེ་མིང་གྲགས་ཅན་དག་དང་བསྡུར་ན། མི་རྣམས་ལ་ཆ་རྒྱུས་དེ་ཙམ་མེད་སྟབས། གནས་དེའི་ཡུལ་མི་མང་པོ་ཞིག་གིས་གོ་ཐོས་མེད་པ་འདྲ། དེ་བཞིན་2000ལོར་ཐེ་ཝན་རྩོམ་པ་པོ་ལི་ཨའོ་ཡི་བརྩམས་ཆོས《པེ་ཅིང་ཆོས་འབྱུང་དགོན》པར་སྐྲུན་བྱས་རྗེས། རྒྱལ་ཕྱི་ནང་དུ་ཁྱབ་བསྒྲགས་ཆེན་པོ་བྱུང་མཐར། ནང་པ་བ་དང་ཡུལ་སྐོར་པ་མང་པོ་ཞིག་བུང་བའི་ཚོགས་བཞིན་བཀུག །

རྡོ་ཡི་ཕོར་བ་ཆེན་པོ།

གནམ་རྒྱལ་ལྷ་ཁང་གི་ཤར་ངོས་སུ་རྡོ་རིང་ཞིག་ཡོད་དེ། ཡོན་རྒྱལ་རབས་སྐབས་ཀྱི་གོང་མ་རེན་ཙུང་གིས་ཕབ་པའི་ཕལ་སྐད་ཀྱི་བཀའ་ཡིག་ཡིན་ཞིང་། ནང་དོན་གཙོ་བོར་རབ་བྱུང་པར་ཁྲལ་བསྡུ་མི་ཆོག་པ་གནམ་འོག་ཏུ་བཀའ་བསྒྲགས་བྱས་ཤིག་ཅེས་གསལ། 《 ཕལ་སྐད་ཀྱི་གོང་མའི་བཀའ་ཡིག》བདག་ཉིད་ཅན་དེ་དུས་རབས་གོང་མའི་ལོ་རབས་70པར་ཡོན་རྒྱལ་སའི་རྗེས་ཤུལ་གྱི་གནའ་རྫས་རྟོག་ཞིབ་ཁྲོད་ས་འོག་ནས་བླངས་པ་ཡིན་ཏེ། ཆོས་འབྱུང་དགོན་པའི་རྒྱུ་དངོས་རྩ་ཆེན་ཞིག་ཏུ་གྱུར་འདུག །རྡོ་རིང་འདི་ཚོང་གཡར་བྱས་པ་བརྒྱུད་དགོན་པར་གདན་དྲངས་ཤིང་། ཐང་རྒྱལ་རབས་དང་སུང་རྒྱལ་རབས། ཡོན་རྒྱལ་རབས། མིང་རྒྱལ་རབས། ཆིང་རྒྱལ་རབས་བཅས་རྒྱལ་རབས་སོ་སོའི་རྡོ་རིང་ཀུན་ཆ་ཚང་བར་གྱུར།

དེ་ཡང་ལི་ཨའོ་ཡི་བརྩམས་ཆོས《པེ་ཅིང་ཆོས་འབྱུང་དགོན》ཞེས་པའི་དེབ་ཏུ་སྟོན་པའི་ལྷ་ཁང་མདུན་གྱི་རྡོ་རིང་ལ་ལྷག་ཏུ་རྒྱས་བྲིས་བྱས་འདུག་ཅིང་། ཁང་ཡིའུ་ཝེ་དང་ལིའང་ཆི་ཁྲའོ། ཐན་སི་ཐུང་སོགས་ཀྱིས་གནས་དེར་དགོན་པའི་ཕྱག་མཛོད་ཧྲུའུ་ཆོས་དཔོན་དང་དང་གྲྭ་ཕྲུག་ཕུའུ་ཅིང་དང་ཐུག་འཕྲད་བགྲོ་གླེང་བྱེད་པའི་རྣམ་པ་ཡིད་ལ་ཝ་ལེར་ཤར་ཡོང་། དེ་བཞིན་ད་ལྟ་ལྷ་ཁང་གི་ཤར་འགྲམ་དུ་རྡོ་རིང་གསུམ་བཞེངས་ཡོད་དེ། ཤར་ནས་བརྩིས་པའི་རྡོ་རིང་དང་པོ་དེ་ཆིང་རྒྱལ་རབས་ཀྱི་ཡུང་ཀྲེང་སྐབས་ཏེ་སྤྱི་ལོ་1734ལོར་བཞེངས་ཤིང་། དགོན་པའི་འདུལ་བའི་གོ་གནས་གླེང་། རྡོ་རིང་གཉིས་པ་ནི་མིང་རྒྱལ་རབས་ཀྱི་ཀྲེང་ཐུང་སྐབས་ཏེ་སྤྱི་ལོ་1445ལོར་བཞེངས། རྡོ་རིང་གསུམ་པ་མིང་རྒྱལ་རབས་ཝན་ལི་སྐབས་ཏེ་སྤྱི་ལོ་1606ལོར་བཞེངས། དེ་ལྟར་ལྷ་ཁང་གི་ནུབ་འགྲམ་དུའང་རྡོ་རིང་གསུམ་བཞེངས་པར། རྒྱལ་རབས་སོ་སོའི་སྐབས་ཀྱི་གོང་མ་རྣམས་ཀྱིས་དགོན་པ་དེར་ཐུགས་དགོངས་ཆེན་པོ་གནང་བར་གསལ། ལྷ་ཁང་ནང་དུ་བཞུགས་པའི་ལྷ་ཆེན་གསུམ་པོའི་དཀྱིལ་ན་རྣམ་པར་སྣང་མཛད་དང། ཕ་རོལ་དུ་ཕྱིན་པའི་ལྷ་སྐུ་གསུམ་གྱི་དཀྱིལ་དུ་བེེ་རོ་ཙ་ནཱ་དང་། གཡས་གཡོན་དུ་རྗེ་བཙུན་འཇམ་དབྱངས་དང་། འཕགས་པ་ཀུན་ཏུ་བཟང་པོ་གཉིས་བཞུགས་ཡོད་དེ། མིང་རྒྱལ་རབས་སྐབས་ཀྱི་ལྷ་སྐུ་རྩ་ཆེན་རེད་ཟེར། ལྷ་སྐུ་དེ་གསུམ་པེ་ཅིང་ཕོ་བྲང་དུ་ཉར་ཏེ་སྲུང་སྐྱོང་གང་ལེགས་གནང་ཡོད། བཅོས་བསྒྱུར་སྒོ་འབྱེད་ཀྱི་དུས་ཐོག་ཆོས་འབྱུང་དགོན་གྱི་གནམ་རྒྱལ་ལྷ་ཁང་དུ་གནས་སྤོ་བྱས་ཤིང་། ལྷ་ཁང་གི་སྔོན་གྱི་ལྷ་སྐུ་མེད་པོར་བཟོས་འདུག །

འབྲེལ་ཡོད་ལོ་རྒྱུས་ཡིག་ཆར་ཆོས་འབྱུང་དགོན་གྱི་འཛུགས་སྐྲུན་ཡོད་ཚད་གནའ་བོའི་ཚབ་མཚོན་ཅན་གྱི་འཛུགས་སྐྲུན་ཤ་སྟག་ཡིན་ཞིང་། དགོན་པའི་ལོ་རྒྱུས་ཐད་རྒྱས་བྲིས་བྱ་དགོས་ན་ཡུལ་དངོས་ནས་དགོན་པར་ལྟ་སྐོར་མ་ཕྱིན་ན་ཆ་ཚང་མི་ཡོང་བ་ཐེ་ཚོམ་མེད་པ་རེད་འདུག ། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1