གཙོ་ངོས།>> པར་སྐྲུན།>>ཁ་བཏགས་དཀར་པོ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༩ཚེས་༡༨ཉིན།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང་།

དོན་ཚན་སོ་གཅིག་པ། ལྟ་སྐྱོང་བ་གཏན་འཁེལ་བྱེད་པའི་ཐད་དུ་རྩོད་གཞི་བྱུང་ན། ལྟ་སྐྱོང་བྱ་ཡུལ་གྱི་མིའི་གཞིས་གནས་ཀྱི་གྲོང་མི་ཨུ་ཡོན་ལྷན་ཁང་དང་། ཡུལ་མི་ཨུ་ཡོན་ལྷན་ཁང་ངམ་དམངས་སྲིད་སྡེ་ཁག་གིས་ལྟ་སྐྱོང་བ་དམིགས་འཛུགས་བྱེད་དགོས། དམིགས་འཛུགས་བྱས་འབྲས་དེ་འབྲེལ་ཡོད་དོ་བདག་གིས་ཁས་མ་བླངས་ན། མི་དམངས་ཁྲིམས་ཁང་ལ་ལྟ་སྐྱོང་བ་དམིགས་འཛུགས་བྱེད་དགོས་པའི་རེ་འདུན་ཞུས་ཆོག་ལ། འབྲེལ་ཡོད་དོ་བདག་གིས་ཐད་ཀར་མི་དམངས་ཁྲིམས་ཁང་ལ་ལྟ་སྐྱོང་བ་དམིགས་འཛུགས་བྱེད་དགོས་པའི་རེ་འདུན་ཞུས་ཀྱང་ཆོག

གྲོང་མི་ཨུ་ཡོན་ལྷན་ཁང་དང་། ཡུལ་མི་ཨུ་ཡོན་ལྷན་ཁང་དང་དམངས་སྲིད་སྡེ་ཁག་བཅས་སམ་མི་དམངས་ཁྲིམས་ཁང་གིས་ལྟ་སྐྱོང་བྱ་ཡུལ་གྱི་མིའི་འདོད་བློ་ངོ་མར་བརྩི་འཇོག་བྱེད་དགོས་པ་དང་། ལྟ་སྐྱོང་བྱ་ཡུལ་གྱི་མིར་ཕན་ཐོགས་ཆེ་ཤོས་འཐོབ་རྒྱུའི་རྩ་དོན་གཞིར་བཟུང་ནས་ཁྲིམས་ལྟར་ལྟ་སྐྱོང་ཐོབ་ཐང་ཡོད་མིའི་ཁོངས་ནས་ལྟ་སྐྱོང་བ་དམིགས་འཛུགས་བྱེད་དགོས། 


དོན་ཚན་འདིའི་ནང་ཚན་དང་པོའི་གཏན་འབེབས་ལྟར་ལྟ་སྐྱོང་བ་དམིགས་འཛུགས་མ་བྱས་གོང་ལ། ལྟ་སྐྱོང་བྱ་ཡུལ་གྱི་མིའི་མི་ལུས་ཀྱི་ཁེ་དབང་དང་རྒྱུ་ནོར་གྱི་ཁེ་དབང་དང་དེ་བཞིན་ཁྲིམས་མཐུན་ཁེ་དབང་གཞན་དག་སྲུང་སྐྱོབ་བྱེད་མཁན་མེད་པའི་གནས་སུ་ལུས་ཡོད་པ་ཡིན་ན། ལྟ་སྐྱོང་བྱ་ཡུལ་གྱི་མིའི་གཞིས་གནས་ཀྱི་གྲོང་མི་ཨུ་ཡོན་ལྷན་ཁང་དང་། ཡུལ་མི་ཨུ་ཡོན་ལྷན་ཁང་། བཅའ་ཁྲིམས་ཀྱིས་གཏན་འབེབས་བྱས་པའི་འབྲེལ་ཡོད་རྩ་འཛུགས་སམ་དམངས་སྲིད་སྡེ་ཁག་བཅས་ཀྱིས་གནས་སྐབས་ལྟ་སྐྱོང་བ་བྱ་དགོས། 

ལྟ་སྐྱོང་བ་དམིགས་འཛུགས་བྱས་ཕྱིན་རང་དགར་བསྒྱུར་མི་ཆོག རང་དགར་བསྒྱུར་བ་ཡིན་ན་དམིགས་འཛུགས་བྱས་པའི་ལྟ་སྐྱོང་བའི་འགན་འཁྲི་མེད་པ་མི་གཏོང་བ་ཡིན། 

དོན་ཚན་སོ་གཉིས་པ། ཁྲིམས་ལྟར་ལྟ་སྐྱོང་ཐོབ་ཐང་ཡོད་མི་མེད་པ་ཡིན་ན། ལྟ་སྐྱོང་བ་ནི་དམངས་སྲིད་སྡེ་ཁག་གིས་བྱེད་དགོས་པ་དང་། ལྟ་སྐྱོང་འགན་འཁྲི་སྒྲུབ་པའི་ཆ་རྐྱེན་འཛོམས་པའི་ལྟ་སྐྱོང་བྱ་ཡུལ་གྱི་མིའི་གཞིས་གནས་ཀྱི་གྲོང་མི་ཨུ་ཡོན་ལྷན་ཁང་དང་ཡུལ་མི་ཨུ་ཡོན་ལྷན་ཁང་གིས་བྱས་ཀྱང་ཆོག །

དོན་ཚན་སོ་གསུམ་པ། དམངས་དོན་བྱ་སྤྱོད་སྤེལ་ནུས་ཆ་ཚང་ཡོད་པའི་ནར་སོན་པའི་མིས་རང་ཉིད་ཀྱི་གཉེན་ཉེ་དང་། ལྟ་སྐྱོང་བ་བྱེད་འདོད་ཡོད་མཁན་མི་སྒེར་རམ་རྩ་འཛུགས་གཞན་དག་དང་སྔོན་ཚུད་ནས་གྲོས་མོལ་བྱས་ཏེ། ཡིག་ཐོག་ནས་རང་ཉིད་ཀྱི་ལྟ་སྐྱོང་བ་གཏན་འཁེལ་བྱས་ཆོག རང་ཉིད་ཀྱི་དམངས་དོན་བྱ་སྤྱོད་སྤེལ་ནུས་ཤོར་བའམ་ཆ་ཤས་ཤོར་བའི་སྐབས་སུ་ལྟ་སྐྱོང་བ་དེས་ལྟ་སྐྱོང་བྱེད་འགན་སྒྲུབ་དགོས། 

དོན་ཚན་སོ་བཞི་པ། ལྟ་སྐྱོང་བའི་འགན་འཁྲི་ནི་ལྟ་སྐྱོང་བྱ་ཡུལ་གྱི་མིའི་ལས་ཚབ་བྱས་ནས་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་སྤེལ་བ་དང་། ལྟ་སྐྱོང་བྱ་ཡུལ་གྱི་མིའི་མི་ལུས་ཀྱི་ཁེ་དབང་དང་། རྒྱུ་ནོར་གྱི་ཁེ་དབང། དེ་བཞིན་ཁྲིམས་མཐུན་ཁེ་དབང་གཞན་དག་སྲུང་སྐྱོབ་བྱེད་པ་སོགས་ཡིན། 

ལྟ་སྐྱོང་བས་ཁྲིམས་ལྟར་ལྟ་སྐྱོང་འགན་འཁྲི་སྒྲུབ་པ་ལས་བྱུང་བའི་ཁེ་དབང་ལ་བཅའ་ཁྲིམས་ཀྱིས་སྲུང་སྐྱོབ་བྱེད་པ་ཡིན། 

ལྟ་སྐྱོང་བས་ལྟ་སྐྱོང་འགན་འཁྲི་མི་སྒྲུབ་པའམ་ལྟ་སྐྱོང་བྱ་ཡུལ་གྱི་མིའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཏང་ན། བཅའ་ཁྲིམས་ཀྱི་འགན་འཁྲི་འཁུར་དགོས། 

ཐོལ་བྱུང་དོན་རྐྱེན་སོགས་ཛ་དྲག་ཆེ་བའི་གནས་ཚུལ་བྱུང་བའི་དབང་གིས་ལྟ་སྐྱོང་བས་གནས་སྐབས་སུ་ལྟ་སྐྱོང་འགན་འཁྲི་སྒྲུབ་ཐབས་མེད་པས་ལྟ་སྐྱོང་བྱ་ཡུལ་གྱི་མིའི་འཚོ་བར་ལྟ་སྐྱོང་བ་མེད་པའི་གནས་ཚུལ་བྱུང་ཚེ། ལྟ་སྐྱོང་བྱ་ཡུལ་གྱི་མིའི་གཞིས་གནས་ཀྱི་གྲོང་མི་ཨུ་ཡོན་ལྷན་ཁང་དང་ཡུལ་མི་ཨུ་ཡོན་ལྷན་ཁང་ངམ་དམངས་སྲིད་སྡེ་ཁག་གིས་ལྟ་སྐྱོང་བྱ་ཡུལ་གྱི་མིར་ཉེར་མཁོའི་སྐབས་བསྟུན་འཚོ་བའི་ལྟ་རྟོག་བྱེད་ཐབས་བཀོད་སྒྲིག་བྱེད་དགོས། 

དོན་ཚན་སོ་ལྔ་པ། ལྟ་སྐྱོང་བས་ལྟ་སྐྱོང་བྱ་ཡུལ་གྱི་མིར་ཕན་ཐོགས་ཆེ་ཤོས་འཐོབ་རྒྱུའི་རྩ་དོན་ལྟར་ལྟ་སྐྱོང་འགན་འཁྲི་སྒྲུབ་དགོས། ལྟ་སྐྱོང་བྱ་ཡུལ་གྱི་མིའི་ཁེ་ཕན་སྲུང་སྐྱོབ་བྱེད་པའི་ཆེད་དུ་ཡིན་ན་མ་གཏོགས་ལྟ་སྐྱོང་བས་ལྟ་སྐྱོང་བྱ་ཡུལ་གྱི་མིའི་རྒྱུ་ནོར་ཐག་གཅོད་བྱེད་མི་ཆོག །

ནར་མ་སོན་པའི་མིའི་ལྟ་སྐྱོང་བས་ལྟ་སྐྱོང་འགན་འཁྲི་སྒྲུབ་པའི་ཚེ་ལྟ་སྐྱོང་བྱ་ཡུལ་གྱི་མིའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་ཐག་གཅོད་བྱེད་སྐབས། ལྟ་སྐྱོང་བྱ་ཡུལ་གྱི་མིའི་ན་ཚོད་དང་རིག་སྟོབས་ཀྱི་གནས་ཚུལ་གཞིར་བཟུང་ནས་ལྟ་སྐྱོང་བྱ་ཡུལ་གྱི་མིའི་འདོད་བློ་ངོ་མ་བརྩི་འཇོག་བྱེད་དགོས། 

ནར་སོན་པའི་མིའི་ལྟ་སྐྱོང་བས་ལྟ་སྐྱོང་གི་འགན་འཁྲི་སྒྲུབ་པའི་ཚེ། ལྟ་སྐྱོང་བྱ་ཡུལ་གྱི་མིའི་འདོད་བློ་ངོ་མར་བརྩི་འཇོག་གང་ཆེ་ཆེ་བྱེད་དགོས་པ་དང་། ལྟ་སྐྱོང་བྱ་ཡུལ་གྱི་མིས་ཁོས་རིག་སྟོབས་དང་སེམས་ཁམས་བདེ་ཐང་གི་གནས་ཚུལ་དང་འཚམ་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་སྤེལ་བར་འགན་སྲུང་དང་རོགས་རམ་བྱེད་དགོས། ལྟ་སྐྱོང་བྱ་ཡུལ་གྱི་མིའི་རང་ཚུགས་ཀྱིས་ཐག་གཅོད་བྱེད་ཐུབ་པའི་དོན་དག་ལ་ལྟ་སྐྱོང་བས་ཐེ་ཇུས་བྱས་མི་ཆོག 

དོན་ཚན་སོ་དྲུག་པ། ལྟ་སྐྱོང་བར་གཤམ་གསལ་གནས་ཚུལ་གང་རུང་ཞིག་བྱུང་ན། མི་དམངས་ཁྲིམས་ཁང་གིས་འབྲེལ་ཡོད་མི་སྒེར་རམ་རྩ་འཛུགས་ཀྱི་རེ་ཞུ་ལྟར་ཁོའི་ལྟ་སྐྱོང་བའི་ཐོབ་ཐང་ཕྱིར་འཐེན་བྱེད་དགོས་པ་དང་། ཉེར་མཁོའི་སྐབས་བསྟུན་ལྟ་སྐྱོང་བྱེད་ཐབས་སྤྱོད་དགོས་པར་མ་ཟད། ལྟ་སྐྱོང་བྱ་ཡུལ་གྱི་མིར་ཕན་ཐོགས་ཆེ་ཤོས་འཐོབ་རྒྱུའི་རྩ་དོན་ལྟར་ཁྲིམས་ལྟར་ལྟ་སྐྱོང་བ་དམིགས་འཛུགས་བྱེད་དགོས། 

(གཅིག) ལྟ་སྐྱོང་བྱ་ཡུལ་གྱི་མིའི་ལུས་སེམས་བདེ་ཐང་ལ་གནོད་རྐྱེན་ཚབས་ཆེན་བཟོ་བའི་བྱ་སྤྱོད་སྤེལ་བ། 

(གཉིས།) ལྟ་སྐྱོང་འགན་འཁྲི་སྒྲུབ་རྒྱུ་སྒྱིད་ལུག་བྱེད་པ་དང་། ཡང་ན་ལྟ་སྐྱོང་འགན་འཁྲི་སྒྲུབ་ཐབས་མེད་པར་མ་ཟད་ལྟ་སྐྱོང་འགན་འཁྲི་ཆ་ཤས་སམ་ཆ་ཚང་མི་གཞན་ལ་མངག་བཅོལ་བྱེད་པར་ངོ་ཟློག་བྱས་པའི་རྐྱེན་གྱིས་ལྟ་སྐྱོང་བྱ་ཡུལ་གྱི་མི་དཀའ་ཉེན་གྱི་གནས་སུ་གྱར་བ། 

(གསུམ།) ལྟ་སྐྱོང་བྱ་ཡུལ་གྱི་མིའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཚབས་ཆེན་གཏོང་བའི་བྱ་སྤྱོད་གཞན་དག་སྤེལ་བ། 

དོན་ཚན་འདིར་བཀོད་པའི་འབྲེལ་ཡོད་མི་སྒེར་དང་རྩ་འཛུགས་ཞེས་པའི་ཁོངས་སུ་ཁྲིམས་ལྟར་ལྟ་སྐྱོང་ཐོབ་ཐང་ཡོད་མི་གཞན་དག་དང་། གྲོང་མི་ཨུ་ཡོན་ལྷན་ཁང་དང་། ཡུལ་མི་ཨུ་ཡོན་ལྷན་ཁང་། སློབ་གྲྭ། སྨན་བཅོས་ལས་ཁང་། བུད་མེད་མཉམ་འབྲེལ་ལྷན་ཚོགས། དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས། ནར་མ་སོན་པའི་མིའི་སྲུང་སྐྱོབ་རྩ་འཛུགས། ཁྲིམས་ལྟར་བཙུགས་པའི་བགྲེས་སོང་རྩ་འཛུགས། དམངས་སྲིད་སྡེ་ཁག་སོགས་ཚུད་ཡོད། 

དོན་ཚན་གོང་མར་བཀོད་པའི་མི་སྒེར་དང་དམངས་སྲིད་སྡེ་ཁག་ཕུད་པའི་རྩ་འཛུགས་ཀྱིས་མི་དམངས་ཁྲིམས་ཁང་ལ་ལྟ་སྐྱོང་བའི་ཐོབ་ཐང་ཕྱིར་འཐེན་བྱེད་དགོས་པའི་རེ་འདུན་དུས་ཐོག་ཏུ་མ་ཞུས་པ་ཡིན་ན། དམངས་སྲིད་སྡེ་ཁག་གིས་མི་དམངས་ཁྲིམས་ཁང་ལ་རེ་འདུན་ཞུ་དགོས། ། ༼མུ་འགོད༽ 

39.7K

རྩོམ་ཡིག་སྔོན་མ།
རྒྱལ་འཛུགས་ཀྱི་ལེའུ།
རྩོམ་ཡིག་རྗེས་མ།
སྤྱོད་ལམ་དང་ཁྲིམས་ལུགས།

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1