གཙོ་ངོས།>> པར་སྐྲུན།>>ཁ་བཏགས་དཀར་པོ།

བསྟན་འཛིན་རྒྱལ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༩ཚེས་༡༨ཉིན།

སྤྱོད་ལམ་དང་ཁྲིམས་ལུགས།

ང་ནི་སྤྱི་དམངས་ཤིག་ཡིན། ང་ནི་འབྲོག་ལས་ཁོ་ན་ཆེད་དུ་གཉེར་བའི་སྤྱི་དམངས་ཤིག་ཡིན། ང་ནི་སློབ་གྲྭ་ཆེ་འབྲིང་གི་སློབ་གསོ་མྱངས་མ་མྱོང་ལ། ཐ་ན་རིག་ཚན་སྣ་གཅིག་ལའང་ཆེད་དམིགས་ཀྱིས་སྦྱོང་བ་བྱ་མ་མྱོང་བའི་ཆེས་སྤྱིར་བཏང་གི་སྤྱི་དམངས་ཤིག་ཡིན། ཡིན་ནའང་། ངས་ད་ལྟའི་འཚོ་བའི་ཁྲོད་ཀྱི་མཐོང་སྣེ་འདིར་རྐང་བཙུགས་ནས་རང་གི་མྱོང་རྟོགས་དང་དྲན་ཚུལ་འགའ་སྤྱོད་ལམ་དང་ཁྲིམས་ལུགས་ཞེས་པའི་ཁ་བྱང་གི་ཁྱབ་ཁོངས་ནས་གླེང་རྒྱུ་ཡིན།

དེ་ཡང་སྤྱོད་ལམ་དང་ཁྲིམས་ལུགས་ཞེས་པའི་ཐ་སྙད་འདི་གཉིས་མཉམ་དུ་བཞག་ནས་གླེང་ན་དོན་སྙིང་ཆེན་པོ་ཡོད་དེ། ཁྲིམས་ལུགས་ནི་སྤྱོད་ལམ་གྱི་རྨང་གཞིའི་སྟེང་ནས་འཚར་སྐྱེད་བྱུང་ཞིང་། སྤྱོད་ལམ་ཡང་ཁྲིམས་ལུགས་ཀྱི་རོགས་རམ་དང་སྡོམ་གཅུན་འོག་ནས་ཇེ་གསལ་ཇེ་ཚང་དུ་འགྲོ་དགོས་པ་ཡིན། རྒྱུ་མཚན་དེའི་དབང་གིས་སྤྱོད་ལམ་དང་ཁྲིམས་ལུགས་ཞེས་པ་འདི་གཉིས་ནམ་ཡང་ཁ་འབྲལ་ཐབས་མེད་དེ། སྐད་ཆ་གཞན་ཞིག་གིས་བཤད་ན་འདི་གཉིས་ཀྱི་གང་རུང་ཞིག་གི་དར་རྒུད་ཀྱིས་ཅིག་ཤོས་ཀྱི་འཕེལ་འགྲིབ་ལ་ཐད་ཀར་ཤུགས་རྐྱེན་ཐེབས་བཞིན་ཡོད་པས། སྤྱོད་ལམ་དང་ཁྲིམས་ལུགས་ནི་གཅིག་ལ་གཅིག་རྟེན་གྱི་འབྲེལ་བའི་ངང་གནས་ཡོད་ཅེས་སྡོམ་ཚིག་བཀོད་ཀྱང་མི་འགྲིག་པ་མེད་སྙམ།

ཁྲིམས་ལུགས་ཞེས་པ་ནི་གནས་ལུགས་དང་དོན་འདྲ་སྟེ། མིའི་རིགས་ཀྱིས་བདེན་པ་དང་ཡང་དག་ཚད་གཞིར་བཟུང་ནས་མི་རྣམས་ཀྱི་སྤྱོད་ལམ་ཚད་ཐིག་དེ་ལས་འདའ་མི་ཆོག་པའི་བླང་བྱ་འདོན་བཞིན་ཡོད། འོན་ཀྱང་གནས་ལུགས་ཐུན་མོང་བ་དེ་ལ་བསྟུན་མི་བསྟུན་དང་བརྩི་བཀུར་བྱ་མི་བྱ་ནི་ཐད་ཀར་སྤྱོད་ལམ་ལ་རག་ལས་ཡོད།

དེ་ཡང་སྤྱོད་ལམ་ཞེས་པ་ནང་སེམས་ཀྱི་ཀུན་གཞི་དང་དེས་བསྐྱེད་པའི་ཕྱི་ལུས་ཀྱི་བྱ་སྤྱོད་གཉིས་ཀའི་བསྡུས་མིང་ཡིན་ཏེ། ནམ་རྒྱུན་འཚོ་བའི་ཁྲོད་གཙུབ་བརྡར་སྣ་ཚོགས་ཀྱིས་མི་རྣམས་ཀྱི་སྤྱོད་ལམ་ཇེ་ཡག་ཏུ་གཏོང་གིན་ཡོད་ལ། ཡང་སྐབས་རེར་དེ་ཉིད་ཇེ་བཙོག་ཏུ་གཏོང་བཞིན་ཡོད།

མི་རྣམས་ནམ་ཡང་གནས་ལུགས་ལ་དགའ་ཞིང་དོན་དངོས་ལ་བསྟུན་པ་ཡིན། ཡིན་ནའང་སྐབས་མང་པོ་ཞིག་ཏུ་ཤུགས་དྲག་པོའི་བརྣབ་སེམས་དང་བརྩེ་དུངས་སོགས་ཀྱི་དབང་གིས་སྤྲིན་གྱིས་ཉི་ཟླ་བསྒྲིབས་པ་བཞིན་བདེན་ཞེན་གྱི་སྤྱོད་ལམ་དེ་མག་མོག་དང་ཉམས་ཞན་དུ་གཏོང་བཞིན་ཡོད། དེ་བས། ང་ཚོས་ཧུར་བརྩོན་གྱིས་བྱེད་ཐབས་སྣ་ཚོགས་སྤྱད་དེ་སྤྱོད་ལམ་ཇེ་བཙོག་ཏུ་གཏོང་བའི་ཉེར་ལེན་དག་དགག་དགོས།

དེ་ནི་ང་ཚོས་མི་རྣམས་ལ་ལྷན་སྐྱེས་སུ་ཡོད་པའི་གཤིས་རྒྱུད་ཀྱི་སྐྱོན་ཆ་ཞིག་གི་སྟེང་ནས་ལག་བསྲིང་ན་ཕན་ནུས་ལྷག་ཏུ་ཆེ་བར་འདོད་དེ། དཔེར་ན། རང་གཅེས་ཀྱི་བསམ་བློ་འདི་མི་ཡིན་ཚད་ལ་ལྷན་སྐྱེས་སུ་ཡོད་པས། གལ་ཏེ་ནག་ཉེས་བཟོས་ན་ཐད་ཀར་ནག་ཉེས་བཟོ་མཁན་གྱི་ཁེ་ཕན་ལ་གནོད་པ་ཡོང་བ་ཞིག་བྱ་ཐུབ་ན། བྱས་ཉེས་ཇེ་ཉུང་ནས་གཏན་མེད་དུ་འགྲོ་བར་ཡིད་ཆེས་ཆོག་སྟེ། རྒྱུ་མཚན་ནི་མི་རྣམས་ཀྱིས་ནག་ཉེས་བཟོ་བ་དེའང་མཐར་དེད་ན་སྤྱོད་ལམ་དང་འབྲེལ་བའི་ཁེ་ཕན་གྱི་ཆེད་དུ་ཡིན་ཞིང་། དེ་ཕན་མེད་པའི་ལས་ཤིག་མི་སུས་ཀྱང་བྱ་མི་འདོད་པ་ཡིན།

འབྲོག་ཁུལ་གྱི་མང་ཚོགས་དང་ཁྲིམས་ལུགས་ཀྱི་བར་དུ་ད་དུང་རི་ཆུ་སྟོང་ཕྲག་གིས་ཆོད་ཡོད་དེ། ཁོ་ཚོ་ནམ་ལངས་རི་དང་སྨིན་དྲུག་ཡུལ་བྱས་ནས་ཕྱུགས་ཟོག་འཚོ་སྐྱོང་ལ་བྲེལ་བས། སློབ་སྦྱོང་བྱ་བའི་གོ་སྐབས་དང་ཁོར་ཡུག་མེད་ཅིང་། མང་ཚོགས་ནི་སྔར་བཞིན་ཡིག་རྨོངས་པ་ཡིན་ཞིང་ཡིག་ངོ་ཙམ་ཆོད་མཁན་དག་ཀྱང་ཁྲིམས་ལུགས་དང་སྤྱོད་ལམ། དཔལ་ཡོན་སོགས་ཀྱི་ཐ་སྙད་ལ་ཆ་རྒྱུས་ཅུང་ཙམ་ཡང་མེད་ཅེས་བཤད་ཆོག །དེ་མིན་སྡེ་པའི་ནང་དུ་གཟི་བ་སོགས་ཀྱི་མི་སྣ་ཡོད་པ་དེ་དག་ཀྱང་། ཁྲིམས་ལུགས་དང་མང་ཚོགས་བར་གྱི་རྡོ་རྩིག་ལྟ་བུར་གྱུར་ཡོད་དེ། རྒྱུ་མཚན་ནི་ཁོ་ཚོའང་ཁྲིམས་རྨོངས་པ་ཤ་སྟག་ཡིན་ཞིང་། ད་དུང་སྲོལ་རྒྱུན་གྱི་བསམ་བློའི་ར་བ་ལས་བརྒལ་ཐུབ་མེད་པས། དེ་དག་གིས་མང་ཚོགས་ཀྱི་བསམ་བློའི་ནང་དུ་ཡང་དག་པའི་ཁྲིམས་ལུགས་ཀྱི་འདུ་ཤེས་བསླང་མི་ཐུབ། དེ་བས་ང་ཚོས་ངེས་པར་དུ་སྤྱོད་ལམ་དང་ཁྲིམས་ལུགས་ཀྱི་ཐད་ནས་གཤམ་གསལ་གྱི་བླང་བྱ་དག་ལ་དོ་སྣང་གང་ལེགས་བྱ་དགོས་ཏེ།

གཅིག །འདོད་མོས་ཡོད་པའི་འབྲོག་པ་དག་ལ་ལས་ཀའི་ཞོར་དུ་སློབ་སྦྱོང་ཡང་བྱ་ཆོག་པའི་ཁོར་ཡུག་ཅིག་བསྐྲུན་དགོས་ཤིང་། ཁོར་ཡུག་དེ་འདྲ་ཞིག་ཆགས་ན། ད་གཟོད་ཁོ་ཚོའི་བསམ་བློ་ལ་རང་བཞིན་གྱིས་འགྱུར་ལྡོག་ཡོང་བ་ཡིན།

གཉིས། མང་ཚོགས་དང་ཁྲིམས་ལུགས་ཀྱི་བར་ཐག་དེ་བསྐང་ཆེད། སྡེ་པ་རེའི་ཁྲོད་དུ་གྱོད་འདུམ་ལས་ཁུངས་ཤིག་མཁོ་ཞིང་། དེར་བོད་སྐད་བོད་ཡིག་གི་ལམ་ནས་ཁྲིམས་གཏུག་བྱ་ཆོག་ཅིང་ཁྲིམས་འཛིན་མཁན་དང་ཁྲིམས་རྩོད་པ་སོགས་ཀྱང་བོད་མི་ཡིན་པའི་གནས་སྟངས་འོག་ཁྲིམས་རའང་ཡོད་ན། རིམ་གྱིས་མང་ཚོགས་ཀྱི་སྤྱོད་ལམ་ལ་ཁྲིམས་ལུགས་ཀྱི་བག་ཆགས་བསྒོ་ཐུབ་པ་ཡིན། དེ་ལ་བསྟུན་ནས་ཁྲིམས་ལུགས་ལ་བརྩི་འཇོག་གི་འདུ་ཤེས་སྐྱེ་ཞིང་གོམས་སྲོལ་དུའང་འགྱུར་བ་ཡིན། འདུ་ཤེས་དང་གོམས་སྲོལ་གྱི་སྟོབས་ཤུགས་ནི་ང་ཚོས་བཀོད་སྤྱོད་བྱ་རིན་ཡོད་པ་ཞིག་རེད།

གསུམ། གྱོད་འདུམ་ལས་ཁུངས་གང་དེར་ཡང་། ཚད་ལྡན་གྱི་མི་སྣ་དང་སྔོན་ཐོན་གྱི་སྒྲིག་ཆས་སོགས་འཛོམས་པར་བྱས་ཏེ། ཁྲིམས་མཐུན་གྱི་སྒོ་ནས་སྤྱི་ཚོགས་ཀྱི་གནས་བབ་ལ་མིང་དོན་མཚུངས་པའི་སེམས་ཁུར་བྱས་ན། ང་ཚོ་དམངས་དང་ཁྲིམས་ཀྱི་འབྲེལ་འདྲིས་ཇེ་མང་དང་བར་ཐག་ཇེ་ཉེར་བཏང་ཐུབ་པར་ཡིད་ཆེས་ཆོག །སྤྱིར་ན་འདི་དག་དཀའ་ཚེགས་ཤིན་ཏུ་ཆེ་བའི་ལས་ཀ་ཤིག་ཡིན་ནའང་། དོན་སྙིང་གིས་རབ་ཏུ་ཕྱུག་གོ ། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1