གངས་རི་དང་རྩྭ་ཐང་།། རྒྱང་སྐྱོད་ཀྱི་རྡོ་རིང་།།

ཆོས་རྒྱས་དང་དབྱང་ཞའོ། རྩོམ་སྒྲིག་པ།ཡོང་ཁུངས།རྔ་བའི་བོད་ཡིག་གསར་འགྱུར། སྤེལ་དུས། 09-22





རྔ་ཁུལ་གྱི་གསར་བརྗེའི་རིག་གནས་ཀྱི་གནས་ཚུལ་བཀོད་པ།

        རྔ་བ་ཁུལ་གྱི་ཁོངས་སུ་གསར་བརྗེའི་ལྗོངས་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡོད་ལ། གསར་བརྗེའི་རིག་གནས་ཀྱི་རྨང་གཞི་ཤིན་ཏུ་བཟང་ཞིང་། རྒྱང་སྐྱོད་སྙིང་སྟོབས་རྔ་བའི་ཡུལ་དུ་ལྷག་པར་མངོན། ཡུལ་འདི་ནི་དམར་དམག་རྒྱང་སྐྱོད་ཀྱི་རང་བྱུང་ཁོར་ཡུག་སྡུག་ཤོས་དང་། དཀའ་ཁག་ཆེ་ཤོས། དུས་ཡུན་རིང་ཤོས། ཚོགས་འདུ་གལ་ཆེན་མང་ཤོས་ཀྱི་ས་ཁུལ་ཡིན། མའོ་ཙེ་ཏུང་གིས་ཡན་ཨན་དུས་སྐབས་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས་སུ་ཐེངས་མང་བོར་དམར་དམག་གིས་གངས་རི་དང་རྩྭ་ཐང་བརྒལ་སྐབས་སུ་བོད་ཆའང་ཧུའེ་སོགས་མི་རིགས་སོ་སོའི་མི་དམངས་ཀྱིས་གསར་བརྗེར་ཕུལ་བའི་བྱས་རྗེས་ལ་བསྔགས་བརྗོད་མཛད་ཅིང་། ཀྲུང་གོའི་གསར་བརྗེའི་ལོ་རྒྱུས་སུ་ཁྱད་དུ་འཕགས་པའི་ནོར་གནག་གི་གསར་བརྗེ་ཞེས་པའི་མཚན་སྙན་བསྩལ་ཡོད།


        ཁོད་ཡངས་པའི་རྔ་ཁུལ་གྱི་ཡུལ་གྲུ་འདིར། གསར་བརྗེའི་དྲན་ཤིང་རྩ་ཆེན་མང་དུ་ཡོད་ལ། དམར་དམག་རྒྱང་སྐྱོད་དྲན་གསོའི་རྡོ་རིང་གླིང་དང་། ཅོག་ཙེ་རྒྱལ་ཁང་སོགས་གསར་བརྗེའི་གཟི་འོད་ལམ་ལམ་འཕྲོ་བའི་གནས་ཤུལ་མང་བོ་ཡོད། རང་ཁུལ་གྱི་རྫོང་དང་གྲོང་ཁྱེར་13ཚང་མ་གསར་བརྗེའི་གནས་རྙིང་ཡིན་ལ། ཡུལ་འདིར་ཙུང་ལི་ཀྲོའུ་ཨེན་ལའེ་སྐུ་དངོས་ཀྱིས་མིང་བཏགས་པའི་ཧུང་ཡོན་རྫོང་དང་། དམར་དམག་རྒྱང་སྐྱོད་དྲན་གསོའི་རྡོ་རིང་གླིང་སོགས་གསར་བརྗེའི་གནས་ཤུལ་ཆེ་ཆུང་413ཡོད།

        གསར་བརྗེའི་རིག་གནས་ཐོན་ཁུངས་ཀྱི་མཐུན་རྐྱེན་གཞིར་བཟུང་ནས། ད་ལོའི་ཟླ་4བར། རང་ཁུལ་གྱིས་གསར་བརྗེའི་ལྗོངས་སྐོར་ལམ་ཐིག་གསུམ་གསར་དུ་བཏོད་ཅིང་། ཆེད་དོན་སློབ་སྦྱོང་དང་། ཡུལ་དངོས་སློབ་སྦྱོང་། ཉམས་ལེན་སློབ་སྦྱོང་སོགས་ཐབས་ལམ་མང་བོའི་སྒོ་ནས། རྔ་བའི་ཡུལ་གྱི་དམར་དམག་རྒྱང་སྐྱོད་ཀྱི་གསར་བརྗེའི་ལོ་རྒྱུས་དེ་གསར་བརྗེའི་ལྗོངས་སྐོར་སློབ་གསོའི་སྦྱོང་ཚན་དུ་བསྒྱུར་ཞིང་། རང་ཁུལ་གྱི་གསར་བརྗེའི་མཛེས་ལྗོངས་དེ་གསར་བརྗེའི་ལྗོངས་སྐོར་སློབ་གསོའི་སློབ་ཐུན་དུ་བསྒྱུར་ཡོད།


        སྟོན་དུས་ཀྱི་ཁྲོ་ཆུའི་ཁ་དོག་རྣམ་པར་བཀྲ། མཐའ་བཞི་གངས་རིས་བསྐོར་ཞིང་རི་ཀླུང་ཀུན་ཏུ་ཁ་དོག་རྣམ་པར་བཀྲ་བའི་དབུས་ན། གསར་བརྗེའི་བོད་སྡེ་ཁྲང་ཏི་གྲོང་སྡེས་གསར་བརྗེའི་ལོ་རབས་སུ་དམར་དམག་ཁྲོ་ཆུ་རུ་བསྐྱོད་པའི་གཏམ་རྒྱུད་གླེང་གིན་འདུག
        2017ལོར། ཁྲང་ཏི་གྲོང་སྡེས་གསར་བརྗེའི་རིག་གནས་གཞིར་བཟུང་ནས། དམར་དམག་གིས་ཁྲང་ཏི་གངས་རི་བརྒལ་བ་སོགས་བརྗོད་གཞིར་བྱས་པའི་གསར་བརྗེའི་རིག་གནས་ཐང་ཆེན་བསྐྲུན་ཞིང་། གསོན་ཉམས་ལྡན་པའི་འཇིམ་སྐུ་རེ་རེ་དང་རྡོ་ལ་བརྐོས་པའི་རི་མོ་རེ་རེས་དམར་དམག་རྒྱང་སྐྱོད་ཀྱི་གངས་རི་དང་རྩྭ་ཐང་བརྒལ་སྐབས་ཀྱི་འཚོ་བ་དང་། སུའུ་ཝེ་ཨའེ་གསར་བརྗེའི་སྲིད་དབང་བཙུགས་པ་སོགས་དམར་དམག་ཁྲོ་ཆུའི་ཡུལ་དུ་བསྐྱོད་པའི་བྱུང་བ་གསལ་ལེར་མངོན།

        ཉེ་བའི་ལོ་ཤས་རིང་ནས་བཟུང་། ཁྲང་ཏི་གྲོང་སྡེས་གསར་བརྗེའི་ཁྲང་ཏིའི་འཕེལ་རྒྱས་གཞིར་བཟུང་ནས། རྒྱང་སྐྱོད་ལས་བྱེད་པའི་སློབ་གླིང་གི་ཡུལ་དངོས་སློབ་སྦྱོང་ས་ཚིགས་སུ་བསྒྱུར་བའི་སྙན་ཞུ་ལེགས་འགྲུབ་བྱུང་བ་དང་། གསར་བརྗེའི་ཁྲང་ཏི་ཡུལ་གྲོང་ལྗོངས་སྐོར་རོང་འབྲོག་ཆེད་ལས་མཉམ་ལས་ཁང་བཙུགས་ནས། ཏང་ཀྲི་པུའུ་དང་མཉམ་ལས་ཁང་། ཞིང་དུད་མཉམ་འབྲེལ་གྱི་སྒོ་ནས། གྲོང་སྡེའི་ལྗོངས་རྒྱུ་བ་དང་སློབ་མ་ཀུན་ལ་ཚད་ལྡན་གྱི་ཟ་མ་དང་ཞག་སྡོད་ཀྱི་ཞབས་ཞུ་བསྒྲུབ་པར་སྐུལ་ཁྲིད་བྱས་ཏེ། གསར་བརྗེ་དང་མགྲོན་ཁང་འབྲེལ་བའི་ཡུལ་གྲོང་ལྗོངས་སྐོར་གྱི་ལས་རིགས་གསར་བ་གྲུབ་ཡོད།


         གསར་བརྗེའི་གླུ་དབྱངས་ལེན་པ་དང་སྐོར་བྲོ་འཁྲབ་པ། གསར་བརྗེའི་གཏམ་རྒྱུད་འཆད་པ་སོགས་གསར་བརྗེའི་སྲོལ་བཟང་རྒྱུན་འཛིན་དང་། གསར་བརྗེའི་སྙིང་སྟོབས་དར་སྤེལ་བྱས་ཏེ། ཁྲང་ཏི་གྲོང་སྡེའི་འཚོ་བར་སྔར་མེད་པའི་འགྱུར་ལྡོག་གསར་བ་བྱུང་། གསར་བརྗེའི་རིག་གནས་ཐོན་ཁུངས་དང་ལྟ་ན་སྡུག་པའི་སྐྱེ་ཁམས་ཁོར་ཡུག་ལ་བརྟེན་ནས། ཁྲང་ཏི་མི་དམངས་ལྗོངས་སྐོར་ལ་བརྟེན་ནས་འབྱོར་འབྲིང་གི་ལམ་དུ་བསྐྱོད།

         གསར་བརྗེའི་ཁྲང་ཏི་ནི་རང་ཁུལ་གྱི་གསར་བརྗེའི་ལྗོངས་སྐོར་འཕེལ་རྒྱས་ཀྱི་བསྡུས་གཟུགས་ཙམ་ཡིན་ལ། ཉེ་བའི་ལོ་ཤས་རིང་ནས་བཟུང་། རང་ཁུལ་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་ཞིང་། ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་ལྷུར་བླངས་ནས། རྒྱང་སྐྱོད་སྙིང་སྟོབས་དར་སྤེལ་དམིགས་འབེན་དུ་བཟུང་སྟེ། རྒྱང་སྐྱོད་ལམ་ཐིག་གཙོར་བྱས་པའི་གསར་བརྗེའི་ཐོན་ཁུངས་གསར་སྤེལ་དང་སྲུང་སྐྱོང་། གསར་གཏོད་བེད་སྤྱོད་བཅས་ཀྱི་སྒོ་ནས། གསར་བརྗེའི་ཟོང་རྟགས་བསྐྲུན་ཏེ་དུས་རབས་གསར་བའི་རྒྱང་སྐྱོད་ཀྱི་ལམ་དུ་ལེགས་པར་སྐྱོད་བཞིན་ཡོད།


        ད་ལྟ་རང་ཁུལ་གྱི་གསར་བརྗེའི་ལྗོངས་སྐོར་གོང་ནས་གོང་དུ་འཕེལ་བཞིན་ཡོད་ལ། མ་འོངས་པར་རང་ཁུལ་གྱིས་གསར་བརྗེའི་རིག་གནས་ཀྱི་ཐོན་ཁུངས་མང་བོ་སྔོག་འདོན་བྱས་ཏེ། རྔ་བའི་ཡུལ་གྱི་དམར་དམག་རྒྱང་སྐྱོད་ཀྱི་ལོ་རྒྱུས་རྨང་གཞིར་བྱས་པའི་རྒྱང་སྐྱོད་སྙིང་སྟོབས་དར་སྤེལ་དམིགས་འབེན་དུ་བཟུང་ནས། གངས་རི་དང་རྩྭ་ཐང་གི་རྒྱང་སྐྱོད་ལམ་ཐིག་གཙོ་བོར་བརྟེན་ནས། གསར་བརྗེའི་ཐོན་ཁུངས་ལེགས་པར་སྤྱད་དེ་གསར་བརྗེའི་སྲོལ་རྒྱུན་སྔོག་འདོན་དང་རྒྱུན་འཛིན་ལེགས་པོ་བྱ་ངེས་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1