ཞི་ཅིན་ཕིང་གིས་ལ་ཏིང་མེ་གླིང་དང་ཅ་ལེ་པི་རྒྱལ་ཁབ་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་དབུ་ཚོགས་སྐབས་དྲུག་པར་བརྙན་ལམ་ཤིས་ཚིག་གསུངས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 09-22




ཟླ་9ཚེས་18ཉིན། ལ་ཏིང་མེ་གླིང་དང་ཅ་ལེ་པི་རྒྱལ་ཁབ་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་དབུ་ཚོགས་སྐབས་དྲུག་པ་མོ་ཞི་ཁོའི་རྒྱལ་ས་མོ་ཞི་ཁོ་གྲོང་དུ་འཚོགས་ཤིང་། ལ་ཏིང་མེ་གླིང་དང་ཅ་ལེ་པི་རྒྱལ་ཁབ་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་མོ་ཞི་ཁོའི་གདན་ཞུས་ལྟར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབུ་ཚོགས་ཐོག་བརྙན་ལམ་ཤིས་ཚིག་གསུངས་པ།

        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་18ཉིན། ལ་ཏིང་མེ་གླིང་དང་ཅ་ལེ་པི་རྒྱལ་ཁབ་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་དབུ་ཚོགས་སྐབས་དྲུག་པ་མོ་ཞི་ཁོའི་རྒྱལ་ས་མོ་ཞི་ཁོ་གྲོང་དུ་འཚོགས་ཤིང་། ལ་ཏིང་མེ་གླིང་དང་ཅ་ལེ་པི་རྒྱལ་ཁབ་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་མོ་ཞི་ཁོའི་གདན་ཞུས་ལྟར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབུ་ཚོགས་ལ་བརྙན་ལམ་ཤིས་ཚིག་གསུངས་པ་རེད།
        ཞི་ཅིན་ཕིང་གིས། ལོ་10ཡི་གོང་དུ་ལ་ཏིང་མེ་གླིང་དང་ཅ་ལེ་པི་རྒྱལ་ཁབ་ཀྱིས་རང་བཙན་རང་བདག་དོན་གཉེར་དང་མཉམ་འབྲེལ་རང་བཀུར་གྱི་འབད་བརྩོན་འོག་ལ་ཏིང་མེ་གླིང་དང་ཅ་ལེ་པི་རྒྱལ་ཁབ་ཀྱི་གཅིག་མཐུན་འདུས་གྲུབ་དུས་ཐོག་ཏུ་བསྒྲུབས་པ་དེ་ནི་ས་ཁུལ་གཞི་གཅིག་ཅན་གྱི་འཕེལ་རིམ་ཁྲོད་ཀྱི་ལམ་ཚད་རྡོ་རིང་ལྟར་གྱི་དོན་ཆེན་ཞིག་རེད། ལོ་10ཡི་རིང་། ལ་ཏིང་མེ་གླིང་དང་ཅ་ལེ་པི་རྒྱལ་ཁབ་ཀྱི་གཅིག་མཐུན་འདུས་གྲུབ་ཀྱིས་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་དང་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ནུས་པ་གལ་ཆེན་བཏོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ལ་ཏིང་མེ་གླིང་དང་ཅ་ལེ་པི་རྒྱལ་ཁབ་ཀྱི་གཅིག་མཐུན་འདུས་གྲུབ་དང་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ཏེ། ལ་ཏིང་མེ་གླིང་དང་ཅ་ལེ་པི་རྒྱལ་ཁབ་ཀྱི་གཅིག་མཐུན་འདུས་གྲུབ་ཀྱིས་ས་ཁུལ་རྒྱལ་ཁབ་དང་མཉམ་ལས་བྱེད་པ་དང་འགྲན་སློང་ལ་ཁ་གཏད་གཅོག་པར་རྒྱབ་སྐྱོར་བྱས་ཡོད། 2014ལོའི་ཟླ་7པར་ང་དང་ས་ཁུལ་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་ཐུན་མོང་ཐོག་ཀྲུང་གོ་དང་ལ་ཏིང་མེ་གླིང་དང་ཅ་ལེ་པི་རྒྱལ་ཁབ་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་གླེང་སྟེགས་འཛུགས་རྒྱུའི་ཁྱབ་བསྒྲགས་བྱས་ནས་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་སྤྱི་ཡོངས་མཉམ་ལས་ཀྱི་ཐབས་ལམ་གསར་པ་བཏོད་ཡོད། ལོ་7རིང་ཀྲུང་ལའི་གླེང་སྟེགས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ནས། ཀྲུང་ལའི་ལས་རིགས་ཁག་གི་མཛའ་གྲོགས་སྟོབས་ཤུགས་གཅིག་ཏུ་བསྡུས་པའི་ལས་སྟེགས་གཙོ་བོར་གྱུར་ཏེ་ཀྲུང་ལའི་འབྲེལ་བ་ཟབ་ཏུ་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་གསུངས་པ་རེད།
        ཞི་ཅིན་ཕིང་གིས། རྒྱལ་སྤྱིའི་འགྱུར་ལྡོག་ཆེན་པོ་བརྒྱུད་རྗེས་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་འབྲེལ་བ་འདྲ་མཉམ་དང་། གཉིས་ཁེ། གསར་གཏོད། སྒོ་དབྱེ། དམངས་ཕན་བཅས་ཀྱི་དུས་རབས་གསར་པར་སླེབས་ཡོད། ཀྲུང་ལའི་དབར་གྱི་མཛའ་གྲོགས་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་མི་སེམས་ལ་གཏིང་ཟབ་ཟུག་ཡོད། ན་ནིང་ཚུན། གློ་བུར་དུ་ཐོན་པའི་ཏོག་གསར་རིམས་ནད་ཀྱི་མདུན་དུ་ཀྲུང་གོ་དང་ལ་ཏིང་མེ་གླིང་དབར་ལྟ་རེས་སྐྱོང་རེས་བྱས་ནས་ཕྱོགས་མང་གི་རིམས་འགོག་མཉམ་ལས་ཀྱི་ལས་དོན་སྤེལ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ལ་ཏིང་མེ་གླིང་དང་ཅ་ལེ་པི་རྒྱལ་ཁབ་ལ་ནུས་པས་ལྕོགས་ཚོད་ཀྱི་རོགས་རམ་མུ་མཐུད་བྱས་ནས་ས་ཁུལ་རྒྱལ་ཁབ་སྔ་ཙམ་རིམས་ནད་ལས་རྣམ་པར་རྒྱལ་བ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སླར་གསོ་ཐུབ་རྒྱུར་རམ་འདེགས་བྱ་རྒྱུ་ཡིན། ཀྲུང་གོས་ལ་ཏིང་མེ་གླིང་དང་ཅ་ལེ་པི་རྒྱལ་ཁབ་དང་མཉམ་དུ་དུས་ངལ་མཉམ་སེལ་དང་གོ་སྐབས་མཉམ་དུ་བཏོད་དེ་ལག་གདང་སྦྲེལ་ནས་ཀྲུང་ལའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1