གཏམ་བཟང་། བོད་ལྗོངས་ལ་གསེར་གྱི་རྟགས་མ་ཐོག་མ་ཐོབ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 09-23



༄༅།།གཏམ་བཟང་། བོད་ལྗོངས་ལ་གསེར་གྱི་རྟགས་མ་ཐོག་མ་ཐོབ།
     མི་དམངས་དྲ་བའི་འཕྲིན། ཚེས་21ཉིན་གྱི་ཕྱི་དྲོར་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་རྟ་རྩལ་རྣམ་གྲངས་གསུམ་གྱི་ཚོགས་པའི་འགྲན་བསྡུར་མཇུག་བསྒྲིལ་ཞིང་། རང་ལྗོངས་ཀྱི་ལུས་རྩལ་པ་བཀྲ་ཤིས་དང་། བསྟན་འཛིན་བློ་བརྟན། སྐལ་བཟང་ཕུན་ཚོགས། སྤེན་པ་ཚེ་རིང་བཅས་ལས་གྲུབ་པའི་བོད་ལྗོངས་ཀྱི་རུ་ཁག་ཨང་དང་པོར་སླེབས་ནས་རྣམ་གྲངས་དེའི་ཚོགས་པའི་འགྲན་བསྡུར་གྱི་གསེར་གྱི་རྟགས་མ་ཐོབ་པ་དེ་ནི་རང་ལྗོངས་ལ་སྐབས་འདིའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་རྩལ་འགྲན་རྣམ་གྲངས་ནང་ཨང་དང་པོ་ཐོག་མར་ཐོབ་པ་ཡིན་ཞིང་། རང་ལྗོངས་ཀྱི་རྩལ་འགྲན་རྟ་རྒྱུག་དེ་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་ལོ་རྒྱུས་ཐོག་གསེར་གྱི་རྟགས་མ་“གཅིག་ཀྱང་མེད་པ”ལས་སྒྲོལ་ཐུབ་པ་བྱུང་ཡོད། 
     མི་སྒེར་གྱི་འགྲན་བསྡུར་ནང་སྐལ་བཟང་ཕུན་ཚོགས་ལ་ཨང་གསུམ་པ་ཐོབ་ནས་རང་ལྗོངས་ལ་ཟངས་ཀྱི་རྟགས་མ་གཅིག་བླངས་ཡོད། 
     རྟ་རྩལ་རྣམ་གྲངས་གསུམ་གྱི་འགྲན་བསྡུར་ལ་རྟ་བཞོན་མཁན་དང་རྟ་གཅིག་མཉམ་དུ་འགྲན་བསྡུར་ལ་ཞུགས་རྒྱུ་དེ་ཡིན་ཞིང་། འགྲན་བསྡུར་རྣམ་གྲངས་གསུམ་ཉིན་གསུམ་ལ་བགོས་ནས་སྤེལ་བ་དང་། ཉིན་དང་པོར་གཟབ་མཆོར་ལེགས་པར་སྤྲས་ནས་འགྲོ་རྒྱུ། ཉིན་གཉིས་པར་བྱེས་བགྲོད་འགྲན་བསྡུར་བྱ་རྒྱུ། ཉིན་གསུམ་པར་འགྲན་རར་འགག་སྒྲོལ་འགྲན་རྒྱུག་བྱ་རྒྱུ། འགྲན་བསྡུར་སྐོར་གསུམ་ནི་ཆད་གཅོད་སྐར་མ་རྩིས་རྒྱག་པ་བརྒྱུད་ནས་རུ་ཁག་རེའི་མི་རྟ་སྡེབ་སྒྲིག་གི་བཟང་ངན་མཚོན་པ་རེད། སྐར་མ་བཅག་པ་ཇི་ཙམ་ཉུང་ན་དེ་ཙམ་གྱིས་ལེགས་པ་དང་། ཚོགས་པའི་འགྲན་བསྡུར་གྱི་མཐའ་མའི་ཨང་རིམ་ནི་རིམ་རྩིས་བྱས་ན་རེས་སྐོར་རེ་རེའི་རུ་ཁག་གི་མི་བཞིའི་ཁྲོད་ནས་གྲུབ་འབྲས་བཟང་ཤོས་གསུམ་གྱི་སྐར་མ་བཅག་ཚད་རིམ་རྩིས་བྱེད་པ་ཡིན་པ་དང་། སྐར་མ་བཅག་ཚད་ཇི་ཙམ་ཉུང་ན་དེ་ཙམ་གྱིས་མདུན་གྲལ་དུ་སླེབས་ཀྱི་ཡོད་པ་རེད།  

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1