ཞི་ཅིན་ཕིང་སྐབས་བདུན་ཅུ་དོན་དྲུག་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་སྤྱིར་བཏང་རང་བཞིན་གྱི་རྩོད་གླེང་ནང་ཞུགས་ནས་གསུང་བཤད་གལ་ཆེན་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 09-24



ཟླ་9ཚེས་21ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ནས་བརྙན་ལམ་བརྒྱུད་སྐབས་བདུན་ཅུ་དོན་དྲུག་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་སྤྱིར་བཏང་རང་བཞིན་གྱི་རྩོད་གླེང་ནང་ཞུགས་ཏེ། འགོ་བརྗོད་དུ《ཡིད་ཆེས་བརྟན་དུ་བཏང་ནས་དུས་ངལ་མཉམ་སེལ་གྱིས་དེ་བས་མཛེས་སྡུག་ལྡན་པའི་འཛམ་གླིང་མཉམ་དུ་སྐྲུན་དགོས》ཞེས་འཁོད་པའི་གསུང་བཤད་གལ་ཆེན་གནང་བ།
     ཞི་ཅིན་ཕིང་སྐབས་བདུན་ཅུ་དོན་དྲུག་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་སྤྱིར་བཏང་རང་བཞིན་གྱི་རྩོད་གླེང་ནང་ཞུགས་ནས་གསུང་བཤད་གལ་ཆེན་གནང་བ། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཐད་གྲོས་འགོ་བཏོན་གནང་བ་དང་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འཇིགས་སྐུལ་དང་འགྲན་སློང་ལ་ལག་གདང་སྦྲེལ་ནས་ཁ་གཏད་བཅག་སྟེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཚེས་21ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ནས་བརྙན་ལམ་བརྒྱུད་སྐབས་བདུན་ཅུ་དོན་དྲུག་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་སྤྱིར་བཏང་རང་བཞིན་གྱི་རྩོད་གླེང་ནང་ཞུགས་ཏེ། འགོ་བརྗོད་དུ《ཡིད་ཆེས་བརྟན་དུ་བཏང་ནས་དུས་ངལ་མཉམ་སེལ་གྱིས་དེ་བས་མཛེས་སྡུག་ལྡན་པའི་འཛམ་གླིང་མཉམ་དུ་སྐྲུན་དགོས》ཞེས་འཁོད་པའི་གསུང་བཤད་གལ་ཆེན་གནང་བ་རེད།
     ཞི་ཅིན་ཕིང་གིས་བསྟན་གནང་དོན། འདི་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བའི་ལོ་ཞིག་རེད་ལ། མཉམ་འབྲེལ་རྒྱལ་ཚོགས་སུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་མཐུན་གདན་ཐོབ་སླར་གསོ་བྱུང་ནས་ལོ་ངོ་50འཁོར་བའི་ལོ་ཞིག་ཀྱང་རེད། ཀྲུང་གོས་ལོ་རྒྱུས་རང་བཞིན་གྱི་དོན་ཆེན་དེར་དྲན་གསོ་གཟབ་རྒྱས་ཞུ་རྒྱུ་ཡིན། ང་ཚོས་ཀྲུང་གོ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཉམ་ལས་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་མུ་མཐུད་སྐུལ་འདེད་ཧུར་ཐག་བཏང་སྟེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བླ་ན་མེད་པའི་བྱ་གཞག་ལ་དེ་བས་ཆེ་བའི་ལེགས་སྐྱེས་གསར་པ་རྒྱུན་ཆད་མེད་པར་འབུལ་རྒྱུ་ཡིན།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ལོ་གཅིག་གོང་རྒྱལ་ཁབ་ཁག་གི་འགོ་ཁྲིད་པས་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་ངོ་75འཁོར་བའི་དབུ་ཚོགས་རབ་དང་རིམ་པར་ཐུན་མོང་ཐོག་ཞུགས་ཏེ། མཉམ་ལས་བྱས་ནས་རིམས་ནད་འགོག་བཅོས་བྱེད་པ་དང་། ལག་གདང་སྦྲེལ་ནས་འགྲན་སློང་ལ་ཁ་གཏད་གཅོག་པ། ཕྱོགས་མང་རིང་ལུགས་མཐའ་འཁྱོངས་བྱེད་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས་མི་རབས་རྗེས་མའི་ཐུན་མོང་འབྱུང་འགྱུར་གཏོད་རྒྱུའི་ཁས་ལེན་གནང་ཡོད། ལོ་གཅིག་ནང་འཛམ་གླིང་ལ་ལོ་བརྒྱའི་རིང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་དང་ཏོག་གསར་གློ་ཚད་རིམས་ནད་གོ་ལ་ཧྲིལ་པོར་མཆེད་པའི་ཤུགས་རྐྱེན་ཉིས་བརྩེགས་ཐེབས་སྟབས། རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་ཞི་བདེ་འཕེལ་རྒྱས་ལ་བཅོལ་བའི་རེ་སྒུག་དེ་བས་ཆེ་རུ་ཕྱིན་པ་དང་། དྲང་གཞག་དྲང་བདེན་ཆེད་བསྒྲགས་པའི་འབོད་སྒྲ་དེ་བས་ཆེ་རུ་ཕྱིན་པ། མཉམ་ལས་གཉིས་ཕན་དོན་གཉེར་བྱེད་པའི་སེམས་ཤུགས་དེ་བས་བརྟན་དུ་ཕྱིན་ཡོད།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མིག་སྔར་རིམས་ནད་སྔར་བཞིན་གོ་ལ་ཧྲིལ་པོར་མཆེད་ནས་མིའི་རིགས་ཀྱི་སྤྱི་ཚོགས་ལ་འགྱུར་ལྡོག་གཏིང་ཟབ་བྱུང་བའི་ཁར། འཛམ་གླིང་འདི་ཉིད་འཕོ་འགྱུར་ཆེ་བའི་དུས་སྐབས་གསར་པ་ཞིག་ཏུ་སླེབས་པས། འགན་འཁྲི་འཁུར་ཕོད་མཁན་ཆབ་སྲིད་མཁས་ཅན་ཚང་མས་ངེས་པར་དུ་ཡིད་ཆེས་ཆེན་པོ་དང་། སྙིང་སྟོབས་ཆེན་པོ། འགན་འཁུར་ཕོད་པ་བཅས་ཀྱི་སྒོ་ནས་དུས་རབས་ཀྱི་བརྗོད་གཞིར་ལན་བཏབ་ནས་ལོ་རྒྱུས་ཀྱི་གདམ་ག་བྱེད་དགོས།
     གཅིག ང་ཚོས་ངེས་པར་དུ་རིམས་ནད་ལས་རྣམ་པར་རྒྱལ་ནས་མིའི་རིགས་ཀྱི་མདུན་ལམ་དང་ལས་དབང་ལ་ཐུག་པའི་འཐབ་རྩོད་གལ་ཆེན་དེའི་རྒྱལ་ཁ་ལེན་དགོས་ཤིང་། མིའི་རིགས་ཀྱིས་ག་དུས་ཡིན་རུང་འགྲན་སློང་ལས་རྒྱུན་ཆད་མེད་པར་རྣམ་པར་རྒྱལ་ནས་འཕེལ་རྒྱས་དང་ཡར་ཐོན་དེ་བས་ཆེ་བ་ཡོང་ཐབས་བྱེད་ཀྱི་ཡོད། ང་ཚོས་མི་དམངས་གོང་དུ་བཀུར་རྒྱུ་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་དང་ཆབས་ཅིག ཚན་རིག་དང་མཐུན་པའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། ཚན་རིག་དང་མཐུན་པའི་རྣམ་འགྱུར་འཛིན་པ། ཚན་རིག་དང་མཐུན་པའི་ཆོས་ཉིད་ལ་བརྩི་སྲུང་ཞུ་བ་བཅས་བྱས་ཏེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུ་སྤྱི་འདོམས་བྱེད་དགོས་པ་དང་རྒྱལ་སྤྱིས་མཉམ་དུ་སྔོན་འགོག་དང་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་དགོས། གོ་ལ་ཧྲིལ་པོའི་སྤྱི་པའི་ཐོན་རྫས་སུ་བྱེད་པའི་རིམས་འགོག་སྨན་ཁབ་དེ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་ཁྱབ་པ་དང་ཉོ་ཐུབ་པའི་འགན་ལེན་བྱེད་དགོས། མིག་སྔའི་ཁ་ཚ་དགོས་གཏུག་ནི་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་སུ་རིམས་འགོག་སྨན་ཁབ་ལུགས་མཐུན་དྲང་གཞག་ངང་བགོ་བཤའ་རྒྱག་རྒྱུ་དེ་རེད། ཀྲུང་གོས་ལོ་ཧྲིལ་པོར་ཕྱི་ཕྱོགས་ལ་རིམས་འགོག་སྨན་ཁབ་དུང་ཕྱུར་20མཁོ་འདོན་གྱི་འབད་བརྩོན་ཧུར་ཐག་བྱ་རྒྱུ་དང་། “ཏོག་གསར་རིམས་འགོག་སྨན་ཁབ་ལག་བསྟར་འཆར་གཞིར”ཨ་སྒོར་དུང་ཕྱུར་1ཞལ་འདེབས་བརྒྱབ་པའི་རྨང་གཞིའི་ཐོག ལོ་འདིའི་ནང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་སླར་ཡང་རིམས་འགོག་སྨན་ཁབ་དུང་ཕྱུར་1ཞལ་འདེབས་རྒྱག་རྒྱུ་ཡིན། ཀྲུང་གོས་གོ་ལ་ཧྲིལ་པོའི་ཚན་རིག་དང་མཐུན་པའི་ནད་དུག་ཁུངས་འདེད་ལ་མུ་མཐུད་རྒྱབ་སྐྱོར་དང་ཞུགས་རྒྱུ་ཡིན་ལ། རྣམ་པ་གང་རུང་གི་ཆབ་སྲིད་གཡོ་ཇུས་ལའང་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན།
     གཉིས། ང་ཚོས་ངེས་པར་དུ་དཔལ་འབྱོར་སླར་གསོ་བྱས་ནས་དེ་བས་ཤུགས་ཆེ་དང་། ལྗང་མདོག སྐྱོན་བྲལ་བཅས་ཀྱི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་སྐུལ་འདེད་ཀྱིས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་དེ་དོ་སྙོམས་དང་། མཐུན་སྦྱོར། བསྟུན་མཁས་བཅས་ཀྱི་དུས་རིམ་གསར་པའི་ཕྱོགས་སུ་བསྐྱོད་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས།
     ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཐད་གྲོས་འགོ་ཁག་དྲུག་བཏོན་གནང་བ་སྟེ།
     གཅིག་ནས་འཕེལ་རྒྱས་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། འཕེལ་རྒྱས་དེ་གོ་ལ་ཧྲིལ་པོའི་གཞི་ཆེའི་སྲིད་ཇུས་ཀྱི་སྒྲོམ་གཞིའི་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་སྟེ། དཔལ་འབྱོར་དངོས་ཚན་གཙོ་བོའི་སྲིད་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་། རྒྱུན་མཐུད་རང་བཞིན་དང་། བརྟན་པོའི་རང་བཞིན། རྒྱུན་མཐུད་ཆོག་པའི་རང་བཞིན་བཅས་མཐའ་འཁྱོངས་བྱེད་པ། དེ་བས་འདྲ་མཉམ་དང་དོ་སྙོམས་ཀྱི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་རོགས་ཟླའི་འབྲེལ་བ་འཛུགས་པ་བཅས་བྱས་ནས་ཕྱོགས་མང་འཕེལ་རྒྱས་ཀྱི་མཉམ་ལས་འཕེལ་རིམ་ལ་མཐུན་སྦྱོར་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་མགྱོགས་མྱུར་དོན་འཁྱོལ་བྱེད་དགོས།
     གཉིས་ནས་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། འཕེལ་རྒྱས་གཏོང་རིང་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ་དང་། འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོང་བྱེད་པ་དང་སྐུལ་འདེད་གཏོང་བ། འཕེལ་རྒྱས་ནི་མི་དམངས་ཀྱི་ཆེད་དུ་ཡིན་པ་དང་། འཕེལ་རྒྱས་ནི་མི་དམངས་ལ་བརྟེན་པ། འཕེལ་རྒྱས་ཀྱི་གྲུབ་འབྲས་མི་དམངས་ཀྱིས་མཉམ་སྤྱོད་བྱེད་པ་བཅས་བྱེད་པ། དམངས་ཚོགས་ཀྱི་སྐྱིད་སྣང་དང་། ཐོབ་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ། མིའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ཡོང་བ་བྱེད་དགོས།
     གསུམ་ནས་ཀུན་ཕན་བསྟུན་མཁས་མཐའ་འཁྱོངས་བྱེད་དགོས་ཤིང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དམིགས་བསལ་དགོས་མཁོར་དོ་ཁུར་བྱས་ཏེ། བུ་ལོན་དུས་འགྱངས་དང་འཕེལ་རྒྱས་ལ་རོགས་སྐྱོར་སོགས་ཀྱི་བྱེད་ཐབས་བརྒྱུད་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་ལྷག་པར་དུ་དཀའ་ངལ་ཤིན་ཏུ་ཆེ་བའི་ཉམས་ཞན་རྒྱལ་ཁབ་ལ་རྒྱབ་སྐྱོར་བྱས་ནས། རྒྱལ་ཁབ་དབར་དང་རྒྱལ་ཁབ་ཁག་གི་ནང་ཁུལ་གྱི་འཕེལ་རྒྱས་དོ་མི་མཉམ་པ་དང་གང་ལེགས་མ་བྱུང་བའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་དགོས།
     བཞི་ནས་གསར་གཏོད་ལ་བརྟེན་ནས་ཡར་སྐུལ་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་གསར་བསྒྱུར་གྱི་ལོ་རྒྱུས་རང་བཞིན་གྱི་གོ་སྐབས་དམ་འཛིན་བྱས་ནས་ཚན་རྩལ་གྱི་གྲུབ་འབྲས་དག་ཐོན་སྐྱེད་ནུས་ཤུགས་དངོས་སུ་སྒྱུར་མགྱོགས་སུ་གཏོང་བ་དང་། སྒོ་དབྱེ་དང་། དྲང་སྙོམས། དྲང་གཞག མཐོང་ཆུང་མི་བྱེད་པ་བཅས་ཀྱི་ཚན་རྩལ་འཕེལ་རྒྱས་ཀྱི་ཁོར་ཡུག་གཏོད་པ། རིམས་ནད་ཐོན་རྗེས་ཀྱི་དཔལ་འབྱོར་འཕར་བའི་སྒུལ་ནུས་གསར་པ་སྔོག་འདོན་བཅས་བྱས་ནས་ལག་གདང་དཔུང་སྦྲེལ་གྱིས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཡོང་བ་བྱེད་དགོས།
     ལྔ་ནས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་མཐའ་འཁྱོངས་བྱེད་དགོས་ཤིང་། གོ་ལ་ཧྲིལ་པོའི་ཁོར་ཡུག་བཅོས་སྐྱོང་བྱེད་སྟངས་འཐུས་སྒོ་ཚང་དུ་གཏོང་བ་དང་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་ཧུར་ཐག་བཅག་ནས་མི་དང་རང་བྱུང་ཁམས་ཀྱི་ཚེ་སྲོག་གཅིག་མཐུན་འདུས་གྲུབ་གཏོད་དགོས། ལྗང་མདོག་ཐཱན་ཉུང་ཕྱོགས་སུ་སྒྱུར་མགྱོགས་སུ་བཏང་ནས་ལྗང་མདོག་སླར་གསོ་འཕེལ་རྒྱས་ཡོང་བ་བྱེད་དགོས། ཀྲུང་གོས་2030ལོའི་གོང་དུ་ཐཱན་ཚད་མཐོ་ཤོས་དང་2060ལོའི་གོང་དུ་ཐཱན་ཚད་སྙོམས་སྦྱོར་ཡོང་བ་བྱེད་པར་དཀའ་སྤྱད་འབད་བརྩོན་བྱེད་དགོས་མོད། འོན་ཀྱང་ང་ཚོས་རང་ནུས་ཡོད་རྒུ་འདོན་རྒྱུ་ཡིན། ཀྲུང་གོས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ནུས་རྒྱུ་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས་ཕྱི་རྒྱལ་གྱི་རྡོ་སོལ་གློག་རྣམ་གྲངས་གསར་སྐྲུན་བྱ་རྒྱུ་མིན།
     དྲུག་ནས་བྱ་སྤྱོད་ཀྱི་ཕྱོགས་སྟོན་མཐའ་འཁྱོངས་བྱེད་དགོས་ཤིང་། ཐོན་ཁུངས་ལ་མ་དངུལ་གཏོང་ཚད་མང་དུ་བཏང་སྟེ་དབུལ་པོ་ཉུང་གཏོང་དང་། འབྲུ་རིགས་བདེ་འཇགས། རིམས་འགོག་དང་རིམས་འགོག་སྨན་ཁབ། འཕེལ་རྒྱས་ཀྱི་མ་དངུལ་གྲབས་གསོག གནམ་གཤིས་འགྱུར་ལྡོག་དང་ལྗང་མདོག་འཕེལ་རྒྱས། བཟོ་ལས་ཅན། གྲངས་འཛིན་དཔལ་འབྱོར། མཉམ་སྦྲེལ་མཉམ་མཐུད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་གཙོ་གནད་ཐོག་སྐུལ་འདེད་བཏང་སྟེ་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་དགོས།
     གསུམ། ང་ཚོས་ངེས་པར་དུ་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་ཕན་ཚུན་བརྩི་འཇོག་དང་མཉམ་ལས་གཉིས་ཁེའི་རྒྱལ་སྤྱིའི་འབྲེལ་བའི་འདུ་ཤེས་ལག་ལེན་བསྟར་དགོས་ཤིང་། ཞི་བདེའི་ངང་འཕེལ་རྒྱས་འགྲོ་བའི་འཛམ་གླིང་ཞིག་གིས་རྣམ་པ་མི་འདྲ་བའི་ཤེས་དཔལ་ཐེག་ལེན་དགོས་པ་དང་། ངེས་པར་དུ་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་པའི་འགྲོ་ལམ་སྣ་ཚོགས་མཉམ་འདུས་བྱེད་དགོས། དམངས་གཙོ་ནི་རྒྱལ་ཁབ་གང་ཞིག་གི་ཆེད་ཁེ་མིན་པར་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་དབང་ཆ་རེད། ཕྱི་རོལ་གྱི་དམག་དོན་ཐེ་ཇུས་དང་དམངས་གཙོ་སྒྱུར་བཀོད་ཟེར་བ་དེར་གནོད་སྐྱོན་ཚད་མེད་ཡོད། ཞི་བདེ་དང་། འཕེལ་རྒྱས། འདྲ་མཉམ། དྲང་གཞག དྲང་བདེན། དམངས་གཙོ། རང་དབང་བཅས་ཀྱི་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་ཤུགས་ཆེན་བཏང་སྟེ་འཁོར་རྒྱ་ཆུང་ངུ་དང་རྒྱལ་ཕམ་གྱི་འགྲན་རྩོད་དོར་དགོས། རྒྱལ་ཁབ་ཅིག་ལ་གྲུབ་འབྲས་ཐོབ་པར་རྒྱལ་ཁབ་གཞན་ཞིག་ཕམ་ངེས་ཡིན་པ་མཚོན་གྱི་མེད་ལ། འཛམ་གླིང་འདིར་རྒྱལ་ཁབ་ཁག་ཐུན་མོང་ཐོག་འཚར་ལོངས་དང་ཡར་རྒྱས་ཡོང་ངེས་རེད། སྐད་ཆ་ཤོད་རེས་བྱེད་པ་ལས་ཁ་གཏད་དུ་མི་ལངས་པ་དང་བསྟུན་མཁས་བྱེད་པ་ལས་ཟུར་འབུད་མི་བྱེད་པ་མཐའ་འཁྱོངས་ཀྱིས་ཕན་ཚུན་བརྩི་འཇོག་དང་། དྲང་གཞག་དྲང་བདེན། མཉམ་ལས་གཉིས་ཁེ་བཅས་ཀྱི་རྒྱལ་སྤྱིའི་འབྲེལ་བ་གསར་པ་བཙུགས་ནས་ཁེ་ཕན་གྱི་གནས་རྒྱ་ཆེ་རུ་བཏང་སྟེ་མཐུན་ཆ་ཆེ་ཤོས་དེ་འབྲི་དགོས། ཀྲུང་ཧྭ་མི་རིགས་ཀྱིས་རྒྱུན་འཛིན་དང་དོན་གཉེར་བྱེད་པ་ནི་ཞི་བདེ་དང་། འཆམ་མཐུན། ཞི་མཐུན་བཅས་ཀྱི་འདུ་ཤེས་རེད། སྔོན་ཆད་ང་ཚོས་རྒྱལ་ཁབ་གཞན་ལ་བཙན་འཛུལ་དང་བརྙས་བཅོས་བྱེད་མྱོང་མེད་ལ་ཕྱིན་ཆད་ཀྱང་བྱེད་མི་སྲིད། ང་ཆེ་ང་བཙན་དེ་བས་ཀྱང་བྱེད་མི་སྲིད། ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་འཛམ་གླིང་ཞི་བདེ་འཛུགས་སྐྲུན་བྱེད་མཁན་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་མཁན། རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་བྱེད་མཁན། སྤྱི་པའི་ཐོན་རྫས་མཁོ་འདོན་བྱེད་མཁན་བཅས་ཡིན་པས། སླད་ཕྱིན་ཀྲུང་གོའི་འཕེལ་རྒྱས་གསར་པར་བརྟེན་ནས་འཛམ་གླིང་ལ་གོ་སྐབས་གསར་པ་མུ་མཐུད་གཏོད་རྒྱུ་ཡིན།
     བཞི། ང་ཚོས་ངེས་པར་དུ་གོ་ལ་ཧྲིལ་པོ་བཅོས་སྐྱོང་བྱེད་སྟངས་འཐུས་སྒོ་ཚང་དུ་བཏང་སྟེ་ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་དགོས་ཤིང་། འཛམ་གླིང་དུ་མ་ལག་གཅིག་མ་གཏོགས་མེད་པ་ནི་མཉམ་འབྲེལ་རྒྱལ་ཚོགས་ལྟེ་བར་བྱས་པའི་རྒྱལ་སྤྱིའི་མ་ལག་དེ་ཡིན་པ་དང་། སྒྲིག་ལམ་གཅིག་མ་གཏོགས་མེད་པ་ནི་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ་ཡིན་པ། སྒྲིག་སྲོལ་ཆ་ཚང་གཅིག་ལས་མེད་པ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ཀྱི་དམིགས་ཡུལ་དང་རྩ་དོན་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་དེ་ཡིན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཕྱོགས་མང་རིང་ལུགས་ངོ་མའི་དར་ཆ་མཐོན་པོར་བསྒྲེངས་ཏེ། རྒྱལ་ཁབ་ཁག་གིས་ཐུན་མོང་ཐོག་ཡོངས་ཁྱབ་ཀྱི་བདེ་འཇགས་སྲུང་སྐྱོང་དང་། ཐུན་མོང་ཐོག་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སྤྱོད། ཐུན་མོང་ཐོག་འཛམ་གླིང་གི་ལས་དབང་སྟངས་འཛིན་བཅས་ཀྱི་ལྟེ་བའི་ལས་སྟེགས་ཤིག་ཏུ་འགྱུར་བར་བྱེད་དགོས། རྒྱལ་སྤྱིའི་སྒྲིག་ལམ་བརྟན་པོ་ཡོང་རྒྱུར་གཞོལ་ནས་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཚོན་བྱེད་རང་བཞིན་དང་སྐད་ཆ་ཤོད་དབང་ཆེ་རུ་བཏང་སྟེ། རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་དང་ཁྲིམས་སྐྱོང་ཅན་ལ་སྐུལ་འདེད་གཏོང་བའི་ཐད་མདུན་གྲལ་དུ་སྐྱོད་དགོས། བདེ་འཇགས་དང་། འཕེལ་རྒྱས། འགྲོ་བ་མིའི་ཐོབ་ཐང་བཅས་ཁྱབ་ཁོངས་ཆེན་པོ་གསུམ་གྱི་ལས་དོན་ལ་དོ་སྙོམས་ངང་སྐུལ་འདེད་བཏང་ནས་ཕྱོགས་ཁག་གིས་ཕྱོགས་མང་རིང་ལུགས་མཐའ་འཁྱོངས་བྱ་རྒྱུའི་ཁས་ལེན་བྱས་པ་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས།
     མཇུག་ཏུ་ཞི་ཅིན་ཕིང་གིས། འཛམ་གླིང་འདི་ཉིད་སླར་ཡང་ལོ་རྒྱུས་ཀྱི་ལམ་བཞི་མདོ་ཁར་སླེབས་ཡོད། མིའི་རིགས་ཞི་བདེ་དང་། འཕེལ་རྒྱས། ཡར་ཐོན་བཅས་ཡོང་བའི་རླབས་རྒྱུན་འགོག་ཐབས་བྲལ་བ་ང་ལ་ཡིད་ཆེས་བརྟན་པོ་ཡོད། ང་ཚོས་ཡིད་ཆེས་བརྟན་པོས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འཇིགས་སྐུལ་དང་འགྲན་སློང་ལ་ལག་གདང་སྦྲེལ་ནས་ཁ་གཏད་གཅོག་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་བཏང་ནས་དེ་བས་མཛེས་སྡུག་ལྡན་པའི་འཛམ་གླིང་ཞིག་ཐུན་མོང་ཐོག་སྐྲུན་དགོས་ཞེས་ནན་བཤད་གནང་བ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1