སྐབས་དང་པོའི་ལྷ་སའི་ཞང་ཞུང་རིག་གཞུང་དཔྱད་གླེང་ཚོགས་འདུ་འཚོགས་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-29


           སྤྱི་ཟླ་1པོའི་ཚེས་24ཉིན་ནས་ཚེས་25ཉིན་གྱི་བར། སྐབས་དང་པོའི་བོད་ལྗོངས་ལྷ་སའི་ཞང་ཞུང་རིག་གཞུང་དཔྱད་གླེང་ཚོགས་འདུ་བོད་ལྗོངས་ལྷ་ས་གྲོང་ཁྱེར་དུ་གཟབ་རྒྱས་ངང་འཚོགས་ཤིང་། ཚོགས་འདུའི་ཐོག་ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པ་ཞིབ་འཇུག་གླིང་གི་གླིང་གཙོ་སྟོང་སྐོར་ཚེ་རིང་ཐར་ལགས་དང༌། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་ཐུབ་བསྟན་ཕུན་ཚོགས་ལགས། ལན་གྲུ་སློབ་ཆེན་མི་རིགས་སློབ་གླིང་གི་དགེ་རྒན་ཆེ་མོ་གཞོན་པ་ངག་དབང་རྒྱ་མཚོ་ལགས། བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་གཞོན་པ་ཀུན་དགའ་ཡེ་ཤེས་ལགས་བཅས་ཀྱིས་གནའ་བོའི་ཞང་ཞུང་གི་ཡུལ་ཁམས་ལ་དཔྱད་པ་དང་ཞང་བོད་སྐར་འབྱུང་རྩིས་ཀྱི་ཤེས་རིག་བྱུང་ཚུལ། ཞང་ཞུང་དུས་རབས་སྐབས་ཀྱི་བོད་ཀྱི་རིག་གནས་དར་ཚུལ་སོགས་ཀྱི་སྐོར་ནས་གནད་དུ་འཁེལ་བའི་བཀའ་སློབ་དང་དགོངས་བཞེད་གསར་བ་དུ་མ་བསྩལ།


            ཀྲུང་གོ་ཏུན་ཧོང་སྒྱུ་རྩལ་ཞིབ་འཇུག་ལྟེ་གནས་ཀྱི་ཁྲང་ཅ་ཧོང༌། གནའ་རྫས་ཞིབ་འཇུག་ཆེད་མཁས་པ་གྲགས་ཅན་ཐུང་ཐའོ། ཀྲུང་གོ་བོད་རིག་པའི་ཞིབ་འཇུག་གླིང་གི་དགེ་རྒན་ཁྲིན་ལི་ཆིན། ཞང་ཞུང་རིག་གནས་སྨྲ་བ་ཀརྨ་རྒྱལ་མཚན། གཞོན་སྐྱེས་ལོ་རྒྱུས་ཉམས་ཞིབ་པ་བན་ཤུལ་དཔལ་མཁར་རྒྱལ། མཁར་ནག་སྐལ་བཟང་རྒྱ་མཚོ། གླིང་སྨན་གཡུང་དྲུང་བཀྲ་ཤིས། མངའ་རིས་ཕུར་བུ་རྒྱལ་མཚན་སོགས་ཀྱིས་སྔ་གཞུག་ཏུ་ཞང་ཞུང་རིག་གནས་སྒྱུ་རྩལ། བཀའ་རྟེན་དང་གནའ་ཡིག་དཔྱད་བསྡུར། སྤུར་རྒྱལ་ཚོང་ལམ་དང་འབྲེལ་བའི་ཤེས་རིག  སྐད་དང་ཡི་གེ  ཡུལ་སྲོལ་གོམས་གཤིས་ཁྱད་པར་ཅན། གནའ་བོའི་གསོ་དཔྱད། རོལ་ཆ་མཚོན་རྟགས་སོགས་ཞང་ཞུང་རིག་གནས་ཀྱི་ཁྱབ་ཁོངས་ཧ་ཅང་གལ་ཆེ་ཞིང་རིན་ཐང་ལྡན་པའི་ཞིབ་འཇུག་དཔྱད་འབྲས་རྣམས་ཡིག་ངག་ཟུང་དུ་སྦྲེལ་ཏེ་སྒྲོག་སྦྱང་སྙན་ཞུ་གྱ་ནོམ་པ་མཛད་ཡོད།


          ཚོགས་མཇུག་ཏུ་ཀརྨ་རྒྱལ་མཚན་ལགས་ཀྱིས་ཐེངས་འདིར་བོད་ཀྱི་ཡུལ་དབུས་ལྷ་ས་རུ་འདི་ལྟ་བུའི་རིག་གཞུང་དཔྱད་གླེང་ཚོགས་ཆེན་ཞིག་སྤེལ་གནང་བའི་དགོས་གལ་དང་། དམིགས་ཡུལ། མ་འོངས་ཞིབ་འཇུག་མི་སྣའི་དཔུང་ཁག་བསྐྱེད་བསྲིང༌། ད་ལྟའི་བོད་ཀྱི་གཞོན་སྐྱེས་ཚོའི་དུས་སུ་བབས་པའི་འགན་འཁྲི་ཇི་ལྟ་བུ་ཡིན་མིན་སོགས་ཚོགས་ཞུགས་མི་སྣ་ཀུན་ལ་གསལ་བསྒྲགས་དང་སྐུལ་འདེབས་ཀྱི་ཚུལ་གྱིས་ཚོགས་འདུ་མཇུག་བསྡུས་པར་བྱས་སོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1