གཙོ་ངོས།>> རྩོམ་རིག>>དཔྱད་རྩོམ།

རྩོམ་པ་པོ། སྙིང་ལྕགས་བྱམས། བྱ་མདོ་ཀླུ་བྱམས་རྒྱལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༩ཚེས་༢༦ཉིན།

༄༅།།རྗེ་བཙུན་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོས་《དཔལ་ལྡན་རྒྱུད་བཞི་》མཛད་དུས་ཀྱི་ཐོག་མའི་གནས་བབས་ལ་རགས་ཙམ་དཔྱད་པ།

[ནང་དོན་གནད་བསྡུས།] དཔྱད་རྩོམ་འདིར་གངས་ཅན་གསོ་རིག་བྱེད་པོ་རྗེ་བཙུན་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོས་《དཔལ་ལྡན་རྒྱུད་བཞི་》མཛད་དུས་ཀྱི་ཐོག་མའི་གནས་བབས་ཏེ། ལོ་ཆེན་བཻ་རོ་ཙ་ནས་བསྒྱུར་བའི་རྒྱ་གར་གྱི་གསོ་དཔྱད་《རྒྱུད་ཆུང་བདུད་རྩི་སྙིང་པོ་》དང་། རྗེ་བཙུན་གཡུ་ཐོག་པས་རྒྱ་གར་ནས་བླངས་པའི་《ཡན་ལག་བརྒྱད་པ་》དང་《རིག་པའི་གནས་མཆོག་བཅོ་བརྒྱད》 གཡུ་ཐོག་པའི་ཁྱིམ་རྒྱུད་ནས་བརྒྱུད་པའི་《མགོ་ཐིག་རིན་ཅེན་གནད་འགྲེལ་》སོགས་བཙན་པོ་སྲོང་བཙན་སྒམ་པོས་གཙོས་པའི་བོད་བཙན་པོའི་དུས་སྐབས་སུ་བོད་དུ་དར་ཁྱབ་ཆེ་བའི་རྒྱ་གར་ནག་དང་ཏ་ཟིག་བཅས་ཀྱི་གསོ་རིག་སྟེ་ལུགས་ཆེན་གསུམ་གྱི་གསོ་རིག་དང་། གཞན་ཡང་བོད་རང་ས་ནས་དར་བའི་《འཁོར་ལོ་རྒྱལ་པོའི་བེ་བུམ་》སོགས་ཞང་བོད་གསོ་རིག་གིས་རྨང་གཞི་བྱས་ཏེ་བོད་རང་གི་ཡུལ་དུས་དབང་པོའི་སྒོ་དང་ཉེ་བར་འཚམ་པའི་སྒོ་ནས་《དཔལ་ལྡན་རྒྱུད་བཞི་》ཐོག་མར་མཛད་པའི་སྐོར་དཔྱད་བརྗོད་བྱས་ཡོད།
[གནད་ཚིག] གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ། 《དཔལ་ལྡན་རྒྱུད་བཞི》 མཛད་དུས། ཐོག་མའི་གནས་བབས།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] R29“214” [ཡིག་ཆའི་མཚོན་རྟགས།] A [རྩོམ་ཡིག་ཨང་རྟགས།] 1002-9060-2021-01-0145-10
          དེ་ཡང་བོད་གངས་ཅན་གྱི་གསོ་རིག་གི་གཞུང་ལུགས་དང་ལག་ལེན་ཀུན་གྱི་ཕྱི་མོར་གྱུར་པའི་《དཔལ་ལྡན་རྒྱུད་བཞི་》ཞེས་པ་ནི་རྗེ་བཙུན་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོས་རྒྱ་གར་གྱི་གསོ་དཔྱད་《རྒྱུད་ཆུང་བདུད་རྩི་སྙིང་པོ་》དང་། 《ཡན་ལག་བརྒྱད་པ》 《རིག་པའི་གནས་མཆོག་བཅོ་བརྒྱད》 གཡུ་ཐོག་པའི་མེས་པོ་བི་བྱི་དགའ་བྱེད་དང་འདྲེ་རྗེ་རྒྱ་གར་བཛྲ་ནས་བརྒྱུད་པའི་《འཚོ་བའི་མདོ་ལྔ་》དང་《མགོ་ཐིག་རིན་ཅེན་གནད་འགྲེལ་》སོགས་ཁྱིམ་རྒྱུད་རང་བཞིན་གྱི་ཆིག་བརྒྱུད་ཀྱི་གདམས་ངག་རྣམས་དང་། 《སྨན་དཔྱད་ཟླ་བའི་རྒྱལ་པོ་》དང་། 《བླ་དཔྱད་ཀྱི་གཞུང་འཚོ་བའི་མདོ》《བི་ཇིའི་པོ་ཏི་ཁ་སེར་》སོགས་རྒྱ་གར་རྒྱ་ནག་ཏ་ཟིག་བཅས་ལུགས་ཆེན་གསུམ་གྱི་གསོ་རིག་དང་། བོད་རང་ས་ནས་དར་བའི་《འཁོར་ལོ་རྒྱལ་པོའི་བེ་བུམ་》དང་《དུག་བཅོས་གཡུང་དྲུང་འཁྱིལ་བ་》སོགས་ཞང་བོད་གསོ་རིག་གི་རྨང་གཞི་བྱས་ཏེ་《དཔལ་ལྡན་རྒྱུད་བཞི་》འདི་ཉིད་ཐོག་མར་བརྩམས་པ་རེད། གཤམ་ནས་གཙོ་བོ་གཞུང་གང་མཛད་དུས་ཀྱི་ལོ་རྒྱུས་ཀྱི་གནས་བབས་ཆ་ནས་གླེང་བར་བྱ་བ་ལ།
          དང་པོ། 《རྒྱུད་ཆུང་བདུད་རྩི་སྙིང་པོ་》ནི་《དཔལ་ལྡན་རྒྱུད་བཞི་》ལ་རྨང་གཞི་བྱས་ཏེ་གནང་ཚུལ།
          《རྒྱུད་ཆུང་བདུད་རྩི་སྙིང་པོ་》ནི་རྒྱ་གར་གྱི་དཔལ་ན་ལེནྡའི་སློབ་དཔོན་ཙནྡ་དེ་ཝ་ཡིས་ལོ་ཆེན་བེེ་རོ་ཙ་ན་བརྒྱུད་བཙན་པོ་ཁྲི་སྲོང་ལྡེ་བཙན་དང་རྗེ་བཙུན་གཡུ་ཐོག་པར་གདམས་པ་ཡིན་ཞིང་། སྐབས་དེར་《རྒྱུད་ཆུང་བདུད་རྩི་སྙིང་པོ་》ཡི་དཔེ་ཆའི་མཚན་བྱང་ལ་《རྒྱུད་བཞི་》རུ་འབོད།དེ་ནི་དེང་དུས་སུ་མི་རྣམས་ཀྱི་མིག་མཐོང་ལག་ཟིན་ཏུ་གྱུར་ཡོད་པའི་《རྒྱུད་བཞི་》འདི་དང་ཆེས་མི་མཐུན་པ་ཞིག་རེད།《རྒྱུད་ཆུང་བདུད་རྩི་སྙིང་པོ་》ཞེས་པའི་དཔེ་ཆའི་མཚན་བྱང་འདི་ནི་《རྒྱུད་བཞི་》བྱུང་བའི་རྗེས་སུ་《རྒྱུད་བཞི་》ལ་བལྟོས་ནས་ལྟོས་བཅས་ཀྱིས་བཏགས་པའི་རྗེས་གྲུབ་ཀྱི་མིང་ཞིག་ཡིན་པ་དང་། དཔེ་ཆ་འདི་ནི་《རྒྱུད་བཞི་》དང་བསྡུར་ན་རྒྱུད་ཆུང་ལྟ་བུ་ཞིག་ཡིན་པས་མིང་ཡང་དེ་ལྟར་བཏགས་པ་ཡིན་ཏེ། 《གཡུ་ཐོག་གསར་རྙིང་གི་རྣམ་ཐར་》དུ། “དེ་ཐོག་བཻ་རོ་ཙ་ན་ཡིས། །མཁས་པ་མི་དབང་ཙནྡ་ལ། །དཔལ་ལྡན་རྒྱུད་བཞི་ལེགས་ཞུས་ནས། །བོད་དུ་བསྒྱུར་བར་བྱེད་པ་ཡིས། །གཡུ་ཐོག་ཡོན་ཏན་མགོན་པོ་ཡིས། །རྒྱུད་བཞིའི་ཚིག་དོན་གསལ་བར་བྱེད། །” ①ཅེས་འབྱུང་བ་དང་།རྒྱལ་དབང་ལྔ་པ་ཆེན་པོས། “དེ་འདྲའི་རིག་བྱེད་རྒྱུ་སྐར་ཕྲེང་བའི་དབུས། །ཚིག་ཉུང་དོན་རྒྱས་རྒྱུད་བཞིའི་ཆུ་ཤེལ་དབང་། །དོན་གྱི་པཎ་ཆེན་འཇིག་རྟེན་མིག་གཅིག་པུ། །བཻ་རོའི་མཁྱེན་དཔྱོད་རླུང་གི་ཤིང་རྟས་དྲངས། །” ②ཞེས་བསྔགས་བརྗོད་གནང་བའི་ཚིག་ཉུང་དོན་རྒྱས་པའི་《རྒྱུད་བཞི་》གང་ནི་《རྒྱུད་ཆུང་བདུད་རྩི་སྙིང་པོ་》འདི་ཡིན་ནོ། །དེ་ལྟར་《རྒྱུད་ཆུང་བདུད་རྩི་སྙིང་པོ་》ནི་དེང་དུས་སུ་ཡོད་པའི་《དཔལ་ལྡན་རྒྱུད་བཞི་》འདིའི་མ་ཕྱི་ཡིན་པར་ཀུན་གྱིས་བཞེད། 《ཐང་ཡིག་》ཏུ། “བཻ་རོ་ཙ་ནས་བོན་ཆོས་འདྲེས་མར་བསྒྱུར། །བཻ་རོ་ཙ་ནས་རྩིས་སྨན་འདྲེས་མར་བསྒྱུར། །བཻ་རོ་ཙ་ནས་མདོ་སྔགས་འདྲེས་མར་བསྒྱུར། །མདོ་བསྒྱུར་ནང་དུ་ཡེ་ཤེས་སྡེ་ཞེས་བྲིས། །སྔགས་བསྒྱུར་ནང་དུ་བཻ་རོ་ཙ་ན་བྲིས། །བོན་བསྒྱུར་ནང་དུ་གན་ཇག་ཐང་ཏ་བྲིས། །རྩིས་བསྒྱུར་ནང་དུ་ཨིཎྚ་བཻ་རོ་བྲིས། །སྨན་བསྒྱུར་ནང་དུ་ཆོས་འབར་བྱ་བར་བཅུག །” ③ཅེས་འབྱུང་བའི་སྨན་བསྒྱུར་ཞེས་པ་ནི་《རྒྱུད་ཆུང་བདུད་རྩི་སྙིང་པོ་》ལ་སོགས་པ་བསྒྱུར་བར་གོ་དགོས་པ་དང་། བཻ་རོ་ཙ་ནས་སྨན་གཞུང་དེ་ལེགས་སྦྱར་ནས་བོད་ཡིག་ཏུ་བསྒྱུར་བ་ལས་གཞུང་དེའི་མཛད་པ་པོ་ནི་བཻ་རོ་ཙ་ན་མིན་པར་གསལ་ཏེ། 《རྒྱུད་ཆུང་བདུད་རྩི་སྙིང་པོ་》ཡི་མཇུག་བྱང་དུ། “ནུབ་ཕྱོགས་ཁ་ཆེའི་ཡུལ་དུ་རབ་གྲགས་པ། །སློབ་དཔོན་ཟླ་བ་མངོན་པར་དགའ་བ་ཡིས། ། སློབ་དཔོན་དཔལ་ལྡན་ཕ་གོལ་དགོངས་པ་བླངས། །དྲང་སྲོང་མཁས་པ་རྣམས་ཀྱི་ཐུགས་བཅུད་བྲུས། །རྒྱུད་དང་ཡན་ལག་ཀུན་གྱི་བཅུད་ཕྱུང་ནས། །གསོ་བ་རིག་པའི་མན་ངག་རྒྱུད་འདི་མཛད། །སྤྲུལ་པའི་སྐྱེས་མཆོག་གཅིག་ལ་གཅིག་བརྒྱུད་ནས། །ཐ་མར་གཡུ་ཐོག་མགོན་པོའི་ཕྱག་ཏུ་བབས། །” ④ཞེས་གསུངས་པ་ལྟར་གཞུང་འདིའི་མཛད་པ་པོ་ནི་ཁ་ཆེ་ཟླ་བ་མངོན་དགའ་ཡིན་པ་དང་། སྤྲུལ་པའི་སྐྱེས་མཆོག་གཅིག་ནས་གཅིག་ལ་བརྒྱུད་ཚུལ་ནི་ཁ་ཆེ་ཟླ་བ་མངོན་དགའ་ནས་རིམ་པར་བརྒྱུད་དེ་རྒྱ་གར་རྡོ་རྗེ་གདན་གྱི་མཁས་པ་ཙནྡ་དེ་ཝའི་ཕྱག་ཏུ་བབས། མཁས་པ་ཙནྡ་དེ་ཝའི་དྲུང་ནས་ལོ་ཆེན་བཻ་རོ་ཙ་ནས་ཞུས་ཤིང་བསྒྱུར་ནས་བཀའ་བབས་བཞིན་རྗེ་བཙུན་གཡུ་ཐོག་པ་ལ་གཏད་པ་ཡིན་ཏེ།《གཡུ་ཐོག་གསར་རྙིང་གི་རྣམ་ཐར་》དུ། “ངས་རྒྱ་གར་སྔ་མ་ལ་གསེར་སྲང་བརྒྱ་ཁྱེར་ནས་རྒྱ་གར་རྡོ་རྗེ་གདན་ན་པཎ་ཆེན་ཙནྡ་དྷེ་ཝ་བཞུགས་པའི་དྲུང་དུ་ཕྱིན། གསེར་སྲང་ཉི་ཤུ་རྩ་ལྔ་ཕུལ་ནས་རྒྱུད་བཞི་ཆ་ལག་ཁ་སྐོང་དང་བཅས་པ་ཞུས་པས། པཎ་ཆེན་གྱི་ཞལ་ནས་འདི་སྐད་གསུངས། དཔལ་ལྡན་རྒྱུད་བཞི་ཁྱོད་དང་བོད་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ལ་གདམས་པ་ནི་ལོ་ཙཱ་བ་བཻ་རོ་ཙ་ནས་འཕྲོད་འདུག ད་རྒྱུད་ཀྱི་ཆ་ལག་དགོས་ན་འདི་ལྟར་ཡིན་གསུངས་ནས་གནང་ངོ་། །” ⑤སྐབས་དེའི་《རྒྱུད་བཞི་》དང་དེང་གི་《རྒྱུད་བཞི་》གཉིས་ཆེས་མི་འདྲ་བའི་སྐོར་ལ་《གཡུ་ཐོག་རྙིང་མའི་རྣམ་ཐར་བཀའ་རྒྱ་མ་གཟི་བརྗིད་རིན་པོ་ཆེའི་གཏེར་མཛོད་》དུ། “དཔལ་ལྡན་རྒྱུད་བཞི་མདོ་ལུགས་སུ་གསུངས་པ་ཞིག་དང་། རྒྱུད་ལུགས་སུ་གསུངས་པ་གཉིས་ཡོད་པ་ལས་ཁྱེད་སྨན་པ་ཚོས་གཤར་སྦྱངས་ལག་ལེན་དུ་བྱེད་པ་འདི་མདོ་ལ་རྒྱུད་ཀྱི་མིང་བཏགས་པ་ཡིན། རྒྱུད་ལུགས་སུ་ཕྲལ་བ་དེ་བོད་དུ་མ་དར་གསུངས་སོ། །” ⑥ཞེས་དང་། ཡང་《གསོ་རིག་བྱུང་ཚུལ་དྲི་མེད་བེེཌུརྱའི་མེ་ལོང་》དུ། “སངས་རྒྱས་སྨན་གྱི་བླས་རྒྱུད་བཞི་གསུངས་པར་དགོས་པའི་རྒྱུད་ནི་རྒྱུད་འདི་མིན་ཏེ་འདི་དང་དེ་གསུངས་ཚུལ་ཆེས་མི་འདྲ་བས་དེ་ནི་གཟིགས་སྣང་གི་རྒྱུད་བཞི་ཟེར་བ་དེ་ཡིན་ནོ། །” ⑦ཞེས་གསུངས་པ་ལྟར་ཡིན། 《རྒྱུད་ཆུང་བདུད་རྩི་སྙིང་པོ་》དང་། 《སྨན་དཔྱད་ཟླ་བའི་རྒྱལ་པོ》 《བླ་དཔྱད་ཀྱི་གཞུང་འཚོ་བའི་མདོ》 《བི་ཇིའི་པོ་ཏི་ཁ་སེར་》སོགས་རྒྱ་གར་ནག་དང་ཏ་ཟིག་སོགས་ལུགས་ཆེན་གསུམ་གྱི་གསོ་དཔྱད་ཀྱི་གཞུང་གིས་《དཔལ་ལྡན་རྒྱུད་བཞི་》ཡི་རྩོམ་སྒྲིག་ལ་རྨང་བཏིངས་པ་ཡིན་ཏེ། 《བོད་ཀྱི་གསོ་རིག་བྱུང་འཕེལ་གྱི་ལོ་རྒྱུས་》ལས། “གཡུ་ཐོག་པ་ཆེན་པོ་རང་ལོ་ཞེ་ལྔ་སྟེ་སྤྱི་ལོ་༧༥༣ལོ་ལ་སྔར་བོད་དུ་གནས་པའི་སྲོལ་རྒྱུན་གྱི་གསོ་དཔྱད་དེ་སྨན་དཔྱད་ཟླ་བའི་རྒྱལ་པོ་བླ་དཔྱད་ཀྱི་གཞུང་འཚོ་བའི་མདོ་བི་ཇིའི་པོ་ཏི་ཁ་སེར་སོགས་དང་། གཞན་ཡང་རྒྱ་གར་དང་རྒྱ་ནག ཏ་ཟིག་བཅས་ཀྱི་གསོ་དཔྱད་རྣམས་ཀྱི་སྙིང་པོ་བླངས་ནས་ནང་དོན་རྒྱ་ཆེ་ཞིང་གཏིང་ཟབ་པ། བློ་རབ་འབྲིང་ཐ་མ་བཅས་ལ་འཚམ་པའི་འཚོ་བའི་གསོ་དཔྱད་དབང་གི་རྒྱལ་པོ་ལྟ་བུའི་དཔལ་ལྡན་རྒྱུད་བཞི་རྩོམ་སྒྲིག་གི་ཕྱག་ལས་གནང་བའི་དབུ་བརྩམས་ཏེ་རང་ལོ་ང་ལྔ་སྟེ་སྤྱི་ལོ་763ལོ་ལ་རྒྱུད་ཀྱི་ཆ་ལག་དང་བཅས་པ་ཡོངས་སུ་ལེགས་གྲུབ་མཛད།” ⑧ ཅེས་པ་ལྟར་དང་།《དཔལ་ལྡན་རྒྱུད་བཞི་》སྤེལ་བའི་དུས་ལ་མ་བབས་པས་བསམ་ཡས་དབུ་རྩེ་རིགས་གསུམ་གྱི་ཀ་བ་བུམ་པ་ཅན་ལ་གཏེར་དུ་སྦས། དུས་ཕྱིས་གྲ་མངོན་དབང་ཕྱུག་འབར་གྱིས་གཏེར་ནས་བཞེས་པ་ཡིན་ཏེ། 《བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཀྱི་སྤྱི་དོན་ཤེས་བྱ་རབ་གསལ་》དུ། “གཏེར་ནས་གསོ་དཔྱད་བྱུང་བ་ནི། གྲ་པ་མངོན་ཤེས་ཅན་ལ་གནོད་སྦྱིན་ཞང་བློན་གྱིས་ལུང་བསྟན་ཏེ། རྒྱུད་ཆེན་པོ་བདུད་རྩི་སྙིང་པོ་བསམ་ཡས་དབུ་རྩེ་རིགས་གསུམ་གྱི་བར་ཁང་གི་ཀ་བ་བུམ་པ་ཅན་གྱི་ནང་ནས་སྤྱན་དྲངས་” ⑨ཞེས་གསལ་བ་ལྟར་དང་། དེ་ནས་གཏེར་མའི་ལུགས་ཀྱི་བརྒྱུད་ཚུལ་ནི། གྲ་མངོན་དབང་ཕྱུག་འབར་གྱིས་དབུས་པ་དར་གྲགས་ལ་གནང་བ་དང་། དེས་རོག་སྟོན་དཀོན་སྐྱབས་ལ་གནང་། གཡུ་ཐོག་གསར་མ་ཡོན་ཏན་མགོན་པོ་དགུང་ལོ་བཅུ་གཉིས་ཀྱི་སྐབས་སུ་མང་མཁར་ཚ་ལུང་པ་རོག་སྟོན་དཀོན་མཆོག་སྐྱབས་སྒོ་བཞི་རེ་ཐང་དུ་བྱོན་དུས་རྒྱས་པ་འབུམ་དང་། རྟ་སྒ་སྲབ་བཅས་འབུལ་བ་གྱ་ནོམ་པ་ཕུལ་ཏེ་《དཔལ་ལྡན་རྒྱུད་བཞི་》རྫོགས་པར་ཞུས་ནས་རེ་ཞིག་ཆིག་བརྒྱུད་ཀྱི་བཀའ་རྒྱ་མ་བཀྲོལ་བར་རང་གིས་ཟབ་བཞེས་སུ་མཛད། ཕྱིས་སུ་དད་གུས་དམ་ཚིག་དང་ལྡན་པའི་སློབ་མ་རྫ་སུམ་སྟོན་ཡེ་ཤེས་གཟུངས་ལ་རྫོགས་པར་གནང་སྟེ་ཡུལ་གྲུ་ཀུན་ཏུ་དར་ཁྱབ་ལ་སོང་བ་ཡིན་ནོ། །འོ་ན་གཏེར་མའི་ལུགས་ནས་བརྒྱུད་པའི་《དཔལ་ལྡན་རྒྱུད་བཞི་》ལ་གཡུ་ཐོག་གསར་མས་བསྣན་ཁ་མཛད་ཡོད་དམ་ཅེ་ན་ཡོད་དེ། 《གསོ་རིག་བྱུང་ཚུལ་དྲི་མེད་བེེཌུརྱའི་མེ་ལོང་》ལས། “ཁྱད་པར་དཔལ་ལྡན་རྒྱུད་བཞི་འདི་ཉིད་གསོ་དཔྱད་ཀུན་གྱི་ཡང་རྩེར་གཟིགས་ནས་ཕྱི་རབས་ཀྱི་དོན་དུ་བཀའ་རྒྱ་བཀྲོལ་ཏེ་གངས་ཅན་གྱི་ལྗོངས་སུ་ལུས་ཅན་ཀུན་གྱི་སྤྱི་ནོར་དུ་སྤེལ་བ་སྟེ། དཔལ་ལྡན་རྒྱུད་བཞི་ལ་གསེར་མཆན་དང་ཟོང་མཆན་གཉིས་བཏབ། སྐད་གསར་བཅད་ཀྱིས་གཏན་ལ་ཕབ་ནས་རྩ་རྒྱུད་ལ་ལེའུའི་གྲངས་དང་། བཤད་རྒྱུད་སྨན་ཟས་ཀྱི་ལེའུ་སོགས་སུ་ཐོར་བུའི་བསྣན་ཁ་དང་བཅོས། ཕྱི་རྒྱུད་དུ་སྨན་དཔྱད་ཟླ་བའི་རྒྱལ་པོའི་དགོངས་པ་རྩ་ཆུའི་བརྟག་པ་དང་མ་བུ་དགྲ་གྲོགས། ཇ་དཀར་ཡོལ་ལ་སོགས་པ་དང་། མན་རྒྱུད་དུའང་དོན་གོང་མཚུངས་ཀྱི་བསྣན་ན་མཛད་པའོ་” ⑩ཞེས་གསལ་བ་ལྟར་རོ། །
          གཉིས་པ། རྗེ་བཙུན་གཡུ་ཐོག་པས་རྒྱ་གར་ནས་བླངས་པའི་གསོ་རིག་གིས་《དཔལ་ལྡན་རྒྱུད་བཞི་》ལ་རྨང་གཞི་གནང་ཚུལ།
          རྗེ་བཙུན་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ་རྒྱ་གར་དུ་ཐེངས་གཉིས་པ་ཕེབས་དུས་“པཎ་ཆེན་ཙནྡ་དེ་ཝ་ལ་གསེར་སྲང་བརྒྱ་ཕུལ་ནས་ཡན་ལག་བརྒྱད་པ་སོགས་ཞུས།” ⑪རྗེ་བཙུན་གཡུ་ཐོག་པས་《ཡན་ལག་བརྒྱད་པ་》ལས་སྙིགས་དོར་བཅུད་ལེན་གྱིས་དེའི་ནང་དོན་རྣམས་《དཔལ་ལྡན་རྒྱུད་བཞི་》རུ་འཁོད་ཚུལ་ནི། སློབ་དཔོན་དཔའ་བོས་མཛད་པའི་《ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་》རུ། “ལུས་དང་བྱིས་པ་གདོན་ལུས་སྟོད། །མཚོན་དང་མཆེ་བ་རྒས་རོ་ཙ། །གསོ་དཔྱད་གང་ལ་གནས་པ་ཡི། །ཡན་ལག་བརྒྱད་དུ་དེ་བཤད་དོ། །” ⑫ཞེས་དང་། 《རྒྱུད་བཞི་》ཡི་ནང་གི་ཡན་ལག་བརྒྱད་པོའི་གྲངས་འདྲེན་ཚུལ་ནི། “ལུས་དང་བྱིས་པ་མོ་ནད་གདོན། །མཚོན་དུག་རྒས་དང་རོ་ཙ་བ། ། ཡན་ལག་བརྒྱད་དུ་ཤེས་པར་བྱའོ། །” ⑬ཞེས་པ་ལྟར་གཞུང་དེ་གཉིས་པོའི་ནང་གི་ཡན་ལག་བརྒྱད་པོའི་གྲངས་འདྲེན་ཚུལ་མི་གཅིག་པ་སྟེ། མོ་ནད་དང་ལུས་སྟོད་གཉིས་ཀྱི་གྲངས་འདྲེན་ཚུལ་མི་གཅིག་པ་དང་། དུག་ནད་དང་མཆེ་བ་གཉིས་ཀྱི་གྲངས་འདྲེན་ཚུལ་མི་གཅིག་པ་དེས་གསལ་བཤད་བྱེད་ཐུབ་པ་ནི། 《རྒྱུད་བཞི་》ཡི་ནང་གི་ཡན་ལག་བརྒྱད་པ་ནི་སློབ་དཔོན་དཔའ་བོའི་《ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་》ལས་ཐད་ཀར་ཚུར་བླངས་པ་མིན་པ་རྟོགས་ཐུབ་པ་དང་། 《ཡན་ལག་བརྒྱད་པ་》ཡི་ནང་གི་ལུས་སྟོད་ནི་ལུས་ཀྱི་ཁོངས་སུ་འདུས་པས་བསྐྱར་ཟློས་ཀྱི་སྐྱོན་དུ་མཐོང་བ་དང་། དུག་དེ་ལ་རྒྱུ་བའི་དུག་དང་མི་རྒྱུ་བའི་དུག་སོགས་རིགས་མང་བས་རྒྱུ་བའི་དུག་གི་ཁོངས་གཏོགས་མཆེ་བའི་དུག་ཁོ་ན་བསྟན་པ་ཁྱབ་ཆུང་བའི་སྐྱོན་དུ་མཐོང་། རོག་སྟོད་དཀོན་མཆོག་སྐྱབས་དང་གཡུ་ཐོག་གསར་མ་ཡོན་ཏན་མགོན་པོ་གཉིས་ཀྱིས་《རྒྱུད་བཞི་》ཡི་ལུགས་དང་《ཡན་ལག་བརྒྱད་པ་》ཡི་ལུགས་བྱས་ཏེ་རྩོད་པ་མཛད་དུས་སུའང་། གཡུ་ཐོག་གསར་མ་ཕམ་པས་《རྒྱུད་བཞི་》ནི་ཁུངས་བཙུན་པ་རྟོགས་ནུས། འགའ་ཞིག་གིས་《རྒྱུད་བཞི་》ཡི་ནང་གི་ཡན་ལག་བརྒྱད་པ་ནི་ལོ་ཆེན་རིན་ཆེན་བཟང་པོའི་དུས་སྐབས་སུ་སློབ་དཔོན་དཔའ་བོའི་《ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་》བོད་དུ་འགྱུར་བའི་རྗེས་སུ་བསྣན་ཁ་བྱུང་ཟེར་བའི་ལྟ་བ་དེའང་ཡང་དག་ཅིག་མིན་པར་སེམས་ཏེ། གཡུ་ཐོག་རྙིང་མ་དང་ལོ་ཆེན་བཻ་རོ་ཙ་ན་གཉིས་རྒྱ་གར་དང་བལ་པོའི་ས་མཚམས་རི་ཀུན་ཏུ་རྒྱུ་བར་མཇལ་འཕྲད་བྱུང་དུས།“ལོ་ཙཱ་བ་ན་རེ། གཡུ་ཐོག་གར་འབྱོན་ཟེར། བདག་རྒྱ་གར་ལ་གསོ་རིག་སོགས་གདམས་ངག་ལེན་དུ་འགྲོ་བྱས་པས། ལོ་ཙཱ་བ་ན་རེ། བདག་གིས་ཀྱང་ལོ་ཙཱ་ཤེས་” ⑭ཞེས་པའི་ཁ་བརྡ་འདི་ལས་རྟོགས་ཐུབ་པ་ནི། གཡུ་ཐོག་ཆེན་པོའི་ལོ་ཙཱའི་ཆུ་ཚད་ཀྱང་ལོ་ཆེན་བཻ་རོ་ཙ་ན་དང་མཉམ་པ་ཤེས་ཐུབ་པས། གཡུ་ཐོག་ཆེན་པོས་《ཡན་ལག་བརྒྱད་པ་》ཀློག་པ་དང་བསྒྱུར་བ་སོགས་ཅི་རིགས་བྱེད་ཐུབ་པ་ནི་ཤེས་དགོས་པའི་གནད་ཅིག་ཏུ་སེམས་སོ། །
          རྗེ་བཙུན་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ་རྒྱ་གར་འཕགས་ཡུལ་དུ་ལན་གསུམ་ཕེབས་ཏེ་《རིག་པའི་གནས་མཆོག་བཅོ་བརྒྱད་》དང་《སྐར་རྩིས་རི་བོ་རྡུལ་འབེབས་》སོགས་ཀྱིས་གཙོས་པའི་རིག་གནས་དང་གསོ་དཔྱད་ཞུས་ཚུལ་ནི། 《བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས་གསོང་པོར་བརྗོད་པ་དྭངས་གཙང་ཆུ་བོའི་རྒྱུན་བཟང་》དུ། “གསོ་རིག་ལ་སོགས་བསྟན་པའི་སྲོག་ཤིང་འཛིན། །གཡུ་ཐོག་པ་ཞེས་ཡོན་ཏན་མགོན་པོར་གྲགས། །འགྲོ་མང་བུ་དང་སློབ་མའི་དོན་ཕྱིར་དུ། །མཁའ་འགྲོའི་གདམས་པ་གནད་ལྡན་བླངས་པའི་ཕྱིར། །རྒྱ་གར་འཕགས་པའི་ཡུལ་ལྗོངས་ལན་གསུམ་བསྐོར། །ཁྱད་པར་གསོ་དཔྱད་བཀའ་དང་བསྟན་བཅོས་རྣམས། །འཕགས་ཡུལ་ནས་བླངས་བོད་དུ་རྒྱ་ཆེར་སྤེལ། །གངས་ཅན་ལྗོངས་འདིར་ཕན་བདེའི་སྒྲོན་མེ་སྦར། །དུག་གསུམ་ནད་ཀུན་འཇོམས་མཛད་སྨན་པའི་མཆོག། ཚ་གྲང་ནད་ཀྱི་འདུ་བ་ཆ་སྙོམས་པའི། །ཞི་བྱེད་བསིལ་དྲོད་སྡེབས་ལ་ཤིན་ཏུ་མཁས། །འགྲོ་བའི་གཙུག་རྒྱན་སྨན་པའི་དེད་དཔོན་ཆེ། །བདག་ཅག་རྣམས་ཀྱི་མགོན་སྐྱབས་ཨེ་མ་མཚར། །” ⑮ཞེས་གསུངས་པ་དང་། 《རྗེ་བཙུན་བསམ་གཏན་རྒྱ་མཚོ་དཔལ་བཟང་པོའི་གསུང་འབུམ་》དུ། “རྗེ་བཙུན་གཡུ་ཐོག་པ་ཆེན་པོ་རྒྱ་གར་དུ་ཐེངས་དང་པོར་ཕེབས་དུས། པཎ་ཆེན་ཙནྡ་དྷེ་ཝ་བཞུགས་པའི་དྲུང་དུ་ཕྱིན། གསེར་སྲང་ཉི་ཤུ་རྩ་ལྔ་ཕུལ་ནས་རྒྱུད་ཀྱི་ཆ་ལག་ཞུས། ཡང་གསེར་སྲང་ཉི་ཤུ་རྩ་ལྔ་ཕུལ་ནས་རྒྱུད་བཞིའི་ཁ་སྐོང་ཞུས་པས་རྒྱུད་ཀྱི་ཁ་སྐོང་མུ་ཏིག་འཕྲེང་བ་དང་། རྒྱུད་ཀྱི་དཀར་ཆག་གསལ་བའི་སྒྲོན་མེ་གནང་། དེ་ནས་གཡུ་ཐོག་ཆེན་པོ་རྒྱལ་པོའི་ཁབ་ཏུ་མཁས་པ་མེ་དབང་དྲུང་དུ་ཕྱིན་ནས་ཨ་ཙ་རའི་སྡེ་སྐོར་ཕྱི་ནང་གསང་གསུམ། རྒྱུད་འགྲེལ་སྟོང་དང་རྩ་གཅིག དམར་འདེད་བརྒྱ་དང་བཅོ་བརྒྱད། རོ་བཀྲ་འཕྲུལ་གྱི་མེ་ལོང་། བྱང་ཁོག་གསང་དབྱེ་མཛུབ་བཙུགས། ཐུར་དཔྱད་གནད་ཀྱི་ལྡེ་མིག མངོན་ཤེས་གནད་ཀྱི་འཕྲུལ་འཁོར།གསང་ཐིག་རིན་ཅེན་སྒྲོལ་མ་སོགས་མན་ངག་ཕན་བྱེད་གནོད་བྱེད་བསམ་ལས་འདས་པ། ཕྲན་ཚེགས་ཀྱི་མན་ངག་རྩིས་ལས་འདས་པ་རྣམས་ཞུ་བའི་ཡོན་དུ་གསེར་སྲང་ཉི་ཤུ་རྩ་ལྔ་ཕུལ་བས་གོང་གི་གདམས་པ་རྣམས་ཆ་ཚང་གནང་། གཡུ་ཐོག་ཆེན་པོ་རྒྱ་གར་དུ་ཐེངས་གཉིས་པར་ཕེབས་དུས།པཎྜི་ཏ་རིག་པའི་ཁུ་བྱུག་ལ་གསེར་སྲང་ལྔ་བཅུ་ཕུལ་ནས་རིག་པའི་གནས་མཆོག་བཅོ་བརྒྱད་རིག་པའི་གནས་ལྔ་ལ་སོགས་པའི་རིག་གནས་ཕྱི་ནང་མཐའ་དག་ཞུས། མཁས་པ་མེ་དབང་ལ་གསེར་སྲང་བརྒྱ་ཕུལ་ནས། གསོ་དཔྱད་འབུམ་པ་རྒྱུད་ཤེལ་གྱི་མེ་ལོང་བསྟན་བཅོས། སོ་མ་རཱ་ཛ། ཆ་ལག་ཁ་སྐོང་དང་བཅས་པ་རྣམས་ཞུས། པཎ་ཆེན་ཙནྡ་དྷེ་ཝ་ལ་གསེར་སྲང་བརྒྱ་ཕུལ་ནས་དྲང་སྲོང་སྙན་བརྒྱུད་དང་བསྟན་བཅོས་ཡན་ལག་བརྒྱད་པ་རྣམས་ཞུས། གཞན་ཡང་སྐྱེས་བུ་ཚད་ལྡན་རྣམས་ལ་གསེར་གྱི་འབུལ་བས་མཉེས་པར་མཛད་ནས་ཕན་བྱེད་གནོད་བྱེད་འདྲེས་པའི་གདམས་པ་གནད་ལྡན་དཔག་ཏུ་མེད་པ་ཞུས། གཡུ་ཐོག་པ་ཆེན་པོ་རྒྱ་གར་དུ་ཐེངས་གསུམ་པར་ཕེབས་དུས། སྔར་མཇལ་བའི་བླ་མ་གྲུབ་ཐོབ་བརྒྱ་རྩ་གཅིག་དང་མཇལ་བ་ཡིན།” ⑯ ཞེས་འབྱུང་བ་ནི་གཡུ་ཐོག་གསར་རྙིང་གི་རྣམ་ཐར་ཉུང་བསྡུས་བྱས་པ་ཞིག་ཡིན། 《གཡུ་ཐོག་དགོངས་རྒྱན་》སོགས་སུ་《རིག་པའི་གནས་མཆོག་བཅོ་བརྒྱད་》ཀྱི་གྲངས་འདྲེན་ལུགས་ལ་ཁྱད་པར་ཅུང་ཙམ་རེ་ཡོད་ཀྱང་། 《རིག་པའི་གནས་མཆོག་བཅོ་བརྒྱད་》ལ་རྗེ་བཙུན་གཡུ་ཐོག་པས་གསན་བསམ་མཛད་ཚུལ་ནི་《རྒྱུད་བཞི་》རུ། “རིག་པའི་གནས་མཆོག་བཅོ་བརྒྱད་ཐུགས་སུ་ཆུད། །ཚེ་ལ་དབང་བའི་བཅུད་ལེན་དངོས་གྲུབ་བརྙེས། །མངོན་ཤེས་སྙིང་རྗེས་འགྲོ་མཆོག་འདུ་བ་སྙོམས། །དྲང་སྲོང་རིག་འཛིན་རྣམས་ལ་ཕྱག་འཚལ་ལོ། །” ⑰ཞེས་གསལ་བ་ལྟར་རྗེ་བཙུན་གཡུ་ཐོག་པ་ཆེན་པོས་དུས་རབས་བརྒྱད་པའི་ནང་དུ་རྒྱ་གར་གྱི་གཙུག་ལག་གི་བསྟི་གནས་ཆེན་པོ་དཔལ་ན་ལེནྡའི་རིག་གཞུང་གི་ཚབ་མཚོན་དུ་གྱུར་པའི་《རིག་པའི་གནས་མཆོག་བཅོ་བརྒྱད་》ལ་ནང་བྱན་ཆུད་དེ་དེའི་སྙིང་པོ་རྣམས་《རྒྱུད་བཞི་》ཡི་ནང་དུ་ཚུར་བླངས་པ་ཡིན་ནོ། །དེ་ལྟར་རྗེ་བཙུན་གཡུ་ཐོག་པས་རྒྱ་གར་གྱི་གསོ་དཔྱད་མང་པོ་བོད་དུ་དྲངས་པས། 《བོད་ཀྱི་གསོ་བ་རིག་པའི་བྱུང་བ་བརྗོད་པ་》རུའང་“བོད་ཡུལ་དབུས་སུ་གཡུ་ཐོག་ཡོན་ཏན་མགོན། །བོད་ཀྱི་རྗེ་འབངས་བསོད་ནམས་དཔལ་དུ་བྱུང་། །སྨན་པ་ཀུན་གྱི་རྗེ་རུ་ཁྱེད་ཁུར་ལ། །ཁྱེད་ཀྱི་ཐུགས་རྗེའི་ཚ་ཟེར་རྒྱས་པའི་མཐུས། །གསོ་དཔྱད་བསྟན་པ་བོད་དུ་དར་བར་མཛོད། །” ⑱ཅེས་འབྱུང་བ་ལྟར་རོ། །
          གསུམ་པ། བོད་རང་ས་ནས་དར་བའི་ཞང་བོད་གསོ་རིག་གིས་《དཔལ་ལྡན་རྒྱུད་བཞི་》ལ་རྨང་གཞི་གནང་ཚུལ།
          རྗེ་བཙུན་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོས་《དཔལ་ལྡན་རྒྱུད་བཞི་》རྩོམ་སྒྲིག་གནང་དུས་བོད་རང་ས་ནས་དར་བའི་《འཁོར་ལོ་རྒྱལ་པོའི་བེ་བུམ་》དང་《དུག་བཅོས་གཡུང་དྲུང་འཁྱིལ་བ་》སོགས་ཞང་བོད་གསོ་རིག་གིས་རྨང་གཞི་བྱས་པ་སྟེ། 《དཔལ་ལྡན་རྒྱུད་བཞི་》རུ། “ཡན་ལག་བརྒྱད་པ་སོགས་འཕགས་ཡུལ་གྱི་གཞུང་དང་། སོ་མ་རཱ་ཛ་སོགས་རྒྱ་ནས་བསྒྱུར་པའི་གཞུང་དང་། འཁོར་ལོ་རྒྱལ་པོའི་བེ་བུམ་སོགས་ཞང་ཞུང་ནས་བསྒྱུར་པའི་གཞུང་རྣམས་ཀྱི་དགོངས་པ་བླངས་ནས་བརྩམས་” ⑲ཞེས་གསུངས་པ་ལྟར་ཡིན། 《དུག་བཅོས་གཡུང་དྲུང་འཁྱིལ་བ་》ཡི་སྐོར་ལ། མཁས་པའི་དབང་པོ་དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་《གསོ་རིག་གི་ཡིག་ཐོ་གསལ་བྱེད་མལླི་པའི་རྒྱུན་ཐག་》ཅེས་པའི་དཀར་ཆག་ཀུ་པའི་ནང་ཚན་《དབང་པོ་རིལ་བུ་གསུམ་གྱི་ལག་ལེན་གསལ་བའི་བསྟན་བཅོས་ཟབ་གསང་སྙིང་གི་ཐིག་ལེ་》ལས་ཞང་ཞུང་ལུགས་ཀྱི་དྲང་སྲོང་དཔྱད་བུ་ཁྲི་ཤེས་ཀྱིས་མཛད་པའི་《དུག་བཅོས་གཡུང་དྲུང་འཁྱིལ་བ་》རུ། “སྔོན་དུས་སྟོན་མཆོག་དབང་པོ་གཤེན་རབ་ཀྱིས། །སྐྱབས་གནས་སྲུང་མ་བཅས་ལ་དམོད་འདི་བོར། །སྙིགས་མར་མ་རུངས་བདུད་ཀྱི་སྤྲུལ་པ་འགས། །ཟུངས་ངན་དུག་སྦྱོར་ཉེས་པ་ཡོད་མིན་གྱིས། །མི་ཆེན་སྲོག་ལ་ཧུར་ཐུམ་བྱེད་དུས་དུ། །དེ་ཉིད་འཇོམས་པའི་སྨན་མཆོག་རིན་ཆེན་འདི། །མཐུ་ལྡན་རང་བཞིན་དངོས་གྲུབ་བསྩལ་དུ་གསོལ། །གསུངས་པས་ལྷུང་བཟེད་ནང་དུ་དངོས་གྲུབ་ཀྱི། །རིལ་བུ་རིགས་ལྔ་བྱུང་བ་ཕྱོགས་བཅུར་བོར། །ཕྱོགས་ཀུན་ཁྱབ་ནས་འགྲོ་ལ་ཕན་པར་ཤོག། ཅེས་གསུངས་དབང་གིས་གནས་ལ་མ་ངེས་པ། །སྲོག་ཆགས་ཀུན་དང་ཁྱད་པར་རྨ་བྱ་སོགས། །སྲོག་རྩ་རྭ་རྩེ་མཁྲིས་རྩ་ཀླད་པ་དང་། །ཕོ་ལོང་རྒྱུ་མ་མཆིན་པ་སོགས་ལས་འབྱུང་། །” ⑳ཞེས་དུག་འཇོམས་དབང་པོ་རིལ་བུའི་ལོ་རྒྱུས་དང་དེའི་ནང་གསེས་ཀྱི་དབྱེ་བ།སོ་སོའི་ཕན་ཡོན་བཅས་ཞིབ་གསལ་དུ་འཁོད་པ་དེ་ནི་《དཔལ་ལྡན་རྒྱུད་བཞི་》ཡི་“སྨན་གྱི་ནུས་པ་རོ་ནུས་ངོ་བོ་ནུས། །སྤྱི་དང་བྱེ་བྲག་ཅེས་སུ་གསུངས་པ་ཡིན། །” (21)ཞེས་པའི་སྨན་གྱི་ནུས་པ་ལ་རོ་ཡི་ནུས་པ་དང་ངོ་བོའི་ནུས་པ་གཉིས་གསུངས་ཤིང་ངོ་བོའི་ནུས་པ་དེ་ལའང་བརྒྱད་གསུངས་པའི་སྨོན་ལམ་གྱི་ནུས་པའི་གྲས་སུ་གཏོགས་པ་ཡིན་ནོ། །མཚོ་བོད་མཐོ་སྒང་གི་བོད་མིས་རང་བྱུང་ཁོར་ཡུག་ལ་བསྒྱུར་བཀོད་བྱས་པའི་གོ་རིམ་ནང་གསོ་རིག་སྐོར་གྱི་ཉམས་མྱོང་གསོག་ཚུལ་ནི་《དཔལ་ལྡན་རྒྱུད་བཞི་》ཡི་བྱ་བ་སྤྱོད་ལམ་གྱི་ལེའུར། “མཚན་མོར་དོན་ཆེན་དབྱུག་ཐོགས་གྲོགས་ལྡན་བྱ། །” (22)ཞེས་འབྱུང་བ་བཞིན་དབྱུག་པ་ཐོགས་ཏེ་ཕྱིའི་གཅན་གཟན་སོགས་ཀྱི་གནོད་འཚེ་བསྲུང་བའི་བོད་ཀྱི་གདོད་མའི་སྤྱི་ཚོགས་ཀྱི་རྣམ་པ་ཇི་ལྟ་བ་ཝ་ལེར་སེམས་སུ་འཆར་ཐུབ་པ་ལྟ་བུ་དང་། 《གསོ་རིག་ཁོག་འབུགས་དྲང་སྲོང་དགྱེས་པའི་དགའ་སྟོན་》དུ། “ཟས་ཕན་གནོད་ཤེས་པ་ཙམ་དང་། རྨ་གསར་པ་ལ་མར་ཁུ་བཏང་ནས་སྡོམ་པ། སྦང་མའི་འཇིབ་བྱེད་པ་ལ་སོགས་པ་ཀློ་དང་བོད་དུ་མི་ཆགས་པ་ནས་བཟུང་ཡོད།” (23) ཅེས་གསུངས་པ་ལས་ནད་གཞི་ནི་བོད་ཀྱི་ཡུལ་དུ་མི་ཆགས་དུས་ནས་ཡོད་པ་བསྟན་པར་མ་ཟད། ནད་ཡོད་ན་དེ་ཡི་སྡུག་བསྔལ་སེལ་བའི་ཐབས་ཤིག་བཙལ་འཚོལ་རྙེད་ཐབས་བྱེད་པ་ནི་མི་ཙམ་མ་ཟད་དུད་འགྲོའི་རིགས་མང་པོ་ཞིག་གིས་ཀྱང་རང་གི་ལུས་ལ་རྨ་བྱུང་ན་རང་གི་ལྕེས་ལྡག་ནས་ཕན་ཐབས་བྱེད་པ་སོགས་ནད་ཀྱི་སྡུག་བསྔལ་སེལ་ཐབས་བྱེད་ཤེས་པ་ནི་སེམས་ཅན་ཐུན་མོང་གི་ལྷན་སྐྱེས་ཀྱི་འཇོན་ཐང་ཞིག་ཡིན་པས། མི་རྣམས་ལ་ནད་གཞིའི་གཟེར་ཟུག་དང་ཚ་ནའི་སྡུག་བསྔལ་འབྱུང་བའི་ཚེ་དེར་མགོ་སྒུར་ནས་མི་སྡོད་པར་དེ་ལ་འཇོམས་བྱེད་ཀྱི་ཐབས་དང་གཉེན་པོ་ཞིག་འཚོལ་ཐབས་བྱེད་ངེས་པ་ཡིན། དེ་ནི་མི་རྣམས་ལ་བཀྲེས་སྐོམ་གྱི་སྡུག་བསྔལ་བྱུང་བ་དང་། ཟས་སྐོམ་འཚོལ་ཤེས་པའི་ལྷན་སྐྱེས་ཀྱི་ནུས་པ་མངའ་བ་དེ་དང་གཅིག་མཚུངས་ཡིན། དེ་བཞིན་ཟུར་མཁར་བློ་གྲོས་རྒྱལ་པོས་མཛད་པའི་《སྨན་པ་རྣམས་ཀྱིས་མི་ཤེས་སུ་མི་རུང་བའི་ཤེས་བྱ་སྤྱིའི་ཁོག་དབུབས་》སུ། “ཐོ་ཐོ་རི་གཉན་ཤལ་གྱི་རིང་ལ་གསོ་དཔྱད་ཀྱི་དབུ་བརྙེས་ཟེར་བ་དེའང་མ་ངེས་ཏེ། བོན་པོ་ལ་བརྟེན་པའི་གསོ་དཔྱད་ཇི་སྙེད་ཅིག་ཡོད་ལ།” (24) ཞེས་གསུངས་པ་དང་། 《གསོ་རིག་ལོ་རྒྱུས་》སུ། “བསྟན་པ་ཉེར་གཏད་ཀྱི་མདོ་ལས། དཔྱད་རྒྱུད་ཉིས་ཁྲིར་གྱུར་པ་རྣམས། །དཔྱད་བུ་ཁྲི་ཤེས་དག་གིས་བསྡུས། །ཞེས་དང་། བོན་གྱི་བསྟན་འབྱུང་ལེགས་བཤད་སྐལ་བཟང་མགྲིན་རྒྱན་ལས། ལྔ་བ་རྒྱལ་སྲས་དཔྱད་བུ་ཁྲི་ཤེས་ནི། །སྐུ་ལས་སྐྱེད་པའི་སྲས་ཀྱི་གཉིས་པ་སྟེ། །སྲས་སྤྲུལ་མཛད་སྐབས་ཁྲི་སྨོན་རྒྱལ་བཞད་དུ། །ཧོས་བཟའ་རྒྱལ་མེད་སྐུ་ལས་འཁྲུངས་པ་སྟེ། །གསོ་དཔྱད་ལ་སོགས་བོན་སྒོ་མ་ལུས་པ། །ཡབ་ཀྱི་དྲུང་དུ་གསན་ཅིང་ཐུགས་རབ་བསྐྱེད། །དཔྱད་བརྒྱུད་ཉིས་ཁྲི་ཆིག་སྟོང་ཐུགས་ལ་བཀྲ། ། སངས་རྒྱས་སྨན་གྱི་བླ་དང་དབྱེར་མེད་གྱུར། །ཞེས་དང་། གནའ་རབས་བོན་གྱི་སྨན་པ་མཁས་པ་དར་ལྡིང་གཤེན་སྟོན་ཡེ་ཤེས་བློ་གྲོས་ཀྱིས་མཛད་པའི་རྨ་བཅོས་འཆི་སོས་ལ་ཆུའི་ཞལ་གདམས་ལས། འདིར་བཤད་པའི་བཅད་འབྱོར་གྱི་སྨན་ཕལ་མོ་ཆེ་རྣམས་གཤེན་རབ་མི་བོ་ཆེའི་གདུང་སྲས་དཔྱད་བུ་ཁྲི་ཤེས་ཀྱིས་མཛད་པའི་ཤ་སོས་རུས་འབྱོར་རྒྱུས་མཐུད་ཀྱི་གདམས་པ་དར་ཡ་ཀན་གྱི་རྒྱུད་ལས་བཏུས་ཞེས་དཔྱད་བུ་ཁྲི་ཤེས་ཀྱིས་མཛད་པའི་རྨ་བཅོས་ཀྱི་གཞུང་ལུགས་རྩ་ཆེན་འདི་ལྟ་བུ་ཡོད་པ་བསྟན་པར་མ་ཟད། དར་ལྡིང་གཤེན་སྟོན་ཡེ་ཤེས་བློ་གྲོས་ཉིད་ཀྱིས་དཔྱད་བུ་ཁྲི་ཤེས་ཀྱིས་མཛད་པའི་བསྟན་བཅོས་དེ་ལས་བཅད་འབྱོར་གྱི་སྨན་མང་པོ་བསྡུ་ལེན་མཛད་པར་གཞིགས་ན་ཤ་སོས་རུས་འབྱོར་རྒྱུས་མཐུད་ཀྱི་གདམས་པ་དར་ཡ་ཀན་གྱི་རྒྱུད་ཅེས་པ་དེ་དུས་རབས་བཅུ་གསུམ་པའི་ནང་དུ་དངོས་སུ་མཇལ་རྒྱུ་ཡོད་པར་མངོན།” (25) ཞེས་གསུངས་པ་ལྟར་ཡིན། བོད་དུ་གསོ་དཔྱད་ཀྱི་བསྟན་པ་དབུ་བརྙེས་ནས་ལོ་ངོ་3800ལྷག་གི་ལོ་རྒྱུས་ཡོད་པ་སྟེ། དར་ལྡིང་གཤེན་སྟོན་ཡེ་ཤེས་བློ་གྲོས་ཀྱིས་མཛད་པའི་《རྨ་བཅོས་འཆི་སོས་ལ་ཆུའི་ཞལ་གདམས་》ལས། “འབྱུང་ལྡན་ཉེར་བཞི་བའི་ཤིང་བྱི་ལོར་བོད་རྗེ་དང་པོ་གཉའ་ཁྲི་བཙན་པོ་འཁྲུངས། དེ་ནས་ཡར་རྩིས་པའི་འབྱུང་ལྡན་དང་པོའི་ཤིང་བྱི་ལོ་སྟོན་མཆོག་གཤེན་རབ་མི་བོ་ཆེ་ཞང་ཞུང་དུ་སྐུ་བལྟམས་” (26)ཞེས་འབྱུང་བ་བཞིན་དེ་ལྟར་གཞིགས་ཚེ་བོད་དུ་གསོ་དཔྱད་ཀྱི་བསྟན་པ་དབུ་བརྙེས་ནས་2021ལོའི་བར་དུ་ལོ་ངོ་3878ཙམ་ཕྱིན་ཞིང་། གཤེན་རབ་མི་བོ་ཆེས་དགུང་ལོ་ཉི་ཤུ་རྩ་གྲངས་ནས་གསོ་དཔྱད་བསྐྱངས་པར་བྱས་ནའང་། ལོ་ངོ་3850ཙམ་གྱི་ལོ་རྒྱུས་ཡོད་དོ། །
          བཞི་པ། གཡུ་ཐོག་པའི་ཁྱིམ་རྒྱུད་རང་བཞིན་གྱི་ཆིག་བརྒྱུད་ཀྱི་གདམས་ངག་རྣམས་《དཔལ་ལྡན་རྒྱུད་བཞི་》ཡི་ནང་ཁོལ་དུ་ཕྱུང་ཚུལ།
          གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོས་《དཔལ་ལྡན་རྒྱུད་བཞི་》རྩོམ་སྒྲིག་གནང་དུས་མེས་པོ་བི་བྱི་དགའ་བྱེད་དང་འདྲེ་རྗེ་རྒྱ་གར་བཛྲ་ནས་བརྒྱུད་པའི་《འཚོ་བའི་མདོ་ལྔ་》 དང་《མགོ་ཐིག་རིན་ཅེན་གནད་འགྲེལ་》སོགས་ཁྱིམ་རྒྱུད་རང་བཞིན་གྱི་ཆིག་བརྒྱུད་ཀྱི་གདམས་ངག་རྣམས་ཁོལ་དུ་ཕྱུང་བ་ཡིན་ཏེ། 《བོད་ཀྱི་གསོ་རིག་ཆོས་འབྱུང་བཻཌཱུརྱའི་འཕྲེང་བ》ལས། “གཞུང་ལུགས་ལ་བརྟེན་པའི་གསོ་དཔྱད་ཀྱི་བསྟན་པའི་དབུ་བརྙེས་ཚུལ་ནི། བོད་ཀྱི་རྒྱལ་རབས་ཉེར་བརྒྱད་པ་ལྷ་ཐོ་ཐོ་རི་སྙན་བཙན་གྱི་སྐུ་(374—493)རིང་ལ་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཆེན་པོ་ན་ཡུལ་པདྨའི་གླིང་ཞེས་གྲགས་པར་རྒྱལ་པོ་རྔ་ཆེན་པོ་ཞེས་བྱ་བ་རྔ་བཟོ་བའི་བུ་མོ་གངྒའི་ལྷ་མོ་དང་འགྲོགས་པ་ལས་སྲས་བི་བྱི་དགའ་བྱེད་དང་། དྲིལ་བུ་བཟོ་བའི་བུ་མོ་དང་བསྡེབས་པ་ལས་བི་ལ་དགའ་མཛེས་མ་བྱ་བ་གཉིས་འཁྲུངས། དེ་གཉིས་ཆུང་གྲོགས་སུ་གྱུར་པ་གསོ་དཔྱད་ཀྱི་བསྟན་པ་ལ་ཞུགས་ནས་སྨན་གྱི་སློབ་དཔོན་བསྟེན་ནས་གསོ་དཔྱད་ལ་སྦྱངས་ཏེ་དོན་རྫོགས་པར་མཁྱེན། རྒྱ་གར་ཤར་ནུབ་དང་། ལི་ཡུལ། བལ་པོ་རྣམས་སུ་ཕྱིན་ནས་གསོ་དཔྱད་ཀྱི་བསྟན་པ་སྤེལ། སྐབས་ཤིག་དེ་གཉིས་བོད་དུ་ཕེབས། ལྷ་ཐོ་ཐོ་རི་སྙན་བཙན་གྱིས་གསན་ནས་སྨན་པ་ལྕམ་སྲིང་གཉིས་རྒྱལ་པོའི་ཕོ་བྲང་ཡུམ་བུ་བླ་སྒང་དུ་སྤྱན་དྲངས། ཁྲི་མཐོན་པོར་བསྐུར་ཞིང་རྙེད་པ་དང་བཀུར་སྟིས་མཆོད། བོད་ཡུལ་དུ་བཞུགས་ནས་གསོ་རིག་སྤེལ་དགོས་པར་ཞུས་པ་ཞལ་གྱིས་བཞེས། སྨན་པ་བི་བྱི་དགའ་བྱེད་ལ་ལྷ་ལྕམ་ཡིད་ཀྱི་རོལ་ཆ་ཞེས་པ་བཙུན་མོར་ཕུལ།” (27) ཞེས་དང་། 《གཡུ་ཐོག་རྙིང་མའི་རྣམ་ཐར་བཀའ་རྒྱ་མ་གཟི་བརྗིད་རིན་པོ་ཆེའི་གཏེར་མཛོད་》ལས། “ལྷ་ལྕམ་ཡིད་ཀྱི་རོལ་ཆ་ལ་སྨན་པ་དུང་གི་ཐོར་ཅོག་ཅན་འཁྲུངས་སོ། །དེ་ལ་སྨན་པ་གཉིས་ཀྱིས་རེག་པ་རྩའི་མདོ། འཚོ་བ་ཟས་ཀྱི་མདོ། སྦྱོར་བ་སྨན་གྱི་མདོ། གཏར་བསྲེག་དཔྱད་ཀྱི་མདོ། རྨ་ཆས་བཟོ་བའི་མདོ།རྣམས་གནང་། གཞན་ཡང་རྩ་འགྲེལ། འགྲེལ་བཤད། ཁོག་དབུགས། ས་བཅད། ལག་ལེན། དང་བཅས་པ་གནང་ངོ་། །” (28)ཞེས་གསུངས་པའི་སྨན་པ་གཉིས་ནི་བི་བྱི་དགའ་བྱེད་དང་བི་ལྷ་དགའ་མཛེས་མ་གཉིས་ཡིན་པ་དང་།《དཔལ་ལྡན་རྒྱུད་བཞི་》ཡི་ནང་གི་རེག་པ་རྩ་ཡི་མདོ་དང་། འཚོ་བ་ཟས་ཀྱི་གནས། སྦྱོར་བ་སྨན་གྱི་གནས། གཏར་བསྲེག་དཔྱད་ཀྱི་མདོ། ཆ་བྱད་དཔྱད་ཀྱི་གནས་བཅས་ལ་《འཚོ་བའི་མདོ་ལྔ་》ཡིས་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པར་གདོན་མི་ཟ། སྨན་པ་དུང་གི་ཐོར་ཅོག་ཅན་གྱི་རྒྱུད་པ་ནི་གཡུ་ཐོག་པའི་གདུང་རྒྱུད་འདི་རང་ཡིན། ཡང་དེ་ཉིད་ལས།“མཁས་པ་ཆེན་པོས་བདུད་རྩི་སྨན་སྒྲུབ་དང་། མགོ་ཐིག་རིན་ཅེན་གནད་འགྲེལ་འཚོལ་ཕྱིར་རྒྱ་གར་ལ་བྱོན། དེ་ནས་དང་པོར་ལྷོ་ཕྱོགས་དཔལ་གྱི་རི་བོར་བྱོན་ནས་སློབ་དཔོན་ཀླུ་སྒྲུབ་དང་མཇལ། གསེར་སྲང་སྟོང་ཕུལ་ནས་མགོ་ཐིག་རིན་ཅེན་གནད་འགྲེལ་ཞུས་པས་རྩ་འགྲེལ་ཆ་ལག་དང་བཅས་པ་གནང་ངོ་། །” (29)ཞེས་པའི་མཁས་པ་ཆེན་པོ་ནི་འདྲེ་རྗེ་རྒྱ་གར་བཛྲ་ཡིན་པ་དང་། གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོས་རང་གི་མེས་པོ་འདྲེ་རྗེ་རྒྱ་གར་བཛྲས་རྒྱ་གར་ནས་བླངས་པའི་གསོ་དཔྱད་《མགོ་ཐིག་རིན་ཅེན་གནད་འགྲེལ་》གྱི་གཞུང་ལ་བརྟེན་ནས་ཁ་ཆེའི་བློན་པོ་སེང་གེ་སྦས་པའི་མགོ་ཆག་གསོས་ཚུལ་ནི་ལུང་དམར་བ་མགོན་པོ་རིན་ཆེན་གྱིས་མཛད་པའི་《སྨན་བླའི་རྣམ་སྤྲུལ་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོའི་རྣམ་ཐར་ཚིགས་སུ་བཅད་པ་དད་པ་དང་དང་བ་འདྲེན་པའི་ལྕགས་ཀྱུ་》ལས། “དགུང་ལོ་ང་བདུན་བཞེས་པའི་ཚེ། །ནུབ་ཕྱོགས་ཁ་ཆེའི་རྒྱལ་པོ་ཡིས། །བློན་པོ་སེང་གེ་སྦས་པ་ཡི། །མགོ་ཆག་གསོ་བར་གདན་འདྲེན་ཞུས། །མངའ་བདག་རྒྱལ་པོས་བཀའ་བསྩལ་བཞིན། །རྟ་བ་ཉེར་ལྔའི་གྲོགས་བཅས་བྱོན། །མགོ་ཐིག་རིན་ཆེན་གནད་འགྲེལ་ལྟར། །རུས་སྐྱོན་འདྲལ་ཞིང་རུས་ཚབ་གཞུག། ཀླད་སྐྱོན་བསལ་ཞིང་རྒྱ་ཆིངས་མཛད། །ཟླ་གཅིག་ལོན་ཚེ་སྲོག་ཉེན་གྲོལ། །སྙན་གྲགས་ཁ་ཆེའི་ཡུལ་ཀུན་ཁྱབ། །གླང་ཆེན་གཅིག་གི་ཐོག་དྲངས་པའི། །ལྔ་ཚན་ཉེར་ལྔའི་འབུལ་བ་ཕུལ། །” (30)ཞེས་གསལ་བ་དང་། རྗེ་བཙུན་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོས་རང་གི་མེས་པོ་འདྲེ་རྗེ་རྒྱ་གར་བཛྲ་ནས་བརྒྱུད་པའི་《མགོ་ཐིག་རིན་ཆེན་གནད་འགྲེལ་》དེ་ཇེ་རྒྱས་དང་ཇེ་ལེགས།འཐུས་ཚང་ཅན་དུ་བཏང་སྟེ་བོད་ཀྱི་དམག་དོན་གསོ་རིག་རིག་པ་དང་འབྲེལ་ནས་《དཔལ་ལྡན་རྒྱུད་བཞི་》ཡི་ནང་དོན་གྱིས་དྲུག་ཆའི་གཅིག་ཙམ་ཟིན་པའི་མཚོན་རྨ་གསོ་བའི་གཞུང་ལུགས་མང་ཆེ་བ་བརྩམས་གྲུབ་གནང་བར་འདོད་དེ། བོད་ཀྱི་ལོ་རྒྱུས་ཐོག་གི་དམག་འཁྲུག་ཆེ་གྲས་ཚང་མ་བོད་བཙན་པོའི་དུས་སྐབས་སུ་བྱུང་བས་དེ་ལ་མཚོན་རྨ་གསོ་བའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་འཛོམས་པ་སྟེ། འདུས་སྲོང་མང་པོ་རྗེ་རླུང་གནམ་འཕྲུལ་དགུང་ལོ་དྲུག་གི་སྟེང་མ་ཡུམ་འབྲོ་བཟའ་ཁྲི་མ་ལོད་ཀྱི་སྲིད་དབང་བཟུང་ནས་བློན་པོ་མགར་ཁྲི་འབྲིང་གིས་གཡུལ་བཀྱེད་ཚུལ་《དཔའ་བོའི་བཞུད་ལམ་》ཞེས་པའི་དཔེ་དེབ་ནང་གསལ་བ་དེར་རྒྱ་ནག་གི་ལོ་རྒྱུས་སུ་“大非川战役”ཟེར་བ་དང་། དམག་འཁྲུག་དེ་ནི་ཐང་ཙུང་ཀྲུང་གི་ཁྲི་ལོ་གསུམ་པ་670ལོའི་ཟླ་4ནས་ཟླ་8པའི་བར་དུ་བྱུང་བ་ཡིན། བློན་པོ་སྟག་སྒྲ་ཀླུ་ཁོང་གིས་རྒྱལ་ས་ཁྲང་ཨན་བཟུང་བའི་དཔང་རྟགས་ནི་ཕོ་བྲང་པོ་ཏ་ལའི་མདུན་དུ་བཞེངས་པའི་བློན་པོ་སྟག་སྒྲ་ཀླུ་ཁོང་གི་མཛད་རྗེས་བཀོད་པའི་རྡོ་རིང་དེ་ཡིན། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་མཛད་པའི་བོད་ཆེན་པོའི་སྲིད་ལུགས་དང་འབྲེལ་བའི་རྒྱལ་རབས་《དེབ་ཐེར་དཀར་པོ་》ཡི་ནང་དུ་ཡང་། “སྙིང་སྟོབས་དགུ་འགྱུར་སྲོག་གི་དབྱུག་པ་ལ། །རྟ་མཆོག་ཁྲོས་པའི་བཀའ་ཡི་རྒྱས་བཏབ་པའི། །སྲིན་པོ་གདོང་དམར་བོད་ཀྱི་དམག་དཔུང་གིས། །སུམ་ཉིས་ས་ཡི་དཀྱིལ་འཁོར་བཟུང་ཞེས་གྲགས། །གཏུམ་དྲག་དཔའ་བོའི་སྙིང་རྩ་འདར་བྱེད་པའི། །གདོང་དམར་དམག་གི་ཀི་སྒྲ་ཐོས་པ་ན། །གནམ་གྱིས་བསྐོས་པའི་ས་ཡི་ཚངས་པ་ཡང་། །མི་འཇིགས་གསེར་གྱི་ཁྲི་ལས་བྱོལ་ཏེ་བྲོས། །” (31)ཞེས་པ་སོགས་མཚོན་རྨ་གསོ་བའི་རིག་གཞུང་དར་བའི་ཕྱི་ནང་གི་རྒྱུ་རྐྱེན་མཐའ་དག་འཛོམས་པ་དམག་འཁྲུག་ཆེ་ན་ཤི་རྨས་མང་པོ་འབྱུང་སྲིད་པས་ན་མཚོན་རྨ་གསོ་བའི་རིག་གཞུང་ཡང་དེ་དང་མཐུན་པར་དར་རྒྱས་གོང་འཕེལ་དུ་འགྲོ་ཐུབ་པ་བཅས་སོ། །
          མཇུག་བསྡུ་བ།
          དེ་ལྟར་རྒྱུད་ཀྱི་ཆེ་བ་བཅུ་གཅིག་དང་ཁྱད་ཆོས་བཅུ་བདུན་ལྡན་པ་གསོ་དཔྱད་ཀུན་གྱི་རྒྱལ་པོ་《བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་》ཅེས་པ་འདི་ནི། དུས་རབས་བརྒྱད་པའི་དུས་དཀྱིལ་དུ་རྗེ་བཙུན་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོས་《རྒྱུད་ཆུང་བདུད་རྩི་སྙིང་པོ་》དང་། 《ཡན་ལག་བརྒྱད་པ》 《མགོ་ཐིག་རིན་ཅེན་གནད་འགྲེལ》 《སྨན་དཔྱད་ཟླ་བའི་རྒྱལ་པོ》 《བླ་དཔྱད་ཀྱི་གཞུང་འཚོ་བའི་མདོ》 《བི་ཇིའི་པོ་ཏི་ཁ་སེར་》སོགས་རྒྱ་གར་ནག་དང་ཏ་ཟིག་སོགས་ལུགས་ཆེན་གསུམ་གྱི་གསོ་རིག་གིས་གཙོས་པའི་ཁྱིམ་མཚེས་རྒྱལ་ཁབ་ཀྱི་གསོ་དཔྱད་དང་། བོད་རང་ས་ནས་དར་བའི་ཞང་བོད་གསོ་རིག་བཅས་ཀྱིས་རྨང་གཞི་བྱས་ཏེ་ནང་དོན་རྒྱ་ཆེ་ཞིང་གཏིང་ཟབ་ལ། བློ་རབ་འབྲིང་ཐ་གསུམ་བཅས་ལ་འཚམ་པའི་འཚོ་བའི་གསོ་དཔྱད་དབང་གི་རྒྱལ་པོ་ལྟ་བུའི་《དཔལ་ལྡན་རྒྱུད་བཞི་》འདི་ཉིད་ཐོག་མར་བརྩམས་གྲུབ་གནང་བའོ། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1