སློབ་ཁྲིད་སྟེགས་བུའི་ཐོག་གཅེས་སེམས་བརྟན་སྲུང་བྱེད་མཁན་སློབ་གཙོ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 09-26



ཞིང་ཆེན་གྱི་དམིགས་བསལ་རིམ་པའི་དགེ་རྒན་དར་མདོ་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གི་སློབ་གཙོ་བཀྲ་ཤིས་སྒྲོལ་མའི་གནས་ཚུལ་རགས་བཀོད།

སློབ་ཁྲིད་སྟེགས་བུའི་ཐོག་གཅེས་སེམས་བརྟན་སྲུང་བྱེད་མཁན་སློབ་གཙོ།  

    བཀྲ་ཤིས་སྒྲོལ་མ། ད་ལྟ་དར་མདོ་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གི་སློབ་གཙོའི་ལས་འགན་འཁུར་བཞིན་ཡོད། མོ་ལ་དཀར་མཛེས་ཁུལ་གྱིཁམས་པའི་འཇོན་ཐང་ཅན“བརྒྱ་སྟོང་ཁྲིའི་ལས་གྲྭའི”ཕུལ་བྱུང་གི་འབྲིང་རིམ་ཤེས་ལྡན་མི་སྣ་དང་། ཁུལ་རིམ་པའི་ཕུལ་བྱུང་འཛིན་བདག་དགེ་རྒན། ཁུལ་རིམ་པའི་རྐང་འཛིན་དགེ་རྒན། དར་མདོ་གྲོང་ཁྱེར་གྱི་དགེ་རྒན་གྲགས་ཅན་སོགས་ཀྱི་མཚན་སྙན་ཐེངས་མང་པོར་ཐོབ་ཡོད། ན་གཞོན་དགེ་རྒན་ཞིག་ནས་སློབ་ཆུང་གི་སློབ་གཙོའི་འགན་འཁུར་བའི་བར། མོ་རང་ཁུལ་གྱི་སློབ་གསོའི་བྱ་གཞག་ནང་ཞུགས་ནས་ལོ23ལ་སླེབས། འདས་པའི་ལོ་ཟླ་འདི་དག་གི་ནང་མོས་ཐོག་མའི་བསམ་འདུན་མི་འགྱུར་བའི་ཆོད་སེམས་བཅངས་ནས་མཐོ་སྒང་སློབ་གསོའི་བྱ་གཞག་ལ་འབད་བརྩོན་ལྷོད་མེད་བྱས་ཤིང་གཞན་ཕན་ལྷག་བསམ་གྱིས་ལེགས་སྐྱེས་ཕུལ་ནས་གཡུར་དུ་ཟ་བའི་འབྲས་བུ་སྨིན།

དར་མདོ་གྲོང་ཁྱེར་ཚོད་ལྟ་སློབ་ཆུང་གི་ཐོག་བརྩེགས་གསུམ་པའི་ཆེས་མཐའ་མ་གཞུང་ལས་ཁང་གཉིས་པ་ནི་སློབ་གྲྭ་དེའི་སློབ་གཙོའི་གཞུང་ལས་ཁང་ཡིན་ལ། ལོ་རིམ་གཉིས་པའི་འཛིན་བདག་གཞོན་པ་བཀྲ་ཤིས་སྒྲོལ་མའི་གཞུང་ལས་ཁང་ཡང་རེད། གཞུང་ལས་ཁང་དུ་སོང་དུས་མདུན་ཅོག་སྟེང་དུ་བཞག་པའི་ལས་བྱ་འབྲི་དེབ་དང་ཆ་སྒམ་ནང་བཞག་པའི་ཡིག་ཆ། གྱང་ངོས་སུ་བཀལ་བའི་ལས་ཀའི་བཀོད་སྒྲིག་གི་ཟིན་ཐོ་དག་ཚང་མ་ནི་གྲལ་ཧ་ཅང་འགྲིག་པོར་བསྒྲིགས་ཡོད་པའི་རྣམ་པ་སྨྱུག་འཛིན་པའི་མིག་ལམ་དུ་མངོན་བྱུང་། དཔེ་སྒྲོམ་གྱི་གཡོན་ངོས་སུ་དཔེ་དེབ་ཀྱི་ཆེ་ཆུང་ལ་གཞིགས་ནས་གྲལ་འགྲིག་པོ་བསྒྲིགས་ནས་བཞག་ཡོད་པ་དེའི་ནང་དཔེ་དེབ་གཅིག་གི་ཐོག་ལ《ནམ་ཡང་སློབ་ཁྲིད་བྱས་ཡོད་པའི་སློབ་གཙོ》ཞེས་པའི་མིང་གསལ་པོ་ཞིག་བྲིས་འདུག།

སྒོ་ལྕགས་སློབ་ཆུང་གི་སྐད་ཡིག་དགེ་རྒན་ནས་དར་མདོ་གྲོང་ཁྱེར་ཚོད་ལྟ་སློབ་ཆུང་གི་སློབ་གཙོའི་དང་། ན་གཞོན་དགེ་རྒན་ཞིག་ནས་སི་ཁྲོན་ཞིང་ཆེན་གྱི་དམིགས་བསལ་རིམ་པའི་དགེ་རྒན་ཞིག་ཏུ་གྱུར་བའི་བར་མོས་སློབ་གསོའི་བྱ་གཞག་ནང་ལོ23ཞུགས་ནས་ནུས་ཤུགས་ཡོད་རྒུས་སློབ་གསོའི་བྱ་གཞག་ལ་འབད་བརྩོན་བྱས་པ་རེད། སྐད་ཡིག་ལས་དོན་ཁང་བརྒྱུད་ནས་ཡུལ་སྡེའི་སློབ་ཆུང་ལ་སློབ་གསོའི་བྱེད་སྒོ་སྤེལ་དུས་མི་སྒེར་དང་ཚོགས་པའི་སྟོབས་ཤུགས་ལ་བརྟེན་ནས་རང་ཁུལ་གྱི་ས་གནས་ཁག་གི་སློབ་ཆུང་སྐད་ཡིག་སློབ་ཚན་གྱི་སློབ་གསོའི་འཕེལ་རྒྱས་ལ་བྱས་རྗེས་ཆེན་པོ་བཞག་ཡོད་པ་རེད།

གཞན་ཕན་གྱི་གཅེས་སེམས་བཅངས་ནས་སློབ་ཁྲིད་སྟེགས་བུ་བསྲུངས།

སྤྱི་ཟླ9པའི་ཚེས3ཉིན་ནི་དར་མདོ་གྲོང་ཁྱེར་ཚོད་ལྟ་སློབ་ཆུང་གིས2021ལོའི་སྟོན་དུས་སློབ་མགོ་ཚུགས་པའི་ཉིན་གསུམ་པ་རེད། སློབ་གཙོ་བཀྲ་ཤིས་སྒྲོལ་མ་སྔ་བཞིན་བྲེལ་བས་ཁོམ་པ་སྤུ་ཙམ་མིན་འདུག། ཞོགས་པ་འཛིན་གྲྭར་སྐད་ཡིག་སློབ་ཐུན་ཐེངས་གསུམ་ཁྲིད་ཡོད། ཉིན་དགུང་ཁྲིམས་ཁང་གིས་སློབ་གྲྭར་བཅའ་ཁྲིམས་ཁྱབ་གདལ་གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ། ཕྱི་དྲོར་སློབ་གྲྭའི་ཚོགས་འདུ་དང་སློབ་གྲྭ་ཡོངས་ཀྱི་གཙང་སྦྲ་བྱེད་པ་བཅས་ལ་བྲེལ་འཚུབ་ཆེ་བ་ནི་མོའི་རྒྱུན་གཏན་གྱི་གཟའ་པ་སངས་རེད།

1998ལོ་ནི་མོས་ཐོག་མ་དགེ་རྒན་བྱས་ནས་ད་བར་ལོ23འདས། མོ་ལོ19ཡི་ཐོག་ལས་གནས་སུ་ཞུགས་པར་རྗེས་དྲན་བྱས་ཚེ།སློབ་གསོའི་བྱ་གཞག་ལ་ཞུགས་མ་ཐག་རང་ནི་སློབ་མའི་ངོས་ནས་བརྗོད་ན་དགེ་རྒན་ཞིག་དང་མི་འདྲ་བ་གཅེན་མོ་ཞིག་དང་གཉིས་སུ་མེད། སློབ་གྲྭའི་ནང་སློབ་མ་དང་མཉམ་དུ་སློབ་སྦྱོང་དང་ལུས་རྩལ་སྦྱོང་བ། སློབ་གྲྭ་གྲོལ་རྗེས་སློབ་མ་ཚོ་རྒྱུན་དུ་ངའི་ཉལ་ཁང་དུ་ཟ་མ་བཟོ་བ་དང་རྩེད་མོ་རྩེ་སར་ཡོང་བ་རེད་ཅེས་བཤད།

མོ་སྒོ་ལྕགས་སློབ་ཆུང་དུ་ལོ་བདུན་གྱི་རིང་ལ་སློབ་ཁྲིད་བྱས་པར་བརྒྱུད་རིམ་བཞིན་གང་ཅི་ཐད་ནས་འཚར་ལོངས་བྱུང་ཡོད། སློབ་གྲྭར་ཐོན་མ་ཐག་པའི་ན་གཞོན་དགེ་རྒན་ཞིག་ནས་སློབ་གྲྭའི་སྐད་ཡིག་སློབ་ཁྲིད་ཀྱི་རིག་ཚན་སྣེ་ཁྲིད་པར་གྱུར། 2005ལོར་དར་མདོ་གྲོང་ཁྱེར་གྱིས་དགེ་རྒན་གདམ་གསེས་ཡོངས་བསྒྲགས་བྱས་ཤིང་མོ་དར་མདོ་གྲོང་ཁྱེར་མི་ཉག་ལྟག་སྒོ་སློབ་ཆུང་དུ་ལས་གནས་སྤོས། མི་ཉག་ལྟག་སྒོ་སློབ་ཆུང་དུ་ལས་ཀར་ཞུགས་མ་ཐག་མོ་ལས་ཀའི་ཁོར་ཡུག་གསར་པ་དང་མི་འཚམ་པས། སློབ་གསོའི་བྱ་གཞག་ལ་དགའ་ཞེན་དང་འགན་འཁྲིའི་འཁུར་སེམས་དེ་རིམ་བཞིན་ཁུར་པོ་གྱུར། ཡིན་ཡང་མོས་ཕྱིར་བཤོལ་སྤུ་ཙམ་བྱ་མེད་པ་ད་དུང་རྒྱུན་ཆད་མེད་པ་གསར་གཏོད་འཚོལ་ཞིབ་དང་ལས་ཀའི་ཁྲོད་ཀྱི་དཀའ་ངལ་ཁྱད་བསད་བྱས་ཡོད། མོའི་རྒྱུན་འཁྱོངས་དང་འབད་བརྩོན་བྱས་པར་བརྟེན་སློབ་མ་ཚོའི་དགའ་ཞེན་དང་ཁྱིམ་བདག་ཚོའི་དགེ་རྒན་བཟང་པོ་ཞིག་ཁས་ལེན་ཡོད།

སྔོན་དུས་སློབ་མ་ཚོས་མོ་ལ“ནན་གསུམ”ཞེས་དགེ་རྒན་གདེང་འཇོག་བྱས་མྱོང་ཡོད། ནན་གསུམ་ནི་མོའི་སློབ་ཁྲིད་ཁྲོད་ཀྱི་ལས་ཀའི་རྣམ་འགྱུར་དང་སློབ་མ་ཚོར་བཅངས་པའི་སློབ་སྦྱོང་གི་བླང་བྱ་ཡིན་ལ། མ་གཞི་ནན་པོ་ཞེས་པ་དེ་མོའི་སློབ་ཁྲིད་ཉམས་འགྱུར་གྱི་འགག་རྩའི་ཐ་སྙད་ཅིག་ཏུ་གྱུར་མོད། འོན་ཀྱང་མོས་སློབ་མ་ཚོར་བརྩེ་བ་ཟབ་མོ་བཅངས་ནས་སློབ་མ་ཚོའི་རྒྱུན་གཏན་གྱི་སློབ་སྦྱོང་དང་ཀུན་སྤྱོད་ཀྱི་སྤུས་ཚད་ལ་བླང་བྱ་ནན་པོ་བཏོན་ཞིང་སློབ་མར་རང་ཉིད་ཀྱི་ཕྲུ་གུ་དང་འདྲ་བ་བརྩེ་སེམས་བཅངས་ཡོད། མོའི་དགའ་ཆེ་ཤོས་ཀྱི་བྱ་བ་ནི་སློབ་མ་ཚོ་སློབ་འབྲིང་ལ་འགྲིམས་སྐབས་རྒྱུགས་ཡག་པོ་འཕྲོད་ནས་དུས་ཚོད་དང་པོར་མོ་དང་འབྲེལ་བ་བྱས་ཏེ། དགེ་རྒན་གྱི་ནུས་ཤུགས་ཡོད་རྒུས་སློབ་གསོ་དང་གསོ་སྐྱོང་བྱས་པར་ཐུགས་རྗེ་ཆེ་ཟེར་དུས་རང་སེམས་ནང་གྲུབ་འབྲས་ཐོབ་སྙང་ཆེས་ཆེ་ཤོས་དེ་ཡིན་པ་རེད།

ཕ་ཡུལ་རྫ་ཆུ་ཁ་རྫོང་དུ་སློབ་གསོ་དང་ལེན་བྱས་ནས་ཕྱིར་ལས་དོན་སྒྲུབ་པའི་མོས་བོད་རིགས་དང་འབྲེལ་བ་ཡོད་པའི་ས་ཁུལ་གྱི་སློབ་མ་ཚོའི་མི་ཚེའི་ངོས་ནས་བརྗོད་ན་སློབ་གསོ་ནི་དོན་སྙིང་ཧ་ཅང་གལ་ཆེན་ལྡན་པ་ཞིག་ཡིན་པ་གསལ་པོ་ཤེས་ཀྱི་ཡོད། མོས་སློབ་གྲྭ་ནས་སློབ་མཐའ་ཕྱིན་དུས་མིང་འགོད་རྒྱུགས་སྤྲོད་བྱེད་སྐབས་ཐེ་ཚོམ་སྤུ་ཙམ་མེད་པའི་སྒོ་ནས་མི་དམངས་དགེ་རྒན་ཞེས་པའི་ལས་རིགས་འདི་བདམས། མོའི་དགའ་ཞེན་དེ་ནི་དུས་ཚོད་རིང་པོ་དང་ལས་གནས་ཀྱི་ཁྲོད་དུ་ཐོག་མའི་བསམ་འདུན་འགྱུར་མེད་རྡོའི་རི་མོའི་རིགས་སུ་མཐུན།

2019ལོར་ལས་ཀའི་དགོས་མཁོ་དབང་གིས་མོ་དར་མདོ་གྲོང་ཁྱེར་ཚོད་ལྟ་སློབ་ཆུང་སློབ་གྲྭའི་སློབ་གཙོ་འགན་འཁུར་བཅུག་ཡོད་ཀྱང་མོས་སྔོན་གྱི་ལོ23ལྟར་སློབ་ཁྲིད་བྱས་ནས་བྱེད་བཞིན་ཡོད། སློབ་གཙོ་དང་འཛིན་བདག་གཞོན་པའི་ལས་ཀར་བྲེལ་བ་ཇི་ཙམ་ཆེ་ཡང་། མོས་སློབ་མའི་སློབ་ཁྲིད་ལ་ལྷོད་གཡེང་སྤུ་ཙམ་ཡང་བྱ་མེད་ལ་སློབ་མར་གཅེས་སྐྱོང་བྱ་རྒྱུ་ཡང་གཏན་ནས་བརྗེད་མེད།

རང་གི་ཁྱིམ་ཚང་སློབ་གསོའི་སྐོར་གླེང་སྐབས་མོས་རང་སྐད་ཡིག་དགེ་རྒན་ཞིག་ཡིན་ཡང་བུ་མོ་སློབ་ཆུང་དུ་སློབ་སྦྱོང་བྱེད་རིང་རྩོམ་ཡིག་གཅིག་ཁོ་ན་མ་གཏོགས་མཛུབ་ཁྲིད་བྱེད་མ་མྱོང་བ་དང་། བུ་མོས་མཐོ་རྒྱུགས་སྤྲད་སྐབས་ཡང་བྲེལ་འཚུབ་ཆེ་བས་བུ་མོ་དང་མཉམ་དུ་ཉིན་གཅིག་ཀྱང་སྡོད་མ་མྱོང། ནུས་ཤུགས་ཡོད་རྒུས་རང་གི་དགའ་བའི་སློབ་གསོའི་བྱ་གཞག་བསྒྲུབ་རྒྱུ་དེ་ནི་ཁྱིམ་ཚང་གི་རྒྱབ་སྐྱོར་དང་བསམ་ཤེས་ལ་ཁ་འབྲལ་ཐབས་མེད་ཅེས་མྱོང་ཚོར་ཟབ་མོ་ཡོད་པའི་སྒོ་ནས་དེ་ལྟར་བཤད།

ད་ལྟ་ཡང་སློབ་ཁྲིད་བྱེད་བཞིན་ཡོད་པའི་བཀྲ་ཤིས་སྒྲོལ་མས་སློབ་གསོའི་བྱ་གཞག་ལ་དགའ་ཞེན་དང་སློབ་མར་གཅེས་སྐྱོང་བྱེད་པའི་ཁོ་རང་གི་ཐོག་མའི་བསམ་འདུན་ནམ་ཡང་དོར་མེད། ད་ལྟ་གོ་གནས་གང་འདྲ་ཞིག་འཁུར་ཡོད་ནའང་མོས་ད་དུང་སློབ་མ་ཚོའི་ཤེས་འདོད་ཀྱི་འདུན་པ་དང་རང་ཉིད་ཀྱིས་དགའ་ཞེན་བྱེད་པའི་སློབ་ཚན་ཐོག་ཡུན་རིང་སློབ་ཁྲིད་བྱ་རྒྱུའི་རེ་བ་འཆང་བཞིན་ཡོད། ད་ལྟ་མི་མང་པོ་ཞིག་གིས་མོར་སློབ་གཙོ་ཞེས་འབོད་ཀྱི་ཡོད་མོད། འོན་ཀྱང་མོ་རང་གི་སློབ་མ་ཚོ་དང་ཁྱིམ་བདག་ཚོས་ཁོང་ལ་དགེ་རྒན་སྒྲོལ་མ་འབོད་པར་སྤྲོ་བ་འདུག་ཅེས་བཤད།

གྲོང་གསེབ་ཏུ་སློབ་ཁྲིད་བྱེད་དུ་ཕྱིན་ནས་རང་ཉིད་ཀྱི་འཇོན་ནུས་ཕན་པའི་འབྲས་བུར་གྱུར་དུ་བཅུག།

2019ལོའི་སྤྱི་ཟླ9པ་དང་སྤྱི་ཟླ12པར་བཀྲ་ཤིས་སྒྲོལ་མར་དར་མདོ་གྲོང་ཁྱེར་གྱི་སློབ་གསོ་ལུས་རྩལ་ཅུས་དང་། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སློབ་གསོ་ལུས་རྩལ་ཅུས་ཀྱིས་སྔ་རྗེས་སུ“དར་མདོ་གྲོང་ཁྱེར་སློབ་ཆུང་གི་སྐད་ཡིག་དགེ་རྒན་གྱི་ལས་དོན་ཁང”སྣེ་ཁྲིད་པ“དང་དཀར་མཛེས་ཁུལ་སློབ་ཆུང་གི་སྐད་ཡིག་དགེ་རྒན་གྲགས་ཅན་གྱི་ལས་དོན་ཁང”གི་གཟི་བརྗིད་མཚན་སྙན་སྤྲད་ཡོད། དེའི་ཐོག་མོས་རང་ཉིད་ཀྱི་མིང་ཐོག་ནས་སྐད་ཡིག་དགེ་རྒན་གྲགས་ཅན་གྱི་ལས་དོན་ཁང་གིས་གྲོང་གསེབ་ཏུ་སློབ་ཁྲིད་བྱེད་སྒོ་སྤེལ་ཆོག་པར་མཚོན་ཡོད། མཚན་སྙན་འདི་མ་ཐོབ་སྔོན་ཡང་མོས་རོང་བྲག་དང་བྲག་མགོ་སོགས་སློབ་ཆུང་གི་སྐད་ཡིག་རིག་ཚན་གྱི་སློབ་ཁྲིད་བྱེད་སྒོར་ཞུགས་ཡོད་པ་རེད།

སྐད་ཡིག་དགེ་རྒན་གྲགས་ཅན་གྱི་ལས་དོན་ཁང་གིས་གྲོང་གསེབ་ཏུ་སློབ་ཁྲིད་བྱེད་སྒོ་སྤེལ་བའི་ལོ་གཉིས་ནང་མོ་དང་མོའི་ལས་དོན་ཁང་གི་དགེ་རྒན་རྣམས་དར་མདོ་གྲོང་ཁྱེར་ར་རྔ་ཁའི་སློབ་ཆུང་དང་། སྐྱ་གད་ཡུག་ཤོག་ཞག་སྡོད་ལམ་ལུགས་ཀྱི་སློབ་ཆུང་། ལྷ་སྒང་སློབ་ཆུང་སོགས་སློབ་གྲྭ་བདུན་དུ་ཁྱབ་པའི་དུས་མཚུམས་སུ། རྫ་ཆུ་ཁ་དང་དཀར་མཛེས། དཔལ་ཡུལ། ཉག་རོང་། སྡེ་དགེ། གསེར་ཐར་བཅས་རྫོང་དྲུག་དང་སྦྲེལ་མཐུད་བྱས་ནས་སྐད་ཡིག་སློབ་ཁྲིད་ལས་དོན་ལ་སྣེ་ཁྲིད་བྱས་ཡོད། གྲོང་གསེབ་ཏུ་སློབ་ཁྲིད་བྱེད་སྒོ་སྤེལ་རིང་བཀྲ་ཤིས་སྒྲོལ་མས་གཙོ་འཛིན་བྱས་ཏེ་ལས་དོན་ཁང་གི་ལས་སྒྲུབ་མི་སྣ་སྣེ་ཁྲིད་དེ་གཟའ་མཇུག་དང་གུང་གསེང་གི་སྐབས་སུ་སློབ་ཆུང་ཁག་ཏུ་སོང་ནས་དགེ་རྒན་ལ་ངོ་ཐུག་ངོ་བཅར་བྱས་ནས་བསམ་འཆར་སྤེལ་རེས་ཀྱི་མཛུབ་ཁྲིད་བྱས་པ་རེད།

ར་རྔ་ཁའི་སློབ་ཆུང་གི་དགེ་རྒན་བཀྲ་ཤིས་ཆོས་གྲུབ2019ལོར་བཀྲ་ཤིས་སྒྲོལ་མའི་སྐད་ཡིག་དགེ་རྒན་གྲགས་ཅན་ལས་དོན་ཁང་ནང་ཞུགས་ཡོད། ལོ་གཉིས་ཀྱི་རིང་མོའི་བྱ་བའི་གྲུབ་འབྲས་ལ་ཡར་ཐོན་ཆེན་པོ་བྱུང་ཡོད། ད་ལོའི་སྤྱི་ཟླ5པར་བཀྲ་ཤིས་སྒྲོལ་མའི་སྐད་ཡིག་དགེ་རྒན་གྲགས་ཅན་ལས་དོན་ཁང་གིས་སྒྲིག་འཛུགས་བྱས་པའི་ཁུལ་རིམ་པའི་སྤུས་ལེགས་སློབ་ཚན་འགྲན་བསྡུར་ནང་བཀྲ་ཤིས་ཆོས་གྲུབ་དགེ་རྒན་ལ་འགྲན་བསྡུར་གྱི་དམིགས་བསལ་བྱ་དགའ་ཐོབ་ཡོད། དེ་ནི་མོའི་སྐད་ཡིག་སློབ་ཁྲིད་ཁང་ལ་ཐོབ་པའི་གྲུབ་འབྲས་ཞིག་ཡིན་ལ། བཀྲ་ཤིས་སྒྲོལ་མས་དུས་ཡུན་རིང་པོའི་ནང་མོ་ལ་མཛུབ་ཁྲིད་ཞིབ་ཚགས་བྱས་པའི་གྲུབ་འབྲས་ཤིག་ཀྱང་ཡིན་པ་རེད།

མིག་སྔར་བཀྲ་ཤིས་སྒྲོལ་མའི་སྐད་ཡིག་དགེ་རྒན་གྲགས་ཅན་ལས་དོན་ཁང་དུ་ཁོངས་མི80ལྷག་ཙམ་ཡོད་པ་དང་། སློབ་ཁྲིད་དང་སློབ་ཁྲིད་བརྗེ་རེས་ཀྱི་བྱེད་སྒོ་སྤེལ་རིང་ཚང་མར་ཕན་ཚུན་སློབ་ཁྲིད་ཀྱི་ཉམས་མྱོང་རྩ་ཆེན་ཐོབ་པས་ཡར་རྒྱས་དང་འཚར་ལོངས་བྱུང་བ་རེད། དགེ་རྒན་རྒས་གྲས་ཚོས་སྤེལ་རེས་དང་སློབ་སྦྱོང་བྱེད་སྐབས་རང་ཉིད་ཀྱི་སློབ་ཁྲིད་ལོ་རྒྱུས་ཉམས་མྱོང་བརྗོད། གཞོན་ནུ་དགེ་རྒན་ཚོས་ཁོ་ཚོའི་མཛུབ་ཁྲིད་དང་གྲོས་འགོའི་ནང་སློབ་ཁྲིད་ཀྱི་ཉམས་མྱོང་དེ་བས་མང་པོ་ཐོབ་པར་མ་ཟད། སློབ་ཁྲིད་ཀྱི་ཉམས་མྱོང་དེ་དག་སློབ་ཁང་དུ་སྤྱད་དེ་སློབ་མ་ཚོར་ཤེས་བྱ་དེ་བས་ལེགས་པའི་སྒོ་ནས་དང་ལེན་བྱེད་དུ་བཅུག་ཡོད།

མོའི་རེ་བ་ཆེ་ཤོས་ནི་རང་ཉིད་ཀྱིས་དོན་ཁང་གི་དགེ་རྒན་སྣེ་ཁྲིད་དེ་ཕ་ཡུལ་རྫ་ཆུ་ཁ་རྫོང་དུ་སློབ་ཁྲིད་བྱེད་སྒོ་སྤེལ་རྒྱུ་དེ་ཡིན་ལ། མིག་སྔར་ལས་དོན་ཁང་གིས་རྫ་ཆུ་ཁ་རྫོང་གི་དགེ་རྒན་ཚོ་དང་དྲྭ་ཐོག་སློབ་ཁྲིད་མཛུབ་ཁྲིད་ཁོ་ན་བྱེད་ཀྱི་ཡོད། ཡུལ་དངོས་སུ་ཡོངས་བསྒྲགས་འགྲན་བསྡུར་བྱས་ནས་ངོ་ཐུག་ངོ་བཅར་བྱས་ནས་བསམ་འཆར་སྤེལ་རེས་བྱེད་པའི་གོ་སྐབས་ཧ་ཅང་ཉུང་ཉུང་ཡིན་ལ། མོས་ཕ་ཡུལ་གྱི་སློབ་གྲྭ་ནང་དགེ་རྒན་ཚོ་དང་མཉམ་དུ་སློབ་མ་ཚོར་གསོན་ཉམས་དོད་ལ་དོན་སྙིང་ལྡན་པའི་སྐད་ཡིག་སློབ་ཚན་འཁྲིད་རྒྱུའི་རེ་བ་འཆང་བཞིན་ཡོད་ཅེས་བཤད་པ་རེད།

བཅར་འདྲི་བྱེད་རིང་བཀྲ་ཤིས་སྒྲོལ་མས་ལས་དོན་ཁང་གི་ལོ་དེ་དག་གི་སློབ་ཁྲིད་བྱེད་སྒོ་ཕྱོགས་སྡོམ་བྱས་པ་སྟེ། སློབ་གྲྭ་ཁག་གི་དགེ་རྒན་དང་ཐུན་མོང་ཐོག་ཡར་རྒྱས་ཡོང་བ་དང་མཉམ་དུ་འཚར་ལོངས་ཡོང་བ་བྱ་རྒྱུ་ནི་ང་ཚོའི་ལས་དོན་ཁང་གིས་བསྒྲུབས་པའི་གྲུབ་འབྲས་ལེགས་ཤོས་ཐོབ་པའི་བྱ་བ་ཞིག་རེད། སློབ་ཁྲིད་གྲ་སྒྲིག་དང་སློབ་ཁྲིད་སྤེལ་རེས་བྱ་རྒྱུ་དེས་སློབ་གྲྭ་ཚང་མའི་སློབ་ཁྲིད་ཆུ་ཚད་མགྱོགས་མྱུར་མཐོ་རུ་གཏོང་ཐུབ་པའི་ངེས་པ་མེད་མོད། འོན་ཀྱང་ལས་དོན་ཁང་གི་དགེ་རྒན་ཚོས་བོད་དང་འབྲེལ་བ་ཡོད་པའི་སློབ་ཆུང་གི་སྐད་ཡིག་སློབ་ཁྲིད་ལ་འབད་པ་ལྷོད་མེད་བྱས་པར་བརྟེན་འབྱུང་འགྱུར་དཀར་མཛེས་ཁུལ་གྱི་མཐོ་སྒང་གི་སློབ་གསོའི་མེ་ཏོག་ལ་གཡུར་དུ་ཟ་བའི་འབྲས་བུ་སྨིན་ངེས་རེད་ཅེས་བཀྲ་ཤིས་སྒྲོལ་མས་ཡིད་ཆེས་བརྟན་པོ་ཡོད་པའི་སྒོ་ནས་དེ་ལྟར་བཤད་པ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1