ཞི་ཅིན་ཕིང་ནས་བརྙན་མཐོང་གསུང་བཤད་གནང་བ་དེར་ལན་ཆ་བཟང་པོ་བྱུང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས སྤེལ་དུས། 09-27


        ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ལོ་2021ལོའི་ཀྲུང་ཀོན་ཚོན་གླེང་སྟེགས་ལ་བརྙན་ལམ་ཐོག་ནས་ཤིས་ཚིག་བསྒྲོན་གནང་བར། ཚོགས་ཞུགས་མི་སྣ་དང་དེ་བཞིན་སྤྱི་ཚོགས་ལས་རིགས་ཁག་གི་ཁྲོད་དུ་ལན་ཆ་བཟང་པོ་བྱུང་ཡོད། ཚང་མས། ཀྲུའུ་ཞི་ཞི་ཅིན་ཕིང་གི་བཀའ་མངག་བློ་ལ་བརྟན་པོ་ངེས་ཏེ་དེ་བས་སྒོ་མོ་དབྱེ་བའི་རྣམ་འགྱུར་ཐོག་ནས་རྒྱལ་སྤྱིའི་ཚན་རྩལ་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་། ཚན་རྩལ་དགེ་ཕན་གྱི་འདུ་ཤེས་འཛུགས་པ། གོ་ལ་ཧྲིལ་པོའི་ཚན་རྩལ་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། མིའི་རིགས་ལ་བདེ་སྐྱིད་བསྐྲུན་རྒྱུ་ཡིན་ཞེས་བསྟན་ཡོད།
        ཀྲུའུ་ཞི་ཞི་ཅིན་ཕིང་གིས། མིག་སྔར། འཛམ་གླིང་ལ་ལོ་བརྒྱར་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད་པ་དང་། ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་རྒྱ་ཆེ་ཞིང་གཏིང་ཟབ་པ། འཛམ་གླིང་དཔལ་འབྱོར་སླར་གསོར་འགྲན་རྩོད་དྲག་པོ་འཕྲད་ཡོད་པས་འཛམ་གླིང་རྒྱལ་ཁབ་ཁག་གིས་ཚན་རྩལ་སྒོ་དབྱེའི་མཉམ་ལས་ལ་ཤུགས་སྣོན་དང་། ཚན་རྩལ་གསར་གཏོད་བྱས་པ་བརྒྱུད་དེ་གོ་ལའི་རང་བཞིན་གྱི་གནད་དོན་གལ་ཆེན་ཐག་གཅོད་བྱེད་པའི་ཐབས་ལམ་དང་བྱ་ཐབས་མཉམ་དུ་འཚོལ་ཞིབ་བྱེད་དགོས་པ་དང་། དུས་རབས་ཀྱི་འགྲན་རྩོད་ལ་མཉམ་དུ་ཁ་གཏད་གཅོག་པ། མིའི་རིགས་ཀྱི་ཞི་བདེ་གོང་འཕེལ་གྱི་བླ་ན་མེད་པའི་བྱ་གཞག་ལ་མཉམ་དུ་སྐུལ་འདེད་གཏོང་དགོས་ཞེས་གསུངས་པར། ཆིང་ཧྭ་སློབ་ཆེན་གྱི་སློབ་སྤྱི། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲེ་ཆེའུ་ཡུང་གིས། སྒོ་དབྱེ་བྱས་ན་ད་གཟོད་དོན་དམ་པའི་གསར་གཏོད་ཡོང་ཐུབ་པ་དང་། སྒོ་དབྱེ་མཉམ་ལས་ཀྱི་ཁོར་ཡུག་འོག་ད་གཟོད་ཚན་རྩལ་གསར་གཏོད་གྲུབ་འབྲས་ཀྱིས་མིའི་རིགས་ལ་བདེ་སྐྱིད་དངོས་བསྐྲུན་ཐུབ། ཆུ་ཚད་མཐོ་བའི་སློབ་ཆེན་གྱིས་ཆུ་ཚད་མཐོ་བའི་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་ཆུ་ཚད་མཐོ་བའི་རྒྱལ་སྤྱིའི་ཚན་རྩལ་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཁྲོད་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས་ཞེས་གསུངས་ཡོད།
        པེ་ཅིང་གྲོང་ཁྱེར་ཚན་རྩལ་ཨུ་ལྷན་ཀྲུང་ཀོན་ཚོན་དོ་དམ་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡི་ཧྲུའུ་ཅི། ཀྲུའུ་རིན་ཞུས་ཆང་གིས། རང་འགུལ་ངང་འཛམ་གླིང་གི་གསར་གཏོད་དྲ་བའི་ནང་ཞུགས་པ་དང་། རྨང་གཞིའི་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་བ། སྔར་མེད་ཁྱབ་ཁོངས་སུ་དཔའ་ངར་ཆེན་པོས་ཞུགས་པ་བཅས་བྱས་ཏེ་གྲུབ་འབྲས་དེ་བས་ཆེ་བ་སྤྱད་དེ་ང་ཚོའི་ཐོན་སྐྱེད་དང་འཚོ་བའི་ཁྲོད་ཀྱི་གནད་དོན་ཆེ་གྲས་ཁག་གཅིག་ཐག་གཅོད་བྱེད་དགོས་ཞེས་གསུངས་ཡོད།
        པེ་ཅིང་གྲོང་ཁྱེར་དབུགས་འབྱིན་རྔུབ་ནད་ཞིབ་འཇུག་སོའོ་ཡི་སོའོ་ཀྲང་། པེ་ཅིང་ཁྲའོ་ཡང་སྨན་ཁང་གི་འགོ་འཛིན་གཞོན་པ་ཐུང་ཁྲའོ་ཧུའེ་ཡིས། ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་རྒྱ་ཆེ་ལ་གཏིང་ཟབ་པས། སྨན་དོན་མི་སྣ་དང་ཚན་རྩལ་ལས་དོན་པ་ཞིག་ཡིན་པའི་ཆ་ནས་ཚན་རྩལ་གསར་གཏོད་ནང་ཧུར་ཐག་ཞུགས་ཐོག་རིམས་ནད་སྔོན་འགོག་ཚོད་འཛིན་དང་། རིམས་འགོག་སྨན་ཁབ། སྨན་རྫས་སོགས་ཀྱི་ཐད་མཉམ་ལས་ཧུར་ཐག་བྱས་ནས་ཏོག་གསར་གློ་ཚད་རིམས་ནད་ཀྱིས་ང་ཚོར་བཟོས་པའི་ཤུགས་རྐྱེན་ངན་པ་སྔ་ཙམ་སེལ་དགོས་ཞེས་གསུངས་ཡོད།
        ཀྲུའུ་ཞི་ཞི་ཅིན་ཕིང་གིས། ཀྲུང་གོས་ཚན་རྩལ་གསར་གཏོད་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་པ་དང་། གོ་ལའི་ཚན་རྩལ་གསར་གཏོད་ཀྱི་རོགས་ལས་ལ་སྐུལ་འདེད་གཏོང་བའི་ཐད་འབད་བརྩོན་བྱེད་བཞིན་ཡོད། དེ་བས་སྒོ་མོ་དབྱེ་བའི་རྣམ་འགྱུར་ཐོག་ནས་རྒྱལ་སྤྱིའི་ཚན་རྩལ་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་། གོ་ལའི་གསར་གཏོད་དྲ་བའི་ནང་ཧུར་ཐག་ཞུགས་པ། རྨང་གཞིའི་ཞིབ་འཇུག་ལ་མཉམ་དུ་སྐུལ་འདེད་གཏོང་བ། ཚན་རྩལ་གྲུབ་འབྲས་བརྗེ་སྒྱུར་ལ་སྐུལ་འདེད་གཏོང་བ། དཔལ་འབྱོར་གོང་འཕེལ་གྱི་སྒུལ་ནུས་གསར་པ་གསོ་སྤེལ་བྱེད་པ། ཤེས་བྱའི་ཐོན་དབང་སྲུང་སྐྱོབ་ལ་ཤུགས་སྣོན་རྒྱག་པ། གསར་གཏོད་ཀྱི་ཁོར་ཡུག་རྩེ་གྲ་གཏོད་པ། ཚན་རྩལ་དགེ་ཕན་གྱི་འདུ་ཤེས་འཛུགས་པ། གོ་ལའི་ཚན་རྩལ་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་མིའི་རིགས་ལ་བདེ་སྐྱིད་དེ་བས་ཆེ་བ་བསྐྲུན་དགོས་ཞེས་གསུངས་པར། པེ་ཅིང་ཀླད་པའི་ཚན་རིག་དང་ཀླད་རིགས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རིན། རྒྱལ་སའི་གསོ་རིག་སློབ་ཆེན་གྱི་སློབ་སྤྱི་རའོ་དབྱི་ཡིས། སྤྱི་ཁྱབ་ཧྲུའུ་ཅིས་གསར་གཏོད་ཁོར་ཡུག་རྩེ་གྲ་གཏོད་པ་དང་། ཚན་རྩལ་དགེ་ཕན་གྱི་འདུ་ཤེས་འཛུགས་དགོས་ཞེས་བསྟན་གནང་བར་ང་རང་ལ་བག་ཆགས་ཟབ་མོ་བྱུང་། ང་ཚོ་གསོ་རིག་ཚན་རིག་མཁས་པ་ཚོས་གསོ་རིག་ཚན་རིག་ཞིབ་འཇུག་གི་གསར་གཏོད་ཐད་ཤེས་རྟོགས་གསར་པ་དང་གསར་གཏོད་གསར་པ་ བྱས་ནས་མིའི་རིགས་ལ་བདེ་སྐྱིད་བསྐྲུན་དགོས་ཞེས་གསུངས་ཡོད།
        པེ་ཅིང་ཀྲེ་ཡོན་མི་ཐབས་རིག་ནུས་ཞིབ་འཇུག་ཁང་གི་འགོ་འཛིན། པེ་ཅིང་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བ་ཧོང་ཐེ་ཅུན་གྱིས། གོམ་སྟབས་རྗེས་མར་ང་ཚོས་ཐོག་མའི་ཨང་ཚབ་སྒོ་དབྱེ་དང་། རྩིས་སྟངས་སྒོ་དབྱེ། གྲངས་གཞི་སྒོ་དབྱེ། མ་དཔེ་སྒོ་དབྱེ་སོགས་བྱས་པ་བརྒྱུད་དེ་མི་ཐབས་རིག་ནུས་ཚན་རྩལ་གྱི་རྒྱལ་སྤྱིའི་རོགས་ལས་ཀྱི་གསར་གཏོད་ཆེན་མོ་མངོན་འགྱུར་ཡོང་བ་བྱས་ཐོག་རྒྱལ་སྤྱིའི་དཔལ་འབྱོར་སླར་གསོ་དང་སྤྱི་ཚོགས་གོང་འཕེལ་ཐད་ཞབས་འདེགས་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད།
        ཀྲུང་ཀོན་ཚོན་ནི་ཀྲུང་གོའི་རྒྱལ་ཁབ་ཀྱི་རང་རྟེན་གསར་གཏོད་དཔེ་སྟོན་ཁུལ་དང་པོ་དེ་རེད། ཀྲུང་ཀོན་ཚོན་གླེང་སྟེགས་ནི་གོ་ལའི་ཚན་རྩལ་གསར་གཏོད་སྤེལ་རེས་ཀྱི་མཉམ་ལས་ལ་ཁ་ཕྱོགས་པའི་རྒྱལ་ཁབ་རིམ་པའི་སྟེགས་བུ་ཞིག་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས། ཀྲུང་གོས་ཀྲུང་ཀོན་ཚོན་གྱིས་རེས་འཁོར་གསར་པའི་བསྒྱུར་བཅོས་ཚོད་ལྟ་སྔོན་ལ་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་དང་། འཛམ་གླིང་སྔོན་ཐོན་གྱི་ཚན་རྩལ་གླིང་ཁུལ་མགྱོགས་མྱུར་གཏོད་དེ་གོ་ལའི་ཚན་རྩལ་གསར་གཏོད་སྤེལ་རེས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་གསུངས་པར། པེ་ཅིང་གྲོང་ཁྱེར་ཧའེ་ཏན་ཁུལ་ཨུད་ཀྱི་ཧྲུའུ་ཅི་ཡུས་ཅུན་གྱིས། ཧའེ་ཏན་ཉིད་ཀྲུང་ཀོན་ཚོན་གྱི་འབྱུང་ཁུངས་དང་ལྟེ་བའི་ཁུལ་ཡིན་པའི་ཆ་ནས་སྤྱི་ཁྱབ་ཧྲུའུ་ཅིའི་བླང་བྱ་ལག་བསྟར་མཐའ་གཅིག་ཏུ་བྱེད་དགོས་པ་དང་། འགན་འཁྲི་ཆེན་པོ་འཁུར་ནུས་པ་དང་། རྨང་གཞི་ཡག་པ་འདིང་བ། འཚོལ་ཞིབ་ཧུར་ཐག་བྱེད་པ། གོ་ལར་ཕྱོགས་ཏེ་དེ་བས་སྒོ་དབྱེ་བྱེད་པ། གསར་གཏོད་ཀྱི་ཁོར་ཡུག་དེ་བས་ལེགས་པོ་བཏོད་དེ། གསར་གཏོད་ཀྱི་ནུས་པ་རྒྱུན་མཐུད་མཐོ་རུ་གཏོང་དགོས་ཞེས་གསུངས་ཡོད།
        པེ་ཅིང་ཝུའེ་ཤིན་ཚན་ཚན་ཕྲེང་འབྲེལ་དང་མཐའ་འཁོར་རྩིས་རྒྱག་ཞིབ་འཇུག་ཁང་གི་འགོ་འཛིན་ཏུང་ཅིན་གྱིས། ཀྲུང་ཀོན་ཚོན་གྱི་ས་གཞི་ཆེ་མོའི་ཐོག་འཚར་ལོངས་བྱུང་བའི་རྣམ་པ་གསར་པའི་ཞིབ་འཇུག་ཚན་པ་ཞིག་ཡིན་པའི་ཆ་ནས། རང་ཉིད་ཀྱིས་ཀྲུང་ཀོན་ཚོན་གྱི་འབྱུང་འགྱུར་ལ་ཡིད་ཆེས་ཀྱིས་ཁེངས་ནས་ཡོད། དེ་བས་སྟབས་བསྟུན་གྱི་སྒྲིག་གཞི་དང་ཁོང་ཡངས་ཀྱི་བློ་རྒྱའི་ཐོག་ནས་ང་ཚོས་རྒྱལ་སྤྱིའི་ལས་རིགས་གཅིག་པ་དང་མཉམ་ལས་བྱས་ཏེ་གྲུབ་འབྲས་སྔར་ལས་མང་བ་བརྩོན་ལེན་དང་འཛམ་གླིང་རིམ་པའི་གྲུབ་འབྲས་བརྩོན་ལེན་གྱིས་པེ་ཅིང་གི་རྒྱལ་སྤྱིའི་ཚན་རྩལ་གསར་གཏོད་ལྟེ་གནས་འཛུགས་སྐྱོང་ལ་རོགས་འདེད་སྔར་བས་ལྷག་པ་བྱ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1