༄༅།། རྒྱའི་བཙུན་པ་ཞིག་གི་མཐོང་སྣང་དུ་ཤར་བའི་བོད་ཡུལ།

གངས་མཚོ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར སྤེལ་དུས། 09-29


 གངས་མཚོ། 
དང་པོ། དཔེ་དེབ་ངོ་སྤྲོད།

        《བོད་ཡུལ་དུ་ཆོས་ཕྱི་ཞུ་རུ་སོང་བའི་ཟིན་ཐོ》《雪域求法记》ཞེས་པའི་དེབ་འདི་ནི་དུས་རབས་ཉི་ཤུ་པའི་སྟོད་ཀྱི་ཆར་རྒྱ་ནག་ནན་ཅིང་དུ་སྐྱེས་པའི་གྲྭ་པ་ཞིག་གིས། ཚེ་སྨད་དུ་རང་གི་འདས་པའི་མི་ཚེའི་བྱུང་བ་ལ་དྲན་གསོས་ཏེ་ཞལ་ནས་གསུངས་པའི་ལོ་རྒྱུས་ཡིག་ཐོག་ཏུ་ཕབ་པའི་དཔེ་དེབ་ཅིག་སྟེ། མགོ་བརྗོད་དང་གླེང་སློང་ཕུད་པའི་དངོས་གཞིའི་ནང་དོན་ཧྲིལ་པོ་ནི་ལེའུ་བཅུ་ཡི་བདག་ཉིད་ཅན་དང་། ལེའུ་བཅུ་པོ་ལའང་བྱེ་བྲག་གི་ནང་དོན་བསྡོམས་པས་དོན་ཚན་གོ་གཅིག་ཏུ་བགོས་ཏེ་དེབ་གཟུགས་སུ་བསྐྲུན་པ་ཞིག་རེད། ནང་དོན་ཐད་སྐབས་དེའི་ཁོ་རང་འཚར་ལོངས་བྱུང་སའི་ཁོར་ཡུག་གིས་མཚོན་པའི་རྒྱ་ནག་གི་ལོ་རྒྱུས་ཀྱི་ཆ་ཤས་དང་། དེ་ནས་བོད་རྒྱའི་འགལ་འབྲེལ་སྐོར་གྱི་བྱུང་བ། དེ་ནས་ཁོང་གི་མངོན་སུམ་མིག་གི་སྤྱོད་ཡུལ་དུ་གྱུར་པའི་ཁམས་ཕྱོགས་དང་དབུས་གཙང་གི་བོད་མིའི་གཟུགས་གཞི་དང་ཆ་བྱད། ས་གནས་དཔོན་པོ་ཁག་ཅིག་གི་གནས་སྟངས། བོད་པའི་མི་སྡེ་ཁག་གི་འཚོ་བ་སྐྱེལ་སྟངས། གྲུབ་མཐའ་ཁག་གི་དགོན་པའི་གནས་བབ། བོད་ཡུལ་གྱི་ས་ཁམས་ལོ་རྒྱུས། ཆོས་ལུགས་དད་མོས། ཡུལ་སྲོལ་གོམས་གཤིས་སོགས་རིག་ཚན་མང་པོ་ཞིག་གི་དཔྱད་བྱའི་ཁྱབ་ཁོངས་ཚུད་ཡོད་པར་མ་ཟད། སྒོས་སུ་བོད་ཀྱི་ཉེ་རབས་ལོ་རྒྱུས་ལས་དགའ་ལྡན་ཕོ་བྲང་གི་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས། བོད་མིའི་སྤྱི་ཚོགས་སྒྲིག་གཞི་དང་། དགོན་པའི་འཛིན་སྐྱོང་དོ་དམ། སྐབས་དེ་དག་གི་ལོ་རྒྱུས་དོན་རྐྱེན་དང་གནད་ཡོད་མི་སྣ་སྐོར་ཞིག་གི་ལོ་རྒྱུས་ལ་ཡང་བསྐྱར་ཉམས་ཞིབ་བྱེད་པར་ངེས་པར་མཁོ་བའི་ཆ་འཕྲིན་གལ་ཆེན་འབའ་ཞིག་མཁོ་འདོན་བྱས་ཡོད།

གཉིས་པ། བརྗོད་བྱ་མདོར་བསྡུས།
        དེབ་འདིའི་ལེའུ་དང་པོའི་ནང་། ཁོང་གི་བྱིས་དུས་ཀྱི་འཚོ་བ་དང་འབྲེལ་ཏེ་སྐབས་དེའི་ནང་ལོགས་ཀྱི་ནང་པའི་དགོན་པ་དང་སྲིད་འགྱུར་། དམག་འཁྲུག་སོགས་ཀྱི་གནས་ཚུལ་ཡང་རགས་ཙམ་བཀོད་ཡོད། སྒོས་སུ་ཁོང་གི་ཁྱིམ་ཚང་ནི་མ་གཞི་ནས་ཐུབ་པའི་བསྟན་པ་ལ་མོས་ཤིང་དད་པ་བརྟན་པའི་ཚུལ་གླེང་སྟེ། རང་ལོ་བརྒྱད་པའི་སྟེང་ན་ཚ་ཞིག་གིས་མནར་བ་ལ་རྐྱེན་བྱས་ཏེ་ཁོ་རང་ཨན་ལི་དགོན་པར(安乐寺)རབ་ཏུ་བྱུང་ནས་དམ་ཆོས་དང་དངོས་སུ་ལས་འབྲེལ་བྱུང་ཚུལ། ཡང་སྐབས་དེ་ནས་བཟུང་ཁོ་རང་བོད་དུ་ཕྱིན་ནས་གསང་སྔགས་ལ་སློབ་གཉེར་དང་ཉམས་ལེན་དཔྱིས་ཕྱིན་པ་བྱས་མུར་ཕྱིར་ནང་ལོགས་སུ་ཡོང་ནས་ཆོས་ཀྱི་འཁོར་ལོ་བསྐོར་ཏེ་གདུལ་བྱ་མང་དུ་བསྐྱངས་ནས། དུས་རབས་ཉི་ཤུ་པའི་ནང་དུ་ཡང་བསྐྱར་ཐང་གུར་སྐབས་ཀྱི་སློབ་དཔོན་ཞོན་ཙང་ལྟ་བུའི་མཛད་རྗེས་ཤིག་གཞག་རྒྱུའི་བསམ་བློས་ཀུན་ནས་བསླངས་པ་སོགས་བརྗོད་ཡོད། ལེའུ་ཕྱི་མ་དག་གི་ནང་དོན་ཧྲིལ་གྱིས་དྲིལ་ན། ཁོང་གིས་ཐབས་ཤེས་རབ་དང་རིམ་པ་ཞིག་བརྒྱུད་དེ་རང་ལོ16སྟེང་སི་ཁྲོན་དུ་འབྱོར་བ་དང་། ཡང་སྤྱི་ལོ1937ལོར་བོད་ཡུལ་ཁམས་ཕྱོགས་སུ་འབྱོར། ཁོ་རང་ཐོག་མར་ཁམས་དར་རྩེ་མདོ་རུ་ཁམས་པ་དང་དངོས་སུ་འབྲེལ་འདྲིས་བྱུང་བ་ལ། ཁོ་ལ་མཚར་སྣང་ཤུགས་ཆེན་པོ་ལྡན་ཞིང་། ཁོས་ཡུལ་དེ་དག་གི་ལྗོངས་བཀོད་ཞིབ་འབྲི་དང་། དེར་འཚོ་བའི་མི་སྡེའི་སྐད་ཆ་དང་གཤིས་ཀ སེམས་ཁམས། འཚོ་བ་སྐྱེལ་སྟངས། ཕྱོགས་དེར་བཞེངས་པའི་གྲུབ་མཐའ་སོ་སོའི་དགོན་སྡེ་ཁག་གི་གནས་ཚུལ་ལ་དོ་སྣང་ཆེན་པོ་བྱས་ཡོད་ལ། ལྷག་པར་དུ་ཡུལ་དེའི་མི་ཆེན་བླ་ཆེན་དག་ལ་འབྲེལ་ལམ་བཟུང་སྟེ་དེ་གའི་འདས་མ་ད་གསུམ་གྱི་ལོ་རྒྱུས་དང་སྤྱི་ཚོགས་ཀྱི་འཕོ་འགྱུར་རྒྱུས་ལོན་ཤེས་རྟོགས་ཟབ་མོ་བྱས་ཡོད། དེ་ནས་ཁོ་རང་ཁམས་སྡེ་དགེའི་ཕྱོགས་སུ་སོང་སྟེ་ཐབས་ཤེས་གང་ཡོད་ཐམས་ཅད་རྩལ་དུ་སྤྲུགས་མཐར་སྤྱི་ལོ1938ལོར་དངོས་སུ་ཁམས་ཡུལ་བརྟོལ་ཏེ་དེང་གི་བོད་རང་སྐྱོང་ལྗོངས་ལ་བསྐྱོད་ཐུབ་པ་བྱུང་ཡོད་ཅིང་། ཁོང་རང་ལྷ་སར་འབྱོར་མ་ཐག་དེ་གའི་མཐོ་རིམ་མི་སྣ་མང་པོ་དང་འབྲེལ་ལམ་ཡག་པོ་བཟུང་ཞིང་འབྲས་སྤུངས་དགོན་པར་སོང་ནས་གཞུང་ཆེན་ཁག་ལ་སློབ་གཉེར་མཛད་ཚུལ། ཡང་སྤྱི་ལོ1944ལོར་ཡུལ་དབུས་ལྷ་སའི་ལྷོ་མཐར་གནས་པའི་ནང་པའི་གནས་ཆེན་ཙ་རི་ལ་གནས་སྐོར་དུ་ཕྱིན་པ། ལམ་སྐབས་ནས་ཕྱོགས་དེ་གར་འཚོ་བའི་ཀློ་བོ་ཁ་ཁྲ་སོགས་ཀྱི་གནས་ཚུལ་ཡང་བྲིས་ཡོད། སྤྱི་ལོ1945ལོར་ཁོས་སྐབས་དེའི་བོད་ཀྱི་སྲིད་སྐྱོང་བླ་མ་གཙོས་པའི་དགེ་འདུན་འདུས་པ་རྒྱ་མཚོའི་དབུས་སུ་དགེ་བཤེས་ལྷ་རམས་པའི་དམ་བཅའ་ཕུལ་ཏེ། རྒྱ་མིའི་ཁྲོད་ཀྱི་བོད་བརྒྱུད་ནང་བསྟན་ལ་ཞུགས་ཏེ་ལྷ་རམས་པའི་དམ་བཅའ་ཕུལ་མཁན་གྱི་མི་གཉིས་པར་གྱུར་ཚུལ། དེ་ནས་ཁོང་གི་མི་ཚེའི་ཁྲོད་ཀྱི་ཆེས་གནད་འགག་ཏུ་གྱུར་པའི་ལས་དོན་ཞིག་སྟེ། སྐབས་དེའི་སྲིད་སྐྱོང་སྟག་བྲག་གིས་བསྐུར་བའི་འཕྲིན་ཡིག་ཁྱེར་ཏེ་ཀྲུང་ཧྭ་མི་སེར་རྒྱལ་ཁབ་ཀྱི་གཙོ་འཛིན་ཅང་ཅེ་ཧྲི་ལ་མཇལ་དུ་སོང་བ་དང་། སྐབས་དེ་ནས་བཟུང་ཁོང་གི་ཕྲག་ཏུ་སྔ་ན་མེད་པའི་ལས་འགན་ཆེན་པོ་ཡོད་ཚུལ། ཕྱོགས་གཅིག་ནས་ཁོང་ནི་ལྷ་རམས་དམ་བཅའ་ཕུལ་ཟིན་པའི་ཆོས་བྱེད་མི་སྣ་ཞིག་དང་། ཕྱོགས་གཞན་ཞིག་ནས་ཀྲུང་དབྱང་དང་བོད་ས་གནས་སྲིད་གཞུང་བར་གྱི་འབྲེལ་ལམ་སྐྱོང་བའི་ཆབ་སྲིད་པ་ལྟ་བུ་ཞིག་ཏུའང་གྱུར་པ་སོགས་ནང་དོན་འདུས་ཆེན་པོ་ཡོད་དོ། །

གསུམ་པ། དེབ་འདིའི་ཐུན་མིན་ཁྱད་ཆོས།

གཅིག དཔྱད་གཞིའི་རྒྱུ་ཆ་ཁུངས་བཙུན་པ།

1.ངག་ཐོག་ལོ་རྒྱུས།
        དེབ་འདི་ནི་སྐུ་ཞབས་ཞིན་སུའུ་ཀྲི་ལགས་ནས་ཁོང་གི་འདས་པའི་མི་ཚེའི་བརྒྱུད་རིམ་ལ་ཕྱིར་དྲན་བྱས་པའི་ངག་ཐོག་གི་བཅར་འདྲི་ནི་རྩ་བའི་སྒྲོམ་དུ་གྱུར་ཡོད་དེ། གཞན་གྱི་ངག་སྒྲོས་ལས་འཐུས་པ་ལྟ་བུ་མ་ཡིན་པར། ལོ་རྒྱུས་མི་སྣ་དངོས་ཀྱིས་རང་གི་བྱུང་བ་ཁ་ནས་གསུངས་ཏེ་ཡི་གེར་ཕབ་པས་གང་ལས་ཀྱང་བདེན་སྣང་གི་ཤས་ཆེས་ཆེར་ལྡན་ལ། ངག་ནས་གསུངས་པ་དེ་ཡང་ཐེངས་གཅིག་གཉིས་ཤིག་གིས་འཐུས་པར་བྱས་པ་ལྟ་བུ་མ་ཡིན་པར། སྔ་ཕྱིར་ཐེངས་ཉི་ཤུ་ལྷག་ལ་ཁོང་སར་བཅར་ཏེ་སྒྲ་ཕབ་ཟེར་སྡེར་བཞི་བཅུ་ལྷག་བཟོས་པ་ལ་འདོར་ལེན་ནན་ཏན་བགྱིས་ཏེ་གྲུབ་པ་རེད།

2.ཟིན་བྲིས་དང་ཡིག་ཚགས།
        ཁོང་གིས་འགྲུལ་བཞུད་ཀྱི་གོ་རིམ་ཁྲོད་དུ་དོན་བྱ་མོད་པོ་ཞིག་གི་མཐོང་སྣང་ཁོམ་གསེང་ནས་ཉིན་ཐོའམ་ཡུལ་སྐོར་ཟིན་བྲིས་ལྟ་བུར་བཀོད་ཡོད་ལས་ཆེ་ཞིང་། གཞན་ཡང་སྐབས་དེ་དག་ཏུ་ཁོང་དང་དངོས་འབྲེལ་ལམ་བརྒྱུད་འབྲེལ་དུ་སོང་བའི་ཡིག་ཆ་མང་པོ་ཞིག་ཀྱང་ཉར་ཚགས་བྱས་ཡོད་དེ། དཔེར་ན་ཁོ་རང་ཐོག་མར་ཁམས་ཕྱོགས་དང་དེ་ནས་ལྷ་སར་བསྐྱོད་པའི་འགྲོ་ལུགས་ལས་རིམ་ཁྲོད་དུ། ས་གནས་དཔོན་པོ་དང་དགོན་པའི་བླ་མ། གྲོགས་གསར་རྙིང་མང་པོ་ཕན་ཚུན་བར་དུ་ཡིག་འབྲེལ་བྱུང་བ་ཁག་གིས། སྐབས་བབ་ཀྱི་བརྗོད་བྱ་ལ་སྔ་ན་མེད་པའི་གཞོགས་འདེགས་ཀྱི་ནུས་པ་ཐོན་ཡོད། དཔེར་ན། ཁོ་རང་སྡེ་དགེ་ནས་ཆབ་མདོར་བརྟོལ་བའི་འགག་སྒོ་བརྒལ་བར་སྐབས་དེར་ཆབ་མདོར་རྒྱུན་སྡོད་བྱས་པའི་མདོ་སྤྱི་ཟུར་ཁང་ཛ་སག་གིས་ཁོང་ལ་སྤྲད་པའི་ཆོག་མཆན་ཡི་གེ་དང་། སྐབས་དེར་བོད་ས་གནས་སྲིད་གཞུང་གི་མངའ་རིས་སུ་གཅིག་གྱུར་ཏུ་སྤྱོད་པའི་བོད་གཞུང་གི་ཤོག་དངུལ་སོགས་མང་པོ་དེབ་ཏུ་བཅུག་པ་ལྟ་བུའོ། །

3.ལོ་རྒྱུས་འདྲ་པར།
        ཡང་དེབ་འདིའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གཞན་ཞིག་ནི། ཁོང་གིས་ཡུལ་དུས་དམིགས་བསལ་རེ་རེའི་བྱུང་བ་ལ་ཕྱིར་དྲན་བྱས་པ་དང་ཆབས་ཅིག སྐབས་དེའི་ལོ་རྒྱུས་དོན་རྐྱེན་དང་ལོ་རྒྱུས་མི་སྣ་དེ་དག་དང་འབྲེལ་བའི་འདྲ་པར་མང་པོ་བསྐྱོན་པ་དེས་དཔེ་དེབ་འདིར་བླ་སྲོག་གསར་པ་ཞིག་བསྩལ་ཡོད་དེ། དེ་ལ་རྒྱུ་ཆ་གང་གིས་ཀྱང་ཚབ་ཏུ་མི་བཏུབ་པའི་ལོ་རྒྱུས་རིན་ཐང་ཆེན་པོ་ལྡན། སྤྱིར་ན་བརྙན་པར་གྱི་ལག་རྩལ་འདི་ནི་ཉེ་རབས་ལོ་རྒྱུས་ཐོག་གསར་དུ་བྱུང་བ་ཞིག་ཡིན་ཡང་། དེས་གནས་སྐབས་ངེས་ཅན་ཞིག་གི་བྱུང་བ་ནི་མངོན་སུམ་དབང་པོའི་ཡུལ་དུ་བསྟན་དུ་ཡོད་པའི་དཔང་པོ་འཕེར་བས་ཅིས་ཀྱང་གཞལ་དུ་མེད་པའི་ལོ་རྒྱུས་ཀྱི་རིན་ཐང་ཡོད། མཚན་གཞི་རེ་བཀོད་ན། ཁོ་རང་ཆབ་མདོར་བསྐྱོད་པའི་ལམ་སྐབས་སུ་རེ་ཞིག་དགེ་རྒྱས་དགོན་པར་བཞུགས་སྐབས་དགོན་དེ་པར་བསྐྱོན་པས་སྐབས་དེའི་དགོན་དེ་གའི་བཀོད་པ་གསལ་ལེར་མངོན་ལ། ཡང་ཁམས་སྡེ་དགེའི་རྒྱལ་པོ་དང་ཕྱིས་སུ་མདོ་སྤྱི་ཟུར་ཁང་ཛ་སག་དང་ང་ཕོད་ངག་དབང་འཇིགས་མེད། དྲུང་ཡིག་ཝང་ཡན་ཞོན་སོགས་དང་ལྷན་དུ་བསྐྱོན་པའི་པར། སྒོས་སུ་ཁོང་གིས་བཤད་པ་ནང་བཞིན་འཇིག་རྟེན་འདིར་ཉག་ཅིག་ཏུ་གྱུར་པའི་རྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་ཁྲི་ལ་མངའ་གསོལ་བའི་པར་ཟིན་ལྟ་བུའོ། །

4.ལོ་རྒྱུས་ཡིག་ཆ།
        ཁོང་གིས་འདས་དོན་ལ་དྲན་གསོ་བྱས་པའི་བྱུང་རིམ་དག་ཆད་ལྷག་མེད་པར་གུང་བསྒྲིགས་པའི་རྗེས་སུ། དེའི་ཁྲོད་ཀྱི་ལོ་རྒྱུས་ས་གནས་དང་མི་སྣ། རྒྱབ་ལྗོངས་སོགས་ཞིབ་ཕྲའི་གནས་ཚུལ་ཁག་ལ《བོད་ཀྱི་ལོ་རྒྱུས་སྤྱི་དོན》སོགས་ཕྱིས་ཀྱི་ལོ་རྒྱུས་ཡིག་ཆའི་ཁ་གསབ་ལེགས་པར་བྱས་ཏེ། འཐུས་ཚང་ཤིང་མ་ལག་ཡོད་པའི་ལོ་རྒྱུས་བརྩམས་ཆོས་རྣལ་མ་ཞིག་ཏུ་གྲུབ་པར་འབད་པ་ཆེན་པོ་བསྟེན་ཡོད། དཔེར་ན། ཁོང་གིས་སྡེ་དགེ་ནས་ཆབ་མདོར་བརྟོལ་བའི་འཇོ་མདའི་འགག་སྒོ་དམ་སྲུང་ཡིན་པ་བརྗོད་དུས། ཕྱིས་སུ་ཤེས་རྟོགས་བྱུང་བའི་ལོ་རྒྱུས་ཀྱིས་ཁ་གསབ་བྱས་པ་འདི་ལྟ་སྟེ། དེ་ནི་སྔར་དུས་རབས་ཉི་ཤུ་པའི་དུས་མགོར་བོད་ལྗོངས་དང་དབྱིན་ཇི། ཆིང་སྲིད་གཞུང་བཅས་ཀྱི་བར་དུ་འགལ་བ་བསྟུད་མར་བྱུང་བར་བསྟུན། རྒྱལ་དབང་བཅུ་གསུམ་པས་བོད་དུ་སྔ་ན་མེད་པའི་སྲིད་གསར་གྱི་བགྱི་བ་ལྷུར་བླངས་པའི་ལོ་རྒྱུས་རྒྱབ་ལྗོངས་དེབ་ཏུ་གསལ་པོར་བཀོད་པ་ལྟ་བུའོ། ། 

གཉིས། ནང་དོན་འདུས་ཆེ་བ།
        ཕར་བལྟས་ཚོད་དུ་འདི་ནི་ངག་ཐོག་ལོ་རྒྱུས་ཕལ་པ་ཞིག་ཏུ་མཐོང་ལས་ཆེ་མོད། འོན་ཀྱང་ཚིག་དོན་རེ་རེ་ཞིབ་ཏུ་བཀླགས་ཏེ་ནན་གྱིས་དཔྱད་ན། འདི་ནི་གནའ་གཏམ་ལྟ་བུའི་ངག་རྒྱུན་རང་ག་བ་ཞིག་ལས་ཆེན་པོར་འགོངས་ཏེ། ཆེ་ཕྱོགས་ནས་དུས་རབས་ཉི་ཤུ་པའི་ནང་གི་རྒྱ་བོད་ཕྱི་ནང་ཀུན་གྱི་ལོ་རྒྱུས་སྤྱིའི་བྱུང་འཕེལ་ལ་གོ་བ་ངེས་ཅན་རྙེད་ཐུབ་ཅིང་། བྱེ་བྲག་ཏུ་སྐབས་དེའི་བོད་ནང་གི་གནས་བབ་སྟེ། ཁམས་ཕྱོགས་དང་དབུས་གཙང་གི་ས་གནས་སྲིད་དབང་དང་། དཔལ་འབྱོར། སྤྱི་ཚོགས། མི་སྡེའི་འཚོ་བ། ཡུལ་སྲོལ་གོམས་གཤིས། རྒྱ་བོད་བར་གྱི་འབྲེལ་བ། དགོན་པ་ཁག་གི་གནས་སྟངས། མཐའ་ན་དགོན་པ་དང་ཡུལ་ལུང་བྱེ་བྲག་པ་ཁ་ཤས་ཀྱི་མི་གྲངས་ལ་སོགས་པ་ནང་དོན་ཤིན་ཏུ་འདུས་ཆེ་བས། དེང་གི་ཞིབ་འཇུག་ལས་དོན་གྱི་མཐོང་སྣེ་ནས་བལྟས་ན། དེབ་འདིས་བོད་ཀྱི་ཉེ་རབས་ལོ་རྒྱུས་དང་། ཆབ་སྲིད་ཀྱི་འགྱུར་ལྡོག སྤྱི་ཚོགས་སྒྲིག་གཞི། སྐད་དང་ཡི་གེ། དམངས་སྲོལ། ཆོས་ལུགས་དད་མོས་སོགས་ལ་ཞིབ་འཇུག་བྱེད་པར་རིག་ཚན་མང་དག་ཅིག་གི་དཔྱད་གཞི་ཟླ་དང་བྲལ་བར་གྱུར་ཡོད་པར་སེམས། འདིས་མི་རིགས་དང་རྒྱལ་ཁབ་གཞན་གྱི་ཞིབ་འཇུག་པར་རྔོ་ཐོགས་པར་མ་ཟད། བོད་མི་རང་ལ་དེ་བས་ཀྱང་དགེ་མཚན་བླ་ལྷག་ཐོན་ཡོད་དེ། མ་གཞི་བོད་པ་རང་གིས་རང་གི་ཆོས་སྲིད་ཀྱི་ལས་དོན་ཆེ་ཁག་ཕུད་པའི་བྱེ་བྲག་གི་ཡུལ་སྲོལ་གོམས་གཤིས་དང་། དགོན་པའི་སྒྲིག་སྲོལ། ས་གནས་ཕན་ཚུན་བར་གྱི་ཁྱད་པར་སོགས་ཡིག་ཐོག་ཏུ་བཀོད་པ་ཤིན་ཏུ་ཉག་ཕྲ་བས་ཕྱིས་སུ་རང་རྒྱུས་རང་ལའང་མེད་པའི་གནད་དོན་ཅིག་ཅར་དུ་ལྷགས་པ་ལྟ་བུའོ། །

གསུམ། ཆད་པ་ཁ་གསབ་ཀྱི་རིན་ཐང་མངའ་བ།
        བར་སྐབས་ཤིག་ནས་བཅིངས་འགྲོལ་སྔོན་གྱི་བོད་པའི་ལོ་རྒྱུས་ཀྱང་ཀུན་གྱི་གླེང་གཞི་ཆེན་པོ་ཞིག་ཏུ་གྱུར་ཡོད་དེ། དེ་ལ་ཐོག་མར་ནུབ་ཕྱོགས་མཁས་པའི་ཁྲོད་དུ་དཔྱད་པ་གཏོང་མཁན་དང་ཆེད་དེབ་འབྲི་མཁན་མང་པོ་བྱུང་ཡོད་ལ། ལྷག་པར་དུ་སྐབས་དེའི་ལོ་རྒྱུས་ཁྲོད་ཀྱི་མི་སྣ་དངོས་ཀྱིས་བྲིས་པའི་ཆེད་དེབ་ཀྱང་ཡོད་པRichardsonདངBellལྟ་བུའོ། །དེ་བཞིན་དུ་སྐབས་ཐོག་དེའི་བོད་མི་རང་གིས་བྲིས་པའི་ལོ་རྒྱུས་ཀྱང་གཞིས་བྱེས་གཉིས་སུ་མང་ཙམ་འདུག འོན་ཀྱང་སྐབས་དེའི་རྒྱ་མིས་བོད་ཡུལ་གནས་ཚུལ་ཇི་ལྟ་བུ་ཆེད་དེབ་ཏུ་བྲིས་པ་སྐུ་ཞབས་ཧྲེན་ཙུང་ལེན་གྱི《བོད་ཡུལ་དང་བོད་མི》《西藏与西藏人》ལྟ་བུ་རེ་ཟུང་མ་གཏོགས་ཕྲན་གྱི་མཐོང་ལམ་དུ་མ་གྱུར་ན། འདིའི་བྱེད་པོ་གང་ནི་རྒྱ་མི་ཡིན་པ་གང་ལ་ནང་བསྟན་གཙོས་པའི་བོད་ཀྱི་རིག་པའི་གནས་ལའང་གསལ་ཆ་ཤིན་ཏུ་ཡོད་པས། ཁོང་གིས་རང་གཞན་གཉིས་ཀྱི་མཐོང་སྣང་མི་འདྲ་བ་མང་པོ་ནས་སྐབས་དེའི་བོད་ཀྱི་གནས་ཚུལ་ཞིབ་མོར་བརྗོད་པ་ལ་ཆད་པ་ཁ་སྐོང་གི་རིན་ཐང་མི་དམན་པ་མངའ་བར་སེམས་སོ། །

བཞི་པ། སྡོམ་ཆུང་།
        དེབ་འདིའི་བྱེད་པོ་ནི་ལོ་རྒྱུས་ཀྱི་གནད་ཡོད་མི་སྣ་ཞིག་སྟེ། ཁོང་གིས་ཐོབ་ཐང་སྣ་མང་པོ་ཞིག་གི་ཁྱབ་ཁོངས་ལས་ལས་ཀ་བྱས་པ་དང་། དེ་མཚུངས་ཀྱི་མི་སྣ་ཡང་མང་པོར་ལ་འབྲེལ་ལམ་བྱུང་བ་ལས། མི་སྣ་ཁ་ཅིག་ནི་བོད་རྒྱའི་ཉེ་རབས་ལོ་རྒྱུས་ཁྲོད་ཀྱི་ཧ་ཅང་གནད་འགག་ཏུ་གྱུར་པའི་མི་སྣ་རྐྱང་པ་ཞིག་སྟེ། དཔེར་ན་སྐབས་དེའི་ཀྲུང་ཧྭ་མི་སེར་རྒྱལ་ཁབ་ཀྱི་གཙོ་འཛིན་ཅང་ཅེ་ཧྲི་དང་། བོད་ས་གནས་སྲིད་གཞུང་གི་སྐབས་དེའི་སྲིད་སྐྱོང་བླ་མ་སྟག་བྲག་གཉིས་དང་། དེ་གཉིས་ཀྱི་ཞབས་ཕྱིར་འཁོད་པའི་ལོ་རྒྱུས་མི་སྣ་གལ་ཆེན་འབའ་ཞིག་དང་འབྲེལ་ལམ་བྱུང་བ་དང་། དེ་བཞིན་དུ1949ལོའི་ཀྲུང་གོ་གསར་པ་གཙོས་པའི་བོད་རྒྱའི་བར་གྱི་ལོ་རྒྱུས་དོན་རྐྱེན་མང་པོ་ཞིག་ལ་དངོས་སུ་ཞུགས་པས། ང་ཚོས་མིག་སྔའི་ལོ་རྒྱུས་ཁྲོད་ཀྱི་བྱེ་བྲག་གི་གནད་དོན་མང་པོ་ཞིག་ལ་ཞུན་བརྡར་གསལ་ཐག་ཆོད་པ་མ་བྱུང་བར་ནོར་བ་རྒྱུན་འབྱམས་སུ་སོང་བ་རྣམས་ལ་དག་སེལ་དང་། ཡོ་བསྲང་བྱེད་པ། སྔར་ལས་ཞིབ་འཇུག་གཏིང་ཟབ་བྱེད་པ་སོགས་ལ་མེད་དུ་མི་རུང་།
        མདོར་ན། དེབ་འདི་ནི་བོད་ཀྱི་ཉེ་རབས་ལོ་རྒྱུས་ཀྱི་ཕྱོགས་གང་རུང་ལ་དོ་སྣང་ཡོད་པའི་མི་སུས་ཀྱང་ངེས་པར་བཀླག་འོས་པ་ཞིག་ཏུ་མཐོང་སྟེ། དེབ་འདིའི་བརྗོད་བྱར་གྱུར་པའི་མི་སྣ་གཙོ་བོ་གང་དེའི་མི་ཚེའི་བརྒྱུད་རིམ་གྱིས་ང་ཚོ་ལ་བློ་བསྐྱེད་ཆེན་པོ་འཕེར་བར་མ་ཟད། འདིར་བཀོད་པའི་ཡུལ་དུས་གང་རུང་གི་གནས་ཚུལ་བྱེ་བྲག་པ་རེ་ལའང་ལོ་རྒྱུས་དང་ཞིབ་འཇུག་གི་རིན་ཐང་ཆེན་པོ་ལྡན། འོན་ཀྱང་དེ་ལའང་མཛུབ་མོས་གར་བསྟན་ཤར་ཞེས་པ་ནང་བཞིན་བརྗོད་བྱའི་དོན་གང་ཞིག་ཧྲིལ་གྱིས་ལེན་པའམ་ཧྲིལ་གྱིས་འདོར་བའི་བྱེད་པ་དང་རིང་དུ་བཀྱེད་དེ། བྱེ་བྲག་གི་ལོ་རྒྱུས་དོན་རྐྱེན་དང་། གནད་ཡོད་མི་སྣ་གང་གི་སྐབས་སུའང་དེ་འབྲེལ་གྱི་ཞིབ་འཇུག་གི་མཐའ་མཐོང་བར་བྱས་ཏེ། ཕྱོགས་སུ་མ་ལྷུང་བའི་དངོས་ཡོད་ལོ་རྒྱུས་ཤིག་མཐོང་ཐུབ་པར་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1