སྦྲ་ནག“ཁྲི་འདུས་སྟོང་ཤོང”ལས་མངོན་པའི་འབྲོག་ཁུལ་གྱི་ཤེས་དཔལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་ཉིན་རེའི་ཚགས་པར། སྤེལ་དུས། 10-11



          འབྲོག་ཁུལ་གྱི་སྦྲ་ནག་སྐོར་གླེང་ཚེ། སྦྲ་ནག་རིག་གནས་ཤིན་ཏུ་དར་བའི་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་འཕྲལ་མར་ཡིད་ལ་འཆར་འོང་།
          འབྲོག་ཁུལ་གྱི་སྦྲ་ནག་དང་འབྲེལ་བ་ཡོད་པའི་གཏམ་རྒྱུད་འཚོལ་ཆེད། ཉེ་ཆར་གསར་འགོད་པ་ཆེད་མངགས་སྦྲ་ཆེན་རྫོང་དུ་བསྐྱོད་པ་དང་། སྦྲ་ཆེན་རྫོང་རིག་གནས་དང་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་གཞོན་པ་བསྟན་འཛིན་གྱི་ངོ་སྤྲོད་བྱས་པར་གཞིགས་ན། འབྲོག་པའི་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་ཆེད། 2019ལོའི་ཟླ་བརྒྱད་པར་སྦྲ་ཆེན་རྫོང་གིས་ཆེས་སྲོལ་རྒྱུན་གྱི་འཐག་རྩལ་ལ་བརྟེན་ནས་ས་ཁྱོན་སྨི་ངོས་གྲུ་ཁྲི་གཅིག་ལྷག་ཙམ་ཟིན་པའི་སྦྲ་གུར་ནག་པོ(གཤམ་དུ“སྦྲ་ནག”ཅེས་བསྡུ་རྒྱུ)“ཁྲི་འདུས་སྟོང་ཤོང”ཕུབ་པར་ལོ་རྒྱུས་ཀྱི་རིན་ཐང་དང་། བཟོ་རྩལ་གྱི་རིན་ཐང་། རིག་གཞུང་གི་རིན་ཐང་བཅས་ཆེན་པོ་ལྡན་ཡོད་པ་རེད།
ཧོར་ཁྱིམ་རྒྱུད་ལ་བཅར་འདྲི་བྱས་ནས་“ཁྲི་འདུས་སྟོང་ཤོང”གི་ལོ་རྒྱུས་ཀྱི་རིན་ཐང་འཚོལ་ཞིབ་བྱས་པ།
          ལོ་རྒྱུས་ཐོག་ཧོར་ཚོ་སོ་དགུའི་འགོ་གཙོའི་སྡོད་གནས་ནི་ཤིན་ཏུ་ཆེ་བའི་སྦྲ་ནག་ཅིག་ཡིན་པ་རེད། ངག་རྒྱུན་དུ་སྦྲ་ནག་སྔ་ཤོས་ནི་ཧོར་ཚོའི་འགོ་གཙོ་མི་རབས་དགུ་པ་དཀོན་མཆོག་རྒྱལ་གྱིས་1650ལོར་བརྒྱབ་པ་དང་། མིང་ལ“ཁྲི་འདུས་སྟོང་ཤོང”ཞེས་བརྗོད་ལ། ད་བར་ལོ་ངོ་300ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད་པ་རེད།

ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་གི་ཤང་དང་གྲོང་རྡལ་ཞིག་གིས་ཕུབ་པའི་སྦྲ་ནག
          སྦྲ་ནག་ལ་འདུས་པའི་གཏིང་ཟབ་པའི་ལོ་རྒྱུས་ཀྱི་ཉིང་བཅུད་རྒྱུས་ལོན་བྱ་ཆེད། གསར་འགོད་པ་དང་བཅས་པ་རླངས་འཁོར་ལ་བསྡད་དེ“ཁྲི་འདུས་སྟོང་ཤོང”ཕུབ་ཡུལ་ཏེ་ད་ཆའི་སྦྲ་ཆེན་རྫོང་སྦྲ་ཆེན་ཤང་དུ་བསྐྱོད་ཅིང་། ཧོར་ཁྱིམ་རྒྱུད་ཀྱི་བུ་རྒྱུད་རྡོ་རྗེ་དབང་ལྡན་ལ་བཅར་འདྲི་བྱས་པ་ཡིན།
          ང་ཚོ་མེ་ཏོག་རབ་ཏུ་བཞད་པའི་སྒོ་ར་ཞིག་ཏུ་སྐྱོད་པ་ན། གྲུང་ཤ་དོད་པའི་བགྲེས་སོང་ཞིག་ཐོག་སོ་གཉིས་ལྡན་གྱི་ཐོག་ཁང་ལས་བབས་ཏེ“ཁྱེད་ཚོ་སྐུ་ཁམས་བཟང་། མགྱོགས་པོ་ནང་ལ་ཕེབས་དང”ཞེས་ང་ཚོ་བསུ་བར་སླེབས་བྱུང་། གཞན་གྱིས་ངོ་སྤྲོད་བྱས་བརྒྱུད། བགྲེས་སོང་ཁོང་ནི་ད་ལོ་ལོ་73ལ་སླེབས་པའི་རྡོ་རྗེ་དབང་ལྡན་ཡིན་པ་ཤེས་རྟོགས་བྱུང་།
          ཅི་འཕྲོས་མོལ་འཕྲོས་ཡུད་ཙམ་བྱས་རྗེས། རྡོ་རྗེ་དབང་ལྡན་གྱིས་ཞིམ་མངར་ལྡན་པའི་ཞོ་ལྡག་ཞོར་རང་ཉིད་ཀྱི་དྲན་འཆར་ངོས་ཀྱི་སྦྲ་གུར་དང་འབྲེལ་བའི་གཏམ་རྒྱུད་བརྗོད་འགོ་བརྩམས།

ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་གི་འབྲོག་པ་མང་ཚོགས་(གཡས)ཀྱིས་རྩིད་པ་འཁེལ་བཞིན་པ།
          “ཧོར་ཚོའི་འགོ་གཙོ་དཀོན་མཆོག་རྒྱལ་གྱི་དུས་སྐབས་སུ་ཧོར་གྱི་ཚོ་པའི་ལྟེ་གནས་ད་ཆའི་སྦྲ་ཆེན་རྫོང་རྫ་སྲིབ་གྲོང་རྡལ་ནས་སྦྲ་ཆེན་ཤང་དུ་སྤོས་པ་དང་། སྐབས་དེར་ས་ཁྱོན་སྨི་ངོས་གྲུ་400ལྷག་ཙམ་ཟིན་པའི“ཁྲི་འདུས་སྟོང་ཤོང”གི་སྦྲ་གུར་དང་པོ་ཕུབ་པ་དང་། དུས་དེ་ནས་བཟུང་ཧོར་ཚོ་སོ་དགུའི་འགོ་གཙོའི་སྡོད་གནས་སུ་གྱུར་པ་མ་ཟད། ཆབ་སྲིད་དང་། དཔལ་འབྱོར། རིག་གནས། ཆོས་ལུགས་སོགས་ཚོ་པའི་བྱེད་སྒོ་གལ་ཆེན་སྤེལ་ཡུལ་དུའང་གྱུར་ཡོད”ཅེས་རྡོ་རྗེ་དབང་ལྡན་གྱིས་རྒྱས་བཤད་བྱས་ལ། ཁོང་གི་སྐད་ཆར་ཉན་རྗེས“ཁྲི་འདུས་སྟོང་ཤོང”གི་སྔོན་ཆད་ཀྱི་བརྗིད་ཉམས་གསར་འགོད་པའི་མིག་ལམ་དུ་ལྷང་ངེར་འཆར་བྱུང་།
          ཧོར་ཚོ་སོ་དགུའི་འགོ་གཙོའི་སྡོད་གནས“ཁྲི་འདུས་སྟོང་ཤོང”རྒྱུན་ཆད་མེད་པར་ཉམས་གསོ་དང་རྒྱ་སྐྱེད་གཏོང་བཞིན་ཡོད་དེ། 1949ལོར་དེའི་རྒྱ་ཁྱོན་སྨི་ངོས་གྲུ་800ཙམ་ཟིན་པ་དང་། དེ་ནི་ལོ་རྒྱུས་ཐོག་རྒྱ་ཁྱོན་ཆེ་ཤོས་ཀྱི“ཁྲི་འདུས་སྟོང་ཤོང”ཞིག་ཡིན་པ་རེད།
“ཁྲི་འདུས་སྟོང་ཤོང”གི་བརྗིད་ཉམས་དང་ཕུལ་དུ་བྱུང་བའི་བཟོ་རྩལ་གྱི་རིན་ཐང་སླར་ཡང་མངོན་པ།
          “ ‘ཁྲི་འདུས་སྟོང་ཤོང’ལ་ལོ་རྒྱུས་ཀྱི་རིན་ཐང་ཆེན་པོ་ལྡན་པ་མ་ཟད། དེའི་བཟོ་རྩལ་གྱི་རིན་ཐང་ཡང་ཧ་ཅང་ཆེན་པོ་ཡོད། སྦྲ་འཐག་རྩལ་རྙོག་འཛིང་ཆེ་ལ། དེ་ནི་ངལ་རྩོལ་མི་དམངས་ཀྱི་དུས་ཡུན་རིང་པོའི་ལག་ལེན་གྱི་བློ་གྲོས་ལས་བྱུང་བ་ཞིག་ཡིན་ཞིང་། དེང་རབས་ལག་རྩལ་གྱིས་ཚབ་བྱེད་ཐབས་བྲལ་བ་ཞིག་རེད” ཚན་རིག་ལག་རྩལ་ཡར་ཐོན་དང་ཁྲོམ་རའི་དཔལ་འབྱོར་འཕེལ་རྒྱས་སོང་བ་དང་སྦྲགས། རྡོ་རྗེ་དབང་ལྡན་ལ་སྲོལ་རྒྱུན་གྱི་སྦྲ་འཐག་རྩལ་སྟོངས་ཡོང་སྙམ་པའི་སེམས་ཁྲལ་བྱུང་བས“ཁྲི་འདུས་སྟོང་ཤོང”གི་འཐག་རྩལ་སླར་གསོར་གཞོལ་བ་རེད།
          སྦྲ་ཆེན་རྫོང་སྲིད་གཞུང་གིས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་ཐད་མཐོང་ཆེན་པོ་བྱེད་ཅིང་། 2017ལོར་རྡོ་རྗེ་དབང་ལྡན་གྱིས“རིག་གནས་རྒྱུན་འཛིན”གྱི་མིང་ཐོག་ནས་སྦྲ་ཆེན་རྫོང་བྱང་རྒྱུད་ཀྱི་ཤང་གྲོང་6གི་སྦྲ་འཐག་རྩལ་བྱང་ཆུབ་པའི་འབྲོག་པ་སྒྲིག་འཛུགས་བྱས་ཏེ“ཁྲི་འདུས་སྟོང་ཤོང”གི་སྦྲ་ནག་ཉམས་གསོ་བྱེད་འགོ་ཚུགས་པ་རེད།

ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་གི་འབྲོག་མོ་ཞིག་གིས་རྩིད་པ་གསེད་བཞིན་པ།
          “ད་ཆ་དཔལ་འབྱོར་གྱི་ནུས་པ་ངེས་ཅན་ཞིག་ཡོད་པས‘ཁྲི་འདུས་སྟོང་ཤོང’གི་དེ་སྔའི་སྤྱོད་སྒོ་དང་གནས་བབ་ལ་བསམ་གཞིག་བྱས་རྗེས། ང་ཚོས་འཛམ་གླིང་ཐོག་གི་སྦྲ་ནག་ཆེ་ཤོས་ཤིག་འཐག་རྒྱུའི་སེམས་ཐག་བཅད་པ་ཡིན”ཞེས་རྡོ་རྗེ་དབང་ལྡན་དང་ཁོང་གི་གཉེན་ཉེ་ཚོས་རྒྱ་ཁྱོན་སྨི་ངོས་གྲུ་2225ཟིན་པའི་སྦྲ་ནག་ཆེན་པོ་ཞིག་འཐག་རྒྱུའི་ཁ་ཆད་བྱས།
          2019ལོའི་ཟླ་7པར་སྦྲ་ཆེན་ཤང་རྐྱང་འཐེང་སྒང་གྲོང་ཚོར་སྦྲ་ནག་ཧ་ཅང་ཆེན་པོ་ཞིག་ཕུབ་འགོ་ཚུགས།
          “ཤང་དང་གྲོང་རྡལ་གཞན་དག་གི་སྡོད་གནས་ཐག་རིང་བའི་མི་རྣམས་ལ་སྟབས་བདེ་ཡོང་བ་དང་དུས་ཚོད་གྲོན་ཆུང་ཐུབ་ཆེད། དུད་ཚང་ཚང་མས་དེའི་ཉེ་འགྲམ་དུ་གུར་ཆུང་ཆུང་ཕུབ་ནས་སྡོད་ཀྱི་ཡོད། ང་ཚོ་མི་200ཙམ་གྱིས་ཉིན་ལྟར་མཉམ་དུ་སྦྲ་ནག་བཟོས་པ་ཡིན”ཞེས་དམར་རུ་ཤང་གི་འབྲོག་པ་ཚེ་རིང་ལྷ་དར་གྱིས་བཤད།
          དུས་ཡུན་ཟླ་བ་གཉིས་འདས་རྗེས། ས་བཟུང་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་1ལྷག་ཙམ་ཟིན་པ་དང་བེད་སྤྱོད་རྒྱ་ཁྱོན་སྨི་ངོས་གྲུ་2225ཟིན་པའི“ཁྲི་འདུས་སྟོང་ཤོང”བདེ་བླག་ངང་ཕུབ་ཐུབ་པ་རེད།
ཐབས་མང་མཉམ་དུ་སྤྱད་ནས་འབྲོག་པའི་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་སྦྲ་གུར་གྱི་སྲོལ་རྒྱུན་བཟོ་རྩལ་ལ་མཐོང་ཆེན་བྱས་པ།
          “ ‘ཁྲི་འདུས་སྟོང་ཤོང’ལ་སྲུང་སྐྱོང་སྔར་བས་ལྷག་པ་བྱ་ཆེད། ན་ནིང་རྫོང་སྲིད་གཞུང་གིས་སྒོར་ཁྲི་80བཏང་བའི་རྐྱང་འཐེང་སྒང་གྲོང་ཚོའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་སྐྲུན་འགོ་ཚུགས་ཤིང་། སྔོན་དཔག་བྱས་ན་འདི་ལོའི་ལོ་མཇུག་ཏུ་སྐྲུན་མཇུག་འགྲིལ་རྒྱུ་རེད། བསྐྲུན་རྗེས‘ཁྲི་འདུས་སྟོང་ཤོང’དེའི་ནང་ཕུབ་ནས་མི་རྣམས་ཀྱིས་སློབ་སྦྱོང་དང་ལྟ་སྐོར་བྱ་ཡུལ་དུ་འགྱུར་བར་བྱ་རྒྱུ་ཡིན”ཞེས་སྦྲ་ཆེན་རྫོང་གི་རྩ་འཛུགས་ཨུ་ཡོན་དང་དྲིལ་བསྒྲགས་ཨུ་ཡོན་རྡོ་རྗེས་བཤད་པ་དང་། ཁོང་གིས“ད་ཆ་རྫོང་དུ་བྱེད་སྒོ་ཆེ་རིགས་སྤེལ་སྐབས་ང་ཚོས་བྱེད་སྒོ་སྤེལ་ཡུལ་དུ‘ཁྲི་འདུས་སྟོང་ཤོང’ཕུབ་ནས་མི་རྣམས་ལ་ལྟ་སྐོར་བྱེད་དུ་འཇུག་པ་དང་དུས་རྒྱུན་དུ་བཤིགས་ནས་སྨི་ངོས་གྲུ་100ལྷག་ཙམ་ཡོད་པའི་ལྕགས་ཤོག་ཁང་པའི་ནང་ཉར་གྱི་ཡོད”ཅེས་བཤད།
    
ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་གི་འབྲོག་མོ་ཞིག་གིས་སྦྲ་འཐག་བཞིན་པ།
          སྦྲ་ནག་ལ་སྲུང་སྐྱོང་དང་དེའི་འཐག་རྩལ་རྒྱུན་འཛིན་ཡག་པོ་བྱ་ཆེད། སྦྲ་ཆེན་རྫོང་གི་འབྲེལ་ཡོད་མི་སྣས་སྲུང་སྐྱོང་བྱེད་རིང་བཅར་འདྲི་དང་བཞུགས་མོལ་སོགས་བྱས་ཏེ་བརྟག་དཔྱད་ཀྱི་ཁུངས་སྣེ་སྣ་ཚོགས་འཚོལ་བ་དང་། ཡི་གེ་དང་། པར་རིས། སྒྲ་བརྙན་སོགས་རྣམ་པ་འདྲ་མིན་སྤྱད་དེ། སྦྲ་ནག་འཐག་རྩལ་གྱི་འབྱུང་ཁུངས་དང་ད་ལྟའི་གནས་བབ་ཕྱོགས་ཡོངས་དང་བདེན་པ་བདེན་ཐུབ་ཀྱིས་ཟིན་བྲིས་སུ་བཀོད་ཅིང་། འགྲེལ་བཤད་མཁན་དང་རྒྱུན་འཛིན་པས་བཤད་པའི་རྩལ་ནུས་དང་འབྲེལ་ཡོད་ལོ་རྒྱུས་ཀྱི་གནས་ཚུལ་དང་། མི་ཆོས་རིག་གནས་ཀྱི་རྒྱབ་ལྗོངས། འབྲེལ་ཡོད་གྲངས་གཞི་བཅས་ཆ་ཚང་བའི་སྒོ་ནས་བསྡུ་རུབ་བྱས་ཡོད།
          དུས་མཚུངས་སུ་སྦྲ་ནག་གི་སྤྱི་ཡོངས་རང་བཞིན་གྱི་སྲུང་སྐྱོང་དང་རྒྱུན་འཛིན་ལས་དོན་ཡག་པོ་སྒྲུབ་ཆེད། སྦྲ་ཆེན་རྫོང་སྲིད་གཞུང་གིས་ཤང་དང་གྲོང་རྡལ་ཁག་ལ་ལོ་ལྟར་ཟླ་7པ་ནས་9པའི་བར(དབྱར་དུས་སྐྱས་སྤོའི་དུས་ཚོད)རྫོང་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་སྦྲ་ནག་ཕུབ་ཏུ་བཅུག་སྟེ། རྒྱ་ཆེའི་འབྲོག་པ་མང་ཚོགས་ཀྱིས་སྲོལ་རྒྱུན་རིག་གནས་ཀྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་ཐུབ་པར་བྱས་ནས། སྲོལ་རྒྱུན་རིག་གནས་དེང་རབས་འཚོ་བ་དང་སྔར་བས་མཉམ་འདྲེས་ཐུབ་རྒྱུར་སྐུལ་འདེད་བཏང་བ་རེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1