གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༡༠ཚེས་༡༡ཉིན།

ཨ་རིའི་ཉིང་རྡུལ་ཆུར་འཛུལ་དམག་གྲུ་ལྷོ་མཚོ་རུ་དོན་རྐྱེན་བྱུང་བ།


    ཨ་རིའི་སྨྱན་སྦྱོར་གྱིས་ས་གནས་དེ་གའི་དུས་ཚོད་ཟླ་10ཚེས་7ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ཨ་རིའི་ཉིང་རྡུལ་སྒུལ་ཤུགས་ཆུར་འཛུལ་དམག་གྲུ་ཞིག་ཚེས་2ཉིན་ལྷོ་མཚོ་རྒྱལ་སྤྱིའི་ཆུ་ཁོངས་སུ་ཅི་ཡིན་མི་གསལ་བའི་དངོས་གཟུགས་ཞིག་དང་གདོང་ཐུག་བརྒྱབ་ནས་མི་མང་པོ་ཞིག་ལ་རྨས་སྐྱོན་ཕོག་ཡོད་པ་རེད། དེའི་ཐད། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་ཟླ་10ཚེས་8ཉིན། ཨ་རི་ཕྱོགས་ཀྱིས་ལས་འཛོལ་ཐོན་པའི་འབྲེལ་ཡོད་གནས་ཚུལ་གསལ་པོ་བཟོ་དགོས་པ་སྟེ། དེའི་ནང་ལས་འཛོལ་ཐོན་སའི་ས་ཆ་ཞིབ་ཕྲ་དང་། ཨ་རི་ཕྱོགས་ཀྱི་མཚོ་འགྲུལ་བསྐྱོད་པའི་འདོད་བློ། ལས་འཛོལ་གྱི་གནས་ཚུལ་ཞིབ་ཕྲ། གང་ཞིག་དང་གདོང་ཐུག་བརྒྱབ་པ། ཉིང་རྡུལ་འཛག་པའི་གནས་ཚུལ་བཟོས་མིན། ས་གནས་དེ་གའི་རྒྱ་མཚོའི་ཁོར་ཡུག་ལ་གཏོར་བཤིག་བཏང་ཡོད་མེད་སོགས་འདུས་ཡོད་པ་བཤད། 
   ཀྲའོ་ལི་ཅན་གྱིས། དུས་ཡུན་རིང་པོའི་ནང་། ཨ་རི་ཕྱོགས་ཀྱིས་མཚོ་འགྲུལ་རང་མོས་ཀྱི་དར་ཆ་བསྒྲེངས་ནས་ལྷོ་མཚོ་རུ་རླུང་གཡབ་རླབས་དཀྲུག་བྱས་ཡོད། དེ་ནི་ད་རེས་ཀྱི་ལས་འཛོལ་གྱི་འབྱུང་རྩ་ཡིན་པས། ས་ཁུལ་གྱི་ཞི་བདེ་བརྟན་བརླིང་ལ་འཇིགས་སྐུལ་ཚབས་ཆེན་དང་ཉེན་ཁ་ཆེན་པོ་བཟོས་ཡོད། ཨ་རི་ཕྱོགས་ཀྱིས་ད་རེས་རྐང་བཙུགས་ནས་ལས་འཛོལ་གྱི་གནས་ཚུལ་གསལ་པོ་ཤེས་འདོད་ནར་འགྱངས་དང་སྦ་གསང་བྱས་པ་དང་། ཕྱི་གསལ་ནང་གསལ་མེད་པ། འགན་མི་འཁུར་བ་བཅས་ཀྱི་དབང་གིས་ཀྲུང་གོ་དང་ལྷོ་མཚོ་ཡི་མཐའ་འཁོར་རྒྱལ་ཁབ་ཀྱིས་དོན་རྐྱེན་ངོ་མ་དང་ཨ་རི་ཕྱོགས་ཀྱི་བསམ་པར་དོགས་འདྲི་མི་བྱེད་ཀ་མེད་བྱུང་བ་བཤད། 
    ཁོང་གིས། ཉེ་ཆར་ཨ་རི་དང་དབྱིན་ཇི་རྒྱལ་ཁབ་གཉིས་ཀྱིས་ཉིང་རྡུལ་མཚོན་ཆ་མེད་པའི་ཨོ་སི་ཁྲུ་ལི་ཡའི་རྒྱལ་ཁབ་དང་ཉིང་རྡུལ་ཆུར་འཛུལ་དམག་གྲུའི་ཐད་མཉམ་ལས་བྱས་ནས། འཛེམ་བག་མེད་པར་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ས་ཁུལ་དུ་ཉིང་རྡུལ་ཆུར་འཛུལ་དམག་གྲུ་རྒྱ་བསྐྱེད། བྱ་སྤྱོད་དེས་ཉིང་རྡུལ་མཚོན་ཆ་ཁྱབ་འགྱེད་ཀྱི་ཉེན་ཁ་བཟོས་ཤིང་། དམག་ཤུགས་འགྲན་བསྡུར་བྱེད་པ། ཨེ་ཤེ་ཡ་ཤར་ལྷོའི་ཉིང་རྡུལ་མཚོན་ཆ་མེད་པའི་ཁུལ་འཛུགས་སྐྲུན་ལ་གཏོར་བཤིག་གཏོང་བ་བཅས་བྱས་ནས། ཉིང་རྡུལ་ལས་འཛོལ་ཐོན་ཚད་ཀྱང་ཆེས་ཆེར་འཕར་རྒྱུ་རེད་ཅེས་བཤད་པ་རེད། “ཨ་རི་ཕྱོགས་ཀྱིས་འཇམ་འཐབ་ཀྱི་བསྡོམས་སྟོང་བསམ་བློ་དང་གུ་དོག་པའི་ས་མཚམས་ཆབ་སྲིད་ཀྱི་འདུ་ཤེས་དོར་ནས་ས་ཁུལ་ཞི་བདེ་དང་། བརྟན་བརླིང་། འཕེལ་རྒྱས་བཅས་ལ་གཏོར་བཤིག་གཏོང་བའི་ནོར་འཁྲུལ་གྱི་བྱེད་ཐབས་དེ་རིགས་མཚམས་འཇོག་དགོས”ཞེས་བཤད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1