༄༅།། བར་སྣང་ཁམས་སུ་གནམ་གྲུར་སྣུམ་ཇི་ལྟར་སྣོན་དགོས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 10-12



        སྤྱིར་བཏང་གི་འཕུར་སྐྱོད་གནམ་གྲུ་ལ་བར་སྣང་ཁམས་ནས་སྣུམ་སྣོན་མི་དགོས་པར། གནམ་གྲུའི་ནང་དུ་བླུགས་ཡོད་པའི་སྣུམ་གྱིས་མཁའ་འགྲུལ་ལམ་ཐག་ཧྲིལ་བོར་འདང་མོད། འོན་ཀྱང་སྐབས་ལན་རེར་བསམ་ཡུལ་ལས་འདས་པའི་དོན་རྐྱེན་གཞན་དག་དང་འཕྲད་སྲིད། དཔེར་ན། གནམ་གཤིས་ཇེ་སྡུག་ཏུ་སོང་ནས་འགྲུལ་སྐྱེལ་གནམ་གྲུ་མར་འབབ་མི་ཐུབ་པའམ་ཡང་ན་དམག་འཐབ་གནམ་གྲུ་དུས་ཡུན་རིང་བོར་དམག་འཐབ་ནང་ཞུགས་དགོས་པ་སོགས་ཀྱི་སྐབས་སུ། གནམ་གྲུར་ལ་བར་སྣང་ཁམས་ནས་སྣུམ་སྣོན་དགོས་པའི་སྐབས་ཀྱང་ཡོད།
        བར་སྣང་ཁམས་ནས་གནམ་གྲུ་ལ་སྣུམ་སྣོན་དགོས་པ་བྱུང་ཚེ་ཆེད་སྤྱོད་སྣུམ་སྣོན་གནམ་གྲུ་སྤྱད་དེ་སྣུམ་སྣོན་དགོས། སྣུམ་སྣོན་གནམ་གྲུའི་འགྲུལ་ཁང་དུ་ཆེས་ཆེ་བའི་སྣུམ་སྣོན་སྒམ་ཆུང་བཀོད་སྒྲིག་བྱས་ཡོད་པར་མ་ཟད། གནམ་གྲུའི་ནང་རིང་ཚད་ལ་སྨི15ནས20ཡོད་པའི་སྣུམ་འདྲེན་སྦུ་གུ་འགའ་ཡོད་པ་དེ་དག་སྦུ་གུ་སྲ་མོ་དང་སྦུ་གུ་སྙི་མོའི་རིགས་གཉིས་སུ་དབྱེ་ཡོད། བར་སྣང་ཁམས་སུ་སྣུམ་སྣོན་ཐུབ་པའི་གནམ་གྲུའི་སྟེང་དུ་སྣུམ་མདོང་ཞིག་ཡོད་ལ། བར་སྣང་དུ་སྣུམ་སྣོན་པའི་སྐབས་སུ། སྣུམ་སྣོན་གནམ་གྲུ་དེ་མཐོ་ཚད་འབྲིང་རིམ་དང་མགྱོགས་ཚད་འབྲིང་རིམ་གྱི་སྒོ་ནས་འཕུར་སྐྱོད་བྱས་ཏེ་སྣུམ་འདྲེན་སྦུ་གུ་ཕྱིར་ཕུད་པ་དང་། སྣུམ་སྣོན་དགོས་པའི་གནམ་གྲུ་དེ་སྣུམ་སྣོན་གནམ་གྲུའི་རྗེས་བསྙེགས་ནས་རིམ་བཞིན་གནམ་གྲུ་གཉིས་ཀྱི་སྦུ་གུ་སྦྲེལ་མཐུད་བྱས་རྗེས། བརྡ་རྟགས་བཏང་ནས་སྣུམ་སྣོན་གནམ་གྲུར་སྣུམ་སྒོ་འབྱེད་དུ་འཇུག་པ་དང་སྣུམ་སྣོན་པའི་བརྡ་བརྒྱག་དགོས། གནམ་གྲུ་གཉིས་ཀྱི་བར་ཐག་བལྟོས་བཅས་ཀྱིས་རྒྱུན་འཁྱོངས་བྱེད་ཆེད་སྣུམ་སྣོན་པའི་གོ་རིམ་ཁྲོད་ཕན་ཚུན་ལ་གཞོགས་འདེགས་བྱེད་དགོས་པར་མ་ཟད། ད་དུང་མགྱོགས་ཚད་འདྲ་མཉམ་ངང་དྲང་འཕུར་བྱེད་དགོས། སྣུམ་བསྣན་རྗེས་གནམ་གྲུ་གཉིས་ཀྱི་སྣུམ་སྣོན་སྦུ་གུ་མཐུད་མཚམས་གྲོལ་རྗེས་རང་རང་སར་འཕུར་ཆོག དེང་སྐབས་བར་སྣང་ཁམས་ཀྱི་སྣུམ་སྣོན་གནམ་གྲུའི་ནང་དུ་སྣུམ་ཏུན160ཤོང་བའི་ཤོངས་ཚད་ཆེ་རིགས་ཅན་གྱི་གནམ་གྲུ་ཡོད་པས། དུས་མཉམ་དུ་གནམ་གྲུ་མང་པོར་སྣུམ་སྣོན་ཆོག་པ་རེད། །

《ལོ་ཆུང་གཞོན་ནུའི་ཤེས་བྱ་ཀུན་བཏུས》ལྟར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1