མཛོད་དགེ་རྫོང་གིས་ཐོན་ལས་འཕེལ་རྒྱས་ཀྱི་རྨང་གཞི་སྲ་བརྟན་དུ་བཏང་།

གསང་བདག་སྒྲོལ་མ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བའི་བོད་ཡིག་གསར་འགྱུར། སྤེལ་དུས། 10-14



      ཉེ་བའི་ལོ་ཤས་རིང་། མཛོད་དགེ་རྫོང་གིས་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ་ལས་དོན་གཙོ་བོར་བརྩིས་ཤིང་། ཡུལ་བབ་དང་བསྟུན་པའི་བསམ་ཕྱོགས་གཞིར་བཟུང་སྟེ། རྟེན་གཞི་བསྐྲུན་པ་དང་ལས་སྟེགས་བཏོད་པ། གྲུབ་ཆ་ལེགས་སྒྲིག ཚོང་རྟགས་གཏོད་པ། མཉམ་འདྲེས་ལ་སྐུལ་སྤེལ་བཏང་ནས་ཐོན་ཁུངས་ཀྱི་ལེགས་ཆ་དེ་ཐོན་ལས་ཀྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་ལེགས་ཆར་བསྒྱུར་ནས་གྲོང་གསེབ་དར་རྒྱས་གཏོང་བར་སྒུལ་ཤུགས་ཆེན་པོ་བསྣན་ཡོད།
      རྟེན་གཞི་སྐྱེད་སྲིང་དང་སྟོབས་ཆེར་བཏང་། བསྟུད་མར་ལོ་ལྔའི་ནང་ལ་གྲོང་གསེབ་དར་རྒྱས་གཏོང་བའི་ཐོན་ལས་ཀྱི་གསབ་དངུལ་སྲིད་ཇུས་སོགས་བཏོན་ནས་མ་དངུལ་སྒོར་དུང་ཕྱུར་1.5བསྡུ་སྒྲིལ་བྱས་པ་དང་། ཀྲུང་ལུགས་སྨན་རྫས་དང་པད་ཁ། གཟན་རྩྭ། ནས་བཅས་མུའུ་ཁྲི་ཡོད་པའི་རྟེན་གཞི་4དང་། མཐོ་སྒང་གི་སྔོ་ཚལ་སོགས་མུའུ་སྟོང་ཡོད་པའི་རྟེན་གཞི་3། བེ་ཤ་སོགས་མུའུ་བརྒྱ་ཡོད་པའི་རྟེན་གཞི་4རིམ་སྤར་བྱུང་བ་དང་། ཟུང་འབྲེལ་གསུམ་གྱི་བབ་བསྟུན་གསོ་ཚགས་དཔེ་སྟོན་འབྲོག་ར་210བསྐྲུན།
      གླིང་ཁུལ་གྱི་ཤོང་ཚད་ཇེ་ཆེར་བཏང་ནས་ཕན་འབྲས་ཆེ་རུ་བཏང་། གཟན་རྩྭ་དང་ནོར་གནག་དེང་རབས་ཞིང་ལས་གླིང་སྦྲེལ་བའི་སྐྱེ་ཁམས་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་གླིང་བསྐྲུན་པ་དང་། མཐོ་སྒང་གི་གཅེས་ནོར་དང་སྲོག་ཆགས་ཀྱི་འཚོ་བཅུད་ལྟེ་གནས་རྣམ་གྲངས་2དང་། གསར་དུ་གན་རྒྱ་བཞག་ནས་མ་དངུལ་སྒོར་དུང་ཕྱུར་2.8ནང་འདྲེན་བྱས་པ་དང་། ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་1.02ཟིན། ཧྥེ་ཏི་གླིང་གི་ཁེ་ཕན་མཉམ་སྤྱོད་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། ནན་ཧུའུ་གླིང་དུ་ཁེ་ལས་1གསར་དུ་དྲངས་པ་དང་དུས་ཐེངས་གཉིས་པའི་ཁེ་སྤོགས་སྒོར་ཁྲི་1100ཟིན། ཞིའུ་ཀྲོའུ་ཧྥེ་ཏི་གླིང་གི་རྐང་དབང་ནང་བཤུག་བྱས་ནས་མཐིལ་སྲུང་ཡོང་འབབ་ཁེ་སྤོགས་སྒོར་ཁྲི་600ཡོད།
      རིག་གནས་དང་ལྗོངས་སྐོར་མཉམ་དུ་འཕེལ་རྒྱས་སུ་བཏང་། ལྗོངས་སྐོར་+ཡི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ་མ་དངུལ་སྒོར་དུང་ཕྱུར་1.65བཏང་ནས་གསར་བརྗེའི་ཡུལ་ཚོ་དང་གྲོང་རྡལ་གྱི་ལྗོངས་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་སོགས་རིག་གནས་ལྗོངས་སྐོར་རྣམ་གྲངས་6ལ་སྐུལ་སྤེལ་བཏང་བ་དང་། བསྐྱར་དུ་རྒྱང་སྐྱོད་དང་གསར་བརྗེའི་གླུ་ལེན་འགྲན་བསྡུར། དགེ་རྒན་སྒྱུ་རྩལ་དུས་ཆེན་སོགས་ཀྱི་བྱེད་སྒོ་ཐེངས་119སྤེལ་བ་དང་། སྤུས་ཚད་མཐོན་པོའི་སྒོ་ནས་ལན་ཀྲོའུ་དང་ཞི་ཨན་གྲོང་ཁྱེར་དུ་ལྗོངས་སྐོར་འོས་སྦྱོར་བྱེད་སྒོ་སྤེལ་ནས་ཐད་གཏོང་དོ་ཁུར་བྱེད་ཚད་མི་དུང་ཕྱུར་1.2ཟིན། སི་ཁྲོན་རྒྱལ་སྤྱིའི་རིག་གནས་ལྗོངས་སྐོར་དུས་ཆེན་དང་རྩྭ་ཐང་ཆེན་མོའི་མནའ་འབྲེལ་གྱི་སྐབས་དང་བོའི་ཚོགས་ཆེན་བདེ་བླག་ངང་འཚོགས་ནས་རྨ་ཆུའི་རྩྭ་ཐང་ཆེན་མོའི་ཡིད་དབང་འཕྲོག་ཤུགས་ཕྱོགས་ཡོངས་ནས་མངོན་པར་བྱས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1