གཙོ་ངོས།>> གསར་འགྱུར།>>བོད་འབྲེལ་ས་ཁུལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་ཉིན་རེའི་ཚགས་པར། སྤེལ་དུས། ༢༠༢༡ལོའི་ཟླ་བ་༡༠ཚེས་༡༨ཉིན།

གངས་ལྗོངས་ས་མཐོའི་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་ཡག་པོ་བྱས་པ།


—— བོད་ལྗོངས་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོང་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།



འདི་ནི་གྲོ་མོ་རྫོང་གི་གདོད་མའི་ནགས་ཚལ་ཡིན་པ།
        བོད་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་དང་། སའི་གོ་ལའི་སྣེ་གསུམ་པ། གོ་ལ་ཧྲིལ་པོའི་གནམ་གཤིས་སྙོམས་སྒྲིག་ཡོ་བྱད། ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག སྐྱེ་དངོས་རིགས་ཀྱི་གཞི་རྒྱུའི་མཛོད་བཅས་ཡིན་པས། བོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱ་རྒྱུ་དེ་མཚོ་བོད་ས་མཐོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། གོ་ལ་ཧྲིལ་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད།
        སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་། ལོ་རྒྱུས་ལ་འགན་འཁུར་བ་དང་། མི་དམངས་ལ་འགན་འཁུར་བ། འཛམ་གླིང་ལ་འགན་འཁུར་བ་བཅས་ཀྱི་རྣམ་འགྱུར་མཐའ་འཁྱོངས་བྱས་ཏེ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུ་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་པ་དང་། ས་མཐོའི་སྲོག་ཆགས་རྩི་ཤིང་དང་རི་ཆུ་ཀླུང་གསུམ་སྲུང་སྐྱོང་ཡག་པོ་བྱས་ནས་མཚོ་བོད་ས་མཐོ་འདི་ཉིད་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་ཞིག་ཏུ་བསྐྲུན་དགོས་ཞེས་བསྟན་གནང་ཡོད།
        ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པའི་མཛུབ་ཁྲིད་འོག རང་ལྗོངས་ཀྱིས་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་འཛུགས་སྐྱོང་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་རི་སྐྱེས་སྲོག་ཆགས་རྩི་ཤིང་དང་དེ་བཞིན་འཚོ་གནས་ཁུལ་སྲུང་སྐྱོང་དང་ཉམས་གསོར་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ཡོད། བྱང་རྩྭ་ཐང་ནས་ཇོ་མོ་གླང་མའི་འདབས་བར་དང་། གཙང་གསུམ་རྒྱུག་ཁུལ་ནས་ཡར་ཀླུང་གཙང་པོའི་ལུང་ཤུར་བར་དུ་རང་བྱུང་གི་མཛེས་སྡུག་དང་སྐྱེ་ཁམས་ཀྱི་མཛེས་སྡུག་མངོན་བཞིན་ཡོད།
        ཉིན་ཤས་གོང་། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་གནས་ཚུལ་ཁྱབ་བསྒྲགས་བྱས་པར་གཞིགས་ན། རང་རྒྱལ་གྱི་གཙོད་སྲུང་སྐྱོང་གི་རིམ་པ་དེ“སྟོངས་ལ་ཉེ་བའི་སྲོག་ཆགས་རིགས”ནས“སྔོན་མ་ལས་ཡག་ཙམ་གྱི་སྲོག་ཆགས་རིགས”བར་དམའ་རུ་བཏང་ཡོད།
        གནས་ཚུལ་དེའི་རྒྱབ་ལྗོངས་ནི་རང་ལྗོངས་དང་། མཚོ་སྔོན། ཤིན་ཅང་སོགས་ཀྱིས་ལོ་མང་འབད་བརྩོན་ལྷོད་མེད་བྱས་པའི་འབྲས་བུ་ཡིན་པ་དང་། གཙོད་ཀྱི་གྲངས་འབོར་དུས་རབས་གོང་མའི་སྐབས་ཀྱི་ཉུང་ཤོས་ཁྲི་7ལྷག་ཙམ་ནས་ད་ལྟའི་ཁྲི་30ལྷག་ཙམ་བར་མང་དུ་ཕྱིན་ནས་གཙོད་གཞི་ཁྱོན་ཆེན་པོས་མཚོ་བོད་ས་མཐོར་གནས་སྤོ་བྱེད་པའི་རྣམ་པ་སླར་ཡང་མངོན་ཡོད།
        བོད་ལྗོངས་སུ་དམིགས་བསལ་གྱི་ཁོར་ཡུག་ས་ཁོངས་ཚན་པས་ཐུན་མོང་མ་ཡིན་པའི་སྐྱེ་དངོས་ཁྱུ་ཚོགས་གསོ་སྐྱོང་བྱས་པ་དང་། དམིགས་བསལ་དུ་ཡོད་པའི་དཀོན་ཞིང་རྩ་ཆེ་བའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་མང་པོ་གཅིག་ཏུ་འདུས་ཡོད།
        མིག་སྔར་བོད་དུ་རི་སྐྱེས་རྩི་ཤིང་སྣ་ཁ་9600ལྷག་ཙམ་དང་། བོད་ལ་དམིགས་བསལ་དུ་ཡོད་པའི་རྩི་ཤིང་སྣ་ཁ་1075 རྩ་ཆེ་ཞིང་སྟོངས་ལ་ཉེ་བའི་རི་སྐྱེས་རྩི་ཤིང་སྣ་ཁ་383 རི་སྐྱེས་སྒལ་རུས་ཅན་གྱི་སྲོག་ཆགས་རིགས་1072 རྒྱལ་ཁབ་ཀྱིས་གཙོ་གནད་ཐོག་སྲུང་སྐྱོང་བྱེད་པའི་རི་སྐྱེས་སྲོག་ཆགས་རིགས་219བཅས་ཟིན་ཐོར་བཀོད་ཡོད།
        གཙོད་ཕུད་བོད་ལྗོངས་ཀྱི་འབྲོང་གི་གྲངས་འབོར་ཡང་དུས་རབས་གོང་མའི་སྟོང་ཕྲག་ཁ་ཤས་ནས་ད་ལྟའི་ཁྲི་2ལྷག་ཙམ་བར་མང་དུ་ཕྱིན་པ་དང་། ཁྲུང་ཁྲུང་མཇིང་ནག་གི་གྲངས་འབོར་དུས་རབས་གོང་མར་2000ཡང་ཟིན་གྱི་མེད་པ་ནས་ད་ལྟའི་ཁྲི་གཅིག་ལྷག་ཙམ་བར་མང་དུ་ཕྱིན་པ། ཡུན་ནན་གྱི་སྤྲེའུ་སྤུ་སེར་དུས་རབས་གོང་མའི་དུས་མཇུག་ཏུ་བོད་དུ་ཟིན་ཐོ་གསར་པ་གཏོད་སྐབས་600ཡང་མ་ཟིན་པའི་ཚོགས་སྤྱི་ཡིན་པ་དང་ད་ཆ་800ལྷག་ཙམ་ཟིན་པ།
        རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྟོངས་ཟིན་པར་ངོས་འཛིན་བྱས་པའི་བོད་ཀྱི་ཤྭ་བ་དེ་ཤེས་རྟོགས་བྱུང་བའི་མགོ་གྲངས་200ལྷག་ཙམ་ནས་ད་ལྟའི་མགོ་གྲངས་800ལྷག་ཙམ་བར་མང་དུ་ཕྱིན་པ་མ་ཟད། ཁྱུ་ཚོགས་ཀྱང་རྒྱུན་ཆད་མེད་པར་སྟོབས་ཆེར་ཕྱིན་ཡོད། གསའ་དང་། གཉན། གནའ་བ་སོགས་རི་སྐྱེས་སྲོག་ཆགས་སླར་གསོའི་རང་བཞིན་གྱི་འཕར་ཚད་མངོན་གསལ་དོད་པ་དང་རི་སྐྱེས་སྐྱེ་དངོས་སྐྱེ་ཁུལ་དང་རི་སྐྱེས་སྲོག་ཆགས་འཚོ་སྡོད་ཁུལ་སྤྱིར་ན་གདོད་མའི་རང་བྱུང་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད།
        གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་དོན་ནི་རིམ་ཁག་སྲིད་གཞུང་དང་སྡེ་ཚན་གྱིས་ལོ་བཅུ་ཕྲག་ཉིན་གཅིག་ལྟར་མཐའ་འཁྱོངས་བྱས་ཏེ“སྲོག་ཆགས་དང་རྩི་ཤིང་ལ་འཚོ་གནས་བྱ་ཡུལ་ཞིག་འཇོག་ཆེད་ང་ཚོས་རང་འགུལ་ངང་འཆར་གཞི་ཆེན་པོ་ཞིག་བཀོད་པ་ཡིན”ཞེས་རང་སྐྱོང་ལྗོངས་ནགས་ལས་དང་རྩྭ་ཐང་ཅུས་སྲོག་ཆགས་དང་རྩི་ཤིང་འདམ་ར་ཁྲུའི་ཁྲུའུ་ཀྲང་ཀྲང་ཅ་ཕིང་གིས་བཤད།
        ལོ་30ལྷག་ཙམ་རིང་། རང་ལྗོངས་ཀྱིས་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་སྐྱེ་ཁམས་སྲུང་སྐྱོང་གི་ལྟ་སྐུལ་དོ་དམ་ལ་མུ་མཐུད་ཤུགས་སྣོན་བརྒྱབ་པ་བརྒྱུད་ཅུང་འཐུས་སྒོ་ཚང་བའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་དང་དོ་དམ་མ་ལག་ཅིག་གྲུབ་ཡོད། 2020ལོའི་ལོ་མཇུག་བར་ལྗོངས་ཡོངས་སུ་རང་བྱུང་སྲུང་སྐྱོང་ཁུལ་81བསྐྲུན་པ་དེས་ལྗོངས་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་35.94%ཟིན་ཡོད། རང་སྐྱོང་ལྗོངས་སུ་ད་ཆ་རིགས་ཁག་གི་རང་བྱུང་སྲུང་སྐྱོང་ཁུལ་47དང་། རྒྱལ་ཁབ་རིམ་པའི་ནགས་ཚལ་སྤྱི་གླིང་9 རྒྱལ་ཁབ་རིམ་པའི་འདམ་རའི་སྤྱི་གླིང་22 ས་གཤིས་སྤྱི་གླིང་3བཅས་ཡོད། “སྲུང་སྐྱོང་བྱ་ཡུལ་གྱིས་ལྗོངས་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་35.94%ཟིན་ཡོད། ཉེ་བའི་ལོ་ཤས་རིང་། བོད་འདི་ཉིད་སྲོག་ཆགས་དང་རྩི་ཤིང་གི་དགའ་ཚལ་དུ་གྱུར་ཡོད་ཅེས་བརྗོད་ཆོག”ཅེས་ལྗོངས་ནགས་ལས་དང་རྩྭ་ཐང་ཅུས་རང་བྱུང་སྲུང་སྐྱོང་ཁྲུའུ་ཡི་ཁྲུའུ་ཀྲང་བཀྲ་ཤིས་རྡོ་རྗེས་བཤད།
        ཤེས་རྟོགས་བྱུང་བར་གཞིགས་ན།“ལོ་ལྔ་ཚན་བཅུ་གསུམ་པའི”རིང་། བོད་ཀྱིས་སྐྱེ་ཁམས་སྲུང་སྐྱོང་འཛུགས་སྐྲུན་ལ་མ་དངུལ་སྒོར་དུང་ཕྱུར་202.30བཏང་ནས་སྔོ་འགྱུར་ནགས་བཟོ་དང་། འདམ་ར་ཞན་འགྱུར་སྲུང་སྐྱོང་སླར་གསོ། རང་བྱུང་སྲུང་སྐྱོང་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། རང་བྱུང་ནགས་ཚལ་སྲུང་སྐྱོང་། རྩྭ་ཐང་སྐྱེ་ཁམས་སླར་གསོ་ཕྱོགས་བསྡུས་བཅོས་སྐྱོང་། བྱེ་འགོག་བྱེ་བཅོས། ནགས་ཚལ་སྐྱེ་ཁམས་ཀྱི་ཕན་འབྲས་ཁ་གསབ། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་སོགས་འདུ་འགོད་རྣམ་གྲངས་གཙོ་གནད་ཐོག་ལག་ལེན་བསྟར་ནས་སྲོག་ཆགས་དང་རྩི་ཤིང་དང་མིའི་རིགས་ཀྱི་ཐུན་མོང་གི་ཁྱིམ་གཞིས་ནུས་ཤུགས་ཡོད་རྒུས་ལེགས་སུ་བཏང་ཡོད།
        རྒྱལ་ཡོངས་ཀྱི་ནགས་ཚལ་ཐོན་ཁུངས་རྒྱུན་མཐུད་གཙང་བཤེར་ཐེངས་དགུ་པའི་འབྲས་བུ་གཞིར་བཟུང་། རང་ལྗོངས་ཀྱི་ནགས་སའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་1798.19དང་། ནགས་ཚལ་རྒྱ་ཁྱོན་སྤྱི་ཆིང་ཁྲི་1490.99 ནགས་ཚལ་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་22.83བཅས་ཟིན་ཡོད། རྒྱལ་ཡོངས་ཀྱི་ནགས་ཚལ་ཐོན་ཁུངས་རྒྱུན་མཐུད་གཙང་བཤེར་ཐེངས་བརྒྱད་པའི་འབྲས་བུ་དང་བསྡུར་ན། ལྗོངས་ཡོངས་ཀྱི་ནགས་ཚལ་རྒྱ་ཁྱོན་སྤྱི་ཆིང་ཁྲི་19མང་དུ་ཕྱིན་པ་དང་། ནགས་ཚལ་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་ཁྲི་2047མང་དུ་ཕྱིན་པ། ནགས་ཚལ་རྒྱ་ཁྱོན་དང་གསོག་ཚད་སླར་ཡང“གཉིས་འཕར”བྱུང་ཡོད།
        རྩྭ་ཐང་དང་འདམ་རའི་ཐད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཡོངས་ཀྱི་ས་ཆའི་བརྟག་དཔྱད་ཐེངས་གཉིས་པའི་འབྲས་བུར་གཞིགས་ན། ལྗོངས་ཡོངས་ཀྱི་རང་བྱུང་རྩྭ་ཐང་རྒྱ་ཁྱོན་མུའུ་དུང་ཕྱུར་13.34དང་བེད་སྤྱོད་ཆོག་པའི་རྩྭ་ཐང་རྒྱ་ཁྱོན་མུའུ་དུང་ཕྱུར་11.29ཟིན་ཡོད། ལྗོངས་ཡོངས་ཀྱི་ད་ཡོད་འདམ་ར་སྣ་ཚོགས་ཀྱི་སྤྱིའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་652.90ཟིན་ནས་རྒྱལ་ཡོངས་ཀྱི་ཨང་གཉིས་པར་སླེབས་པ་དང་། ཆུ་བོའི་འདམ་ར་དང་། མཚེའུ་ཡི་འདམ་ར། ན་འདམ་འདམ་ར། མི་བཟོས་འདམ་ར་བཅས་ཀྱི་རིགས་4ཡི་སྣ་ཁ་17ཡོད་པ་དེ་དག་ནི་རང་རྒྱལ་གྱི་འདམ་རའི་རིགས་ཆ་ཚང་བ་དང་གྲངས་འབོར་མང་ཤོས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་གྲས་ཤིག་ཡིན་པ་དང་། ལྗོངས་ཡོངས་ཀྱི་རྩྭ་ཐང་དང་འདམ་རའི་ཐོན་ཁུངས་ལ་ཕྱོགས་ཡོངས་ནས་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད།
        སྲུང་སྐྱོང་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་བསྟུན་ནས་རང་ལྗོངས་ཀྱི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་གི་ཕན་འབྲས་རིམ་བཞིན་མངོན་གསལ་དོད་དུ་ཕྱིན་ཡོད། 2020ལོའི་ལོ་མཇུག་བར་བོད་ཀྱིས་རྒྱལ་ཡོངས་ཀྱི་སྐམ་སའི་རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་བརྟག་དཔྱད་ཐེངས་གཉིས་པ་བྱེད་རིང་། སྐྱེ་དངོས་རིགས་གསར་པ་5དང་། ཀྲུང་གོའི་ཟིན་ཐོ་གསར་པའི་སྐྱེ་དངོས་རིགས་5 བོད་རང་སྐྱོང་ལྗོངས་ཀྱི་ཟིན་ཐོ་གསར་པའི་སྐྱེ་དངོས་རིགས་23བཅས་དངོས་སུ་འགྲེམས་སྤེལ་བྱས་ཡོད།
        བོད་ཀྱི་སྐྱེ་དངོས་རིགས་ཀྱི་གྲངས་འབོར་རྒྱུན་ཆད་མེད་པར་མང་དུ་ཕྱིན་པ་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ནུས་ལྡན་ཐུབ་པ་དེ་ནི་ཀྲུང་གོའི་ས་གཞི་ཆེ་མོའི་སྐྱེ་ཁམས་སྲུང་སྐྱོང་གི་ལེའུ་ཡག་ཤོས་ཀྱི་གྲས་ཤིག་རེད། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་མི་རིགས་ཁག་གི་བུ་ཕྲུག་ཚོའི་འབད་འཐབ་ཁྲོད་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་ཀྲུང་གོ་མངོན་འགྱུར་ཐུབ་ངེས་ཡིན་པ་ང་ཚོར་ཡིད་ཆེས་བརྟན་པོ་ཡོད། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1