གཙོ་ངོས།>> གསར་འགྱུར།>>སི་ཁྲོན་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༡༠ཚེས་༡༨ཉིན།

“ལྷ་མོའི་གྱོད་གཞིའི”འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས།

        2021ལོའི་ཟླ་10ཚེས་14ཉིན་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཞུ་སྦྱོར་ཕྱི་མ་བ་ཐང་ལུའུ་ཡིས་ཤེས་བཞིན་དུ་མི་བསད་པའི་གྱོད་གཞི་ཡོངས་བསྒྲགས་ངང་ཁྲིམས་ར་འཚོགས་ནས་འདྲི་ཞིབ་བྱས་པ་དང་འབྲེལ་ཁྲིམས་རར་བཅད་ཁྲ་ཁྱབ་བསྒྲགས་བྱས་ཏེ། ཞུ་སྦྱོར་ཕྱི་མ་བ་ཐང་ལུའུ་ཡིས་ཤེས་བཞིན་དུ་མི་བསད་པའི་ཉེས་པ་བསགས་པར་གཏན་འཁེལ་བྱས་ནས་སྲོག་ཁྲིམས་བཅད་པ་དང་ཚེ་གང་གི་ཆབ་སྲིད་ཁེ་དབང་བཙན་འཕྲོག་བྱས། ཉེས་གསོག་བྱ་སྤྱོད་ཀྱི་རྐྱེན་པས་དམངས་དོན་གཏུག་བཤེར་གྱི་ཞུ་སྦྱོར་སྔ་མ་བར་བཟོས་པའི་ཞོར་འབྲེལ་དངོས་པོའི་གྱོང་གུན་ལ་སྐྱིན་ཚབ་འཇལ་དགོས། རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་མི་དམངས་ཞིབ་དཔྱོད་ཁང་གིས་མི་སྣ་ཁྲིམས་རར་མངགས་ནས་གཞུང་གཏུག་ལ་རྒྱབ་སྐྱོར་བྱས་པ་དང་། ཞུ་སྦྱོར་ཕྱི་མ་བ་ཐང་ལུའུ་དང་དེའི་དག་འབུད་པ། ཞོར་འབྲེལ་དུ་དམངས་དོན་གཏུག་བཤེར་ཞུ་སྦྱོར་སྔ་མ་བ་དང་དེའི་གཏུག་བཤེར་ངོ་ཚབ་ཁྲིམས་སར་སླེབས་ནས་གཏུག་བཤེར་ནང་ཞུགས་པ་རེད། 


         ཁྲིམས་ཁང་གིས་ཞིབ་གཅོད་བྱས་པ་བརྒྱུད། ཞུ་སྦྱོར་ཕྱི་མ་བ་ཐང་ལུའུ་དང་གནོད་འཚེ་ཕོག་མཁན་ཨ་མཚོ(འཁྱུག་དབྱངས་ཀྱི་མིང་ལ་བུ་མོ་ནག་པོ།【ལྷ་མོ】)གཉིས་ཀྱིས་2009ལོར་གཉེན་སྒྲིག་ཐོ་འགོད་བྱས་པ་དང་། གཉེན་སྒྲིག་བྱས་རྗེས་ཁོ་གཉིས་རྒྱུན་དུ་ཁྱིམ་ཚང་གི་དོན་དག་ཆུང་རྩག་གི་རྐྱེན་པས་ཁ་རྩོད་ཤོར་ནས་ཐང་ལུའུ་ཡིས་ཨ་མཚོ་ལ་ཉེས་རྡུང་ཐེངས་མང་བཏང་བ་དང་། 2020ལོའི་ཟླ་6ཚེས་28ཉིན་ཁོ་གཉིས་གཉེན་ཐོར་བྱས། རྗེས་སུ་ཐང་ལུའུ་ཡིས་ཐེངས་དུ་མར་ཨ་མཚོ་བཙལ་ནས་སླར་ཡང་གཉེན་སྒྲིག་བྱེད་པའི་རེ་བ་བཏོན་ཡང་ཁས་མ་བླངས་པས་སེམས་ལ་འཁོན་འགྲས་བྱུང་། 2020ལོའི་ཟླ་9ཚེས་14ཉིན་གྱི་ཆུ་ཚོད་20དང་སྐར་མ་30ཡོལ་ཙམ་ལ་ཐང་ལུའུ་ཨ་མཚོ་ཡི་ཨ་ཕའི་ཁྱིམ་དུ་བསྐྱོད་དེ་ཐབ་ཚང་དུ་དྲ་རྒྱའི་ཐོག་ནས་ཐད་གཏོང་བྱེད་བཞིན་པའི་ཨ་མཚོའི་ཐོག་ལ་རླངས་སྣུམ་བླུགས་པ་དང་འབྲེལ་མེ་བཏང་ནས་ཨ་མཚོ་འཚིག་རྨས་ཕོག་པ་རེད། ཨ་མཚོ་ནི་ཟླ་ཕྱེད་ཀྱི་རྗེས་ནས་སྨན་བཅོས་བྱས་ཀྱང་ཕན་འབྲས་མ་ཐོན་པར་ཚེ་ལས་འདས། ཐང་ལུའུ་ཡུལ་དངོས་ནས་བྲོས་རྗེས་འཛིན་བཟུང་བྱས། 


     ཁྲིམས་ཁང་གིས་ཞིབ་གཅོད་བྱས་པ་བརྒྱུད། ཞུ་སྦྱོར་ཕྱི་མ་བ་ཐང་ལུའུ་ཡིས་ཨ་མཚོ་ལ་བཟོས་པའི་བྱ་སྤྱོད་དེ་ཤེས་བཞིན་དུ་མི་བསད་པའི་བྱས་ཉེས་སུ་གྲུབ་ཡོད་པ་མ་ཟད། ད་དུང་ཉེས་པ་བསགས་པའི་བྱེད་ཐབས་གདུག་རྩུབ་ཆེ་ཞིང་། སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་ཐེབས། བྱས་ཉེས་བསགས་པའི་བྱ་སྤྱོད་ཧ་ཅང་ཚབས་ཆེན་པོ་ཡིན་པས། ཁྲིམས་ལྟར་ཉེས་ཆད་ནན་པོ་བཅད་དེ་གོང་གསལ་གྱི་དཔྱད་མཚམས་གཏོང་དགོས་པའི་ངོས་འཛིན་བྱས། 
     གྱོད་དོན་ཧ་ཅང་ཆེ་ཞིང་རྙོག་འཛིང་ཆེ་བའི་དབང་གིས་ཁྲིམས་ཁང་གིས་ཁྲིམས་ལྟར་མི་བདུན་ལས་གྲུབ་པའི་མཉམ་གྲོས་ཁྲིམས་སས་གྱོད་དོན་འདི་ཞིབ་གཅོད་བྱས། ཁྲིམས་སའི་འདྲི་གཅོད་ནང་གཞུང་གཏུག་ལས་ཁུངས་ཀྱིས་འབྲེལ་ཡོད་དཔང་རྟགས་བསྟན་ཡོད་པ་དང་། ཞུ་སྦྱོར་ཕྱི་མ་བ་ཐང་ལུའུ་དང་དེའི་དག་འབུད་པས་ངོ་ཐུག་ར་སྤྲོད་བྱས་ཡོད་ཅིང་། རྩོད་བཤེར་ཚོད་འཛིན་བྱེད་མཁན་ཕྱོགས་གཉིས་ཀ་དང་། ཞོར་འབྲེལ་དམངས་དོན་གཏུག་བཤེར་ཞུ་སྦྱོར་སྔ་མ་བ་དང་དེའི་གཏུག་བཤེར་ངོ་ཚབ་པས་ཁྲིམས་རའི་གཙོ་སྐྱོང་འོག་བསམ་འཆར་གང་ལེགས་བཏོན་ཡོད་ལ། ཞུ་སྦྱོར་ཕྱི་མ་བ་ཐང་ལུའུ་ཡིས་ཀྱང་མཐའ་མའི་གསལ་བཤད་བྱས་ཡོད། ཞུ་སྦྱོར་ཕྱི་མ་བ་དང་དེའི་དག་འབུད་བྱེད་མཁན། ཞོར་འབྲེལ་དམངས་དོན་གཏུག་བཤེར་གྱི་ཞུ་སྦྱོར་སྔ་མ་བ་དང་དེའི་གཏུག་བཤེར་ངོ་ཚབ་པའི་གཏུག་བཤེར་གྱི་ཁེ་དབང་ཁག་ལ་འགན་སྲུང་གང་ལེགས་བྱས་ཡོད། 
     ཞུ་སྦྱོར་ཕྱི་མ་བའི་གཉེན་ཉེ་དང་། གནོད་འཚེ་ཕོག་མཁན་གྱི་གཉེན་ཉེ། མི་དམངས་འཐུས་ཚོགས་ཀྱི་འཐུས་མི། སྲིད་གྲོས་ཀྱི་ཨུ་ཡོན། རིགས་གཅིག་མཁས་པ། གསར་འགོད་པ། དེ་བཞིན་མང་ཚོགས་ཁག་གཅིག་བཅས་ཀྱིས་ཁྲིམས་རའི་འདྲི་གཅོད་ཟུར་ཉན་བྱས་པ་རེད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1