༄༅། །མིག་སྔའི་བོད་ཀྱི་གླུ་གཞས་སྒྱུ་རྩལ་གྱི་གནད་འགའ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-30


       མཐོ་སྒང་གི་མི་རྣམས་ནི་གནའ་སྔ་མོ་ནས་རི་གླུ་དང་མགུར་གླུ་ལྷན་དུ་ནར་སོན་ཞིང་མཉམ་བྱུང་ཡིན་ཟེར་ན་ཧ་ལམ་ཆོག་ཚོད་མོད། བོད་ལ་སྔ་མོ་ནས་གླུ་ཡི་བྱུང་བ་ཡོད་ལ་སྲིད་པ་ཆགས་གླུ་དང་། སྲིད་པའི་བ་ཆུང་བཤའ་གླུ་སོགས་བཙན་པོའི་དུས་སྐབས་སུ་རྒྱལ་བློན་བར་གྱི་མགུར་གླུ་མང་ཞིང་། ད་བར་དུ་དམངས་གླུ། ལ་གཞས། གླུ་ཤགས། ཁྲམ་གླུ། གྱང་གླུ་སོགས་འཚོ་བའི་ཁྲོད་དུ་མང་ཙམ་བྱུང་ཞིང་འབྲི་མོ་བཞོ་གླུ་དང་། བྱིས་པ་གཉོར་གླུ། བླ་མའི་མགུར་གླུ། དཔོན་པོའི་ཁྲིམས་གླུ་སོགས་ཀྱིས་མཚོན་པ་མང་། དེ་དག་ནི་དེ་སྔའི་བྱུང་རིམ་དང་ལོ་རྒྱུས་ཙམ་ཡིན་པ་ལས་ད་ལྟའི་ཚབ་མཚོན་བྱེད་མི་ཐུབ། དེ་དག་གི་རྨང་གཞིའི་ཐོག་ཏུ་རྐང་པ་བཙུགས་ནས་དུས་རབས་ཀྱི་འཕེལ་རིམ་དང་ལྷན་དུ་ང་ཚོའི་གླུ་གཞས་ཀྱི་གོམ་པ་སྤོ་དགོས་ལ། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་ནས་བཟུང་གྲུབ་འབྲས་ཅུང་ཐོབ་ཡོད་པ་རེད། 

         མིག་སྔའི་གནས་ཚུལ་ཁག་ཅིག་གིས་གླུ་གཞས་སྒྱུ་རྩལ་གྱི་ངོས་ལ་བཀག་རྒྱ་དང་གནོན་ཤུགས་བཟོས་པ་རེད།  
        གཅིག་གླུ་ཚིག་ཅིག་ཡིན་ན། ལ་རྒྱའི་གླུ་ཚིག་ཡག་པོ་ཡིན་པ་དང་། གླུ་ཚིག་ཅིག་ཡིན་ན་ལ་རྒྱ་ཞེས་པ་དེ་ཡིན་དགོས་བསམ་པའི་ངང་ཚུལ་དེས་གླུ་ཚིག་གི་སྒྱུ་རྩལ་གྱི་རྣམ་པར་བཀག་འགོག་བཟོས་ཡོད། གླུ་ཚིག་ལ་ཁོ་རང་འགྲོ་སྟངས་ཤིག་དང་རྩོམ་སྟངས་ཤིག་ཡོད་ས་རེད་དྲན། དམངས་ཁྲོད་ཀྱི་གླུ་ཤགས་སོགས་གཞིར་བྱས་པའི་ཐོག་ཏུ་སྒྱུ་རྩལ་མཚོན་ཐབས་ཀྱིས་བྲིས་ན་སྙམ། 
      གཉིས་སྒྱུ་རྩལ་དང་ཀུན་སྤྱོད་གཉིས་མི་དབྱེ་བར་དེ་གཉིས་གཅིག་ཏུ་བཤད་ཀྱི་ཡོད་པས་ལྟ་ཚུལ་འདིས་སྒྱུ་རྩལ་ལ་བཀག་རྒྱ་ཆེན་པོ་བཟོས་ཡོད། གླུ་བ་ག་གེ་མོས་ཚད་མཐོ་བའི་སྒྱུ་རྩལ་གྱི་འཁྲབ་སྟོན་ཞིག་བྱས་པ་ཡིན་ན། བོད་མི་ཚང་མས་བསྡིགས་ངེས། མི་གཞི་དང་ཀུན་སྤྱོད་གཉིས་སྦྱར་ནས་ཕ་རོལ་པོས་སྒྱུ་རྩལ་གྱི་འཁྲབ་སྟོན་ཡིན་པར་བལྟ་མི་ཤེས་པར་འདུག དེ་ཁོའི་ཀུན་སྤྱོད་དུ་འཁྲུལ་འདུག  ད་དུང་མི་ཚང་མའི་ཚད་གཞི་དེ་གླུ་པ་འཇོག་ཅིང་དུས་རབས་ཉེར་གཅིག་པའི་བོད་མིའི་ཚད་ཤིང་དེ་གླུ་པ་ཚོ་ཡིན་པར་བལྟ་ཞིང་། གླུ་པ་ཚོས་ཟས་ཟ་ལུགས་དང་གསང་སྤྱོད་དུ་འགྲོ་ལུགས་སོགས་ལ་ཇུས་ཏོག་ཡོད་ཚོད་རེད། གླུ་པ་ཚོ་ཡང་མི་ཞིག་ཡིན་པས་མི་བུ་སྤྱིར་བཏང་ཞིག་གི་འཚོ་བ་རོལ་དགོས་ལ་མི་བུ་སྤྱིར་བཏང་ཞིག་གི་བྱ་སྤྱོད་ལོས་ཡོད་རེད། རང་རང་གི་ཚད་གཞི་དེ་རང་རང་གིས་བཅའ་དགོས་པ་ལས་མི་གཞན་ཞིག་གི་སྟེང་ནས་ཚད་གཞི་འཇོག་རྒྱུ་མེད། 
        གསུམ་གླུ་གཞས་སྒྱུ་རྩལ་གྱི་ཁྱབ་ཁོངས་རེད། ས་ཁུག་རེ་ན་གྲུབ་མཐའ་རེ། གྲུབ་མཐའ་རེ་ན་བླ་མ་རེ་ལ་བསྟོད་ཅིང་དབྱངས་པ་ཡིན་ན་ས་ཆ་གཞན་དག་དང་གྲུབ་མཐའ་གཞན་ན་དེ་ཙམ་ཁྱབ་མི་ཐུབ་པ་རེད། ད་དུང་འོད་སྡེར་ཞིག་ཡིན་ན་རྫུན་བཟོ་དང་བསྐྱར་དཔར་གྱིས་དཔལ་འབྱོར་ལ་གནོད་ཚབ་གཏོང་བཞིན་ཡོད་པ་རེད། འདི་དག་ང་ཚོ་མི་དམངས་ཀྱིས་གླུ་པ་ཚོར་གནོན་ཤུགས་སྤྲད་ཅིང་སྒྱུ་རྩལ་གྱི་ཉམས་རྒུད་ཅིག་རེད་དྲན། ང་རང་གིས་འདོད་ཚུལ་ལ་གླུ་གཞས་འདི་སྒྱུ་རྩལ་གཙོར་བཟུང་གི་ཐོག་ནས་འགྲོ་ཐུབ་ན་ཆེས་ཡག་པར་སྙམ་ཡོད། སྤྱི་ཚོགས་ཀྱི་ཁ་ཕྱོགས། སློབ་གསོའི་གནད་དོན། མི་རིགས་དར་རྒུད་སོགས་མང་པོ་མང་པོ་ཞིག་གླུ་དང་སྙན་ངག་གཅིག་པུས་ཁ་ལོ་བསྒྱུར་མི་ཐུབ་སྙམ་ཡོད། དེ་དག་ཚང་མ་གླུ་དང་སྙན་ངག་གི་ལམ་ནས་བསྒྲུབ་དགོས་ཟེར་ན་སྒྱུ་རྩལ་ལ་ཚད་བཀག་ཐེབས་པ་དང་། སྒྱུ་རྩལ་གོང་འཕེལ་ལ་འགོག་རྐྱེན་འདུག་སྙམ། སྒྱུ་རྩལ་དང་འབྲེལ་བའི་རིག་གནས་དག་སྒྱུ་རྩལ་གྱི་ལམ་ནས་འགྲོ་ཐུབ་ན་དེ་ལས་དགའ་བ་ཅི་ཞིག་ཡོད། སྒྱུ་རྩལ་དང་ཀུན་སྤྱོད་ནོར་ནས་སྒྱུ་རྩལ་པ་ལ་ཀུན་སྤྱོད་མི་འདུག་ཟེར་ནས་མི་གཤེ་རོགས། གླུ་པའི་རྩ་བའི་འཚོ་བ་ལ་ཐེ་གཏོགས་མ་བྱས་ན་འགྲོ་མིའི་ལུགས་དང་མཐུན་པ་ཞིག་ཡིན། འཚོ་བ་སོགས་ལ་ཐེ་གཏོགས་བྱས་ནས་གླེང་ཕྱོགས་བཟོས་ཤིང་སེམས་ཁམས་ལ་གནོན་ཤུགས་དང་ཀླད་པ་མི་བཅོམ་རོགས་ཟེར་རྒྱུ་ཡིན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1