༄༅།།ཉམས་མྱོང་རྒན་པོའི་འབེལ་གཏམ་གྱི་རྩོམ་གཤིས་སོགས་ལ་དཔྱད་པ་བརྒྱུད་བོད་ཀྱི་འབེལ་གཏམ་རྩོམ་རིག་སྐོར་རགས་ཙམ་གླེང་བ།

རྩོམ་པ་པོ། བཀྲ་ཤིས་རྒྱ་མཚོ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 10-19



ནང་དོན་གནད་བསྡུས། བླང་དོར་གྱི་གནས་ལ་འདོམས་པའི་རྩོམ་རིགས་ཀྱི་གྲས་སུ། འབེལ་གཏམ་རྩོམ་རིགས་ཀྱི་གྲས་སུ།འབེལ་གཏམ་རྩོམ་རིག་ཅེས་རང་རྐྱ་འཕེལ་ཞིང་གཏན་ཆགས་ཅན་གྱི་རྩོམ་ལུས་ཤིག་གྲུབ་པའི་ཐོག་མའི་བརྩམས་ཆོས་ཏེཉམས་མྱོང་རྒན་པོའི་འབེལ་གཏམ་རྩོམ་རིག་གི་སྐོར་རགས་ཙམ་གླེང་ཡོད།

གནད་འགག་གི་མིང་བརྡ། འབེལ་གཏམ། འབེལ་གཏམ་རྩོམ་རིག

གླེང་སློང་བ།

སྤྱིར་འབེལ་གཏམ་ཞེས་པ་ནི་གོ་སླ་བ་དང་གོ་བདེ་བའི་གཏམ་ལ་གོ་བ་རྫ་དཔལ་སྤྲུལ་རིན་པོ་ཆེའི་གསུང་གི་ཆོས་འབྱུང་འབེལ་གཏམ་ཉུང་ངུ་ལྟ་བུ་དང་།གཞན་ཡང་ཡང་དག་པའི་གཏམ་མམ་དོན་དང་ལྡན་པའི་གཏམ་གླིང་ལྟ་བའི་ངོས་འཛིན་པ་མཁས་དབང་ཙེ་ཏན་ཞབས་དྲུང་མཆོག་གིས“གཙུག་ལག་གཉིས་ལ་དཔྱོད་པའི་སྤྱན་སྟོང་བཀྲ།རིག་བྱེད་སྨྲ་བའི་མགྲིན་སྤོབས་ཡངས་པའི་གྲྭར།།དོན་ལྟན་ངག་གི་རོལ་མོས་འབེལ་གཏམ་གྱི།།སིལ་སྒྲ་འཁྲོལ་ལ་སུ་ཞིག་གུས་མི་བགྱིད”ཅེས་གསུངས་བ་བཞིན།མདོར་ན་གི་སླ་ཞིང་བདེ་ལ་ཡང་དག་པའི་གཏམ་མམ་དོན་དང་ལྡན་པའི་གཏམ་སྟེ་རྣམ་གྲངས་མང་པོའི་སྒོ་ནས་བསམ་ཚུལ་ལྷུག་པོར་བརྗོད་པའི་གཏམ་ལ་གོ་དགོས་སོ།།དེ་ཡང་འབེལ་གཏམ་ལ་རྣམ་པ་ངེས་དྲུག་དང་བཤད་པའི་སྒོ་བཅུ་ལ་སོགས་ཆ་རྐྱེན་དང་འཆད་ཐབས་ཡན་ལག་གི་སྒོ་ཀུན་ནས་ཕྱུག་ཅིང་།དེ་ལའང་རིག་གཞུང་ལ་མངའ་བརྙེས་ཤིང་འཚོ་བའི་ཉམས་མྱོང་ཕུན་སུམ་ཚོགས་པའི་སྐྱེས་ཆེན་དམ་པ་དམ་གིས་གདུལ་བྱ་རྣམས་ཀྱི་བློན་མུན་བསལ་ཆེད་མི་དང་སྲོག་ཆགས་སོགས་ཀྱི་སྣང་བརྙན་བཞེངས་བསྐྲུན་བྱས་ཤིང་།དེ་དག་གིས་གཏམ་གླིང་ལ་བརྟེན་ནས་འབེལ་གཏམ་ཆེད་དུ་གསུངས་བ་ཡིན་པས།འབེལ་གཏམ་གྱིས་བོད་ཀྱི་སྤྱི་ཚོགས་ཁྲོད་ཡར་སྐུལ་ཉེས་དོར་གྱི་ཕྱོགས་ལ་ནུས་བ་ཆེན་པོ་ཐོན་ཡོད།འབེལ་གཏམ་རྩོམ་ཡིག་ཁག་ཅིག་ལ་ལྟོས་ན་འབེལ་གཏམ་གྱི་འཆད་ཐབས་གཙོ་བོ་ཡང་གཏམ་གླིམ་དང་ཤགས་འགྱེད་ཀྱི་རྣམ་པ་ཡིན་པས་འབེལ་གཏམ་གྱི་ཁུངས་ཡང་འདི་གཉིས་ལས་ཡར་འདེད་དགོས་སྙམ།བཙན་པོའི་དུས་སྐབས་ཀྱི་ལྷ་སྒྲུང་དང་མགུར་གླུའི་ཁྲོད་ཀྱི་གཏམ་གླེང་དང་ཤགས་འགྱེད་ཀྱི་རྣམ་པ།གཞན“འབེལ་གཏམ་གླིང་རྗེ་རྣམ་ཐར་སྒྲུང་གི་གཙོས”2ཞེས་བོད་ཀྱི་རིག་གནས་ཁྲོད་འོད་སྟོང་འཕྲོ་བའི་གེ་སར་རྒྱལ་བའི་སྒྲུང་སོགས་གྱིས་འབེལ་གཏམ་ལ་ཤུགས་རྐྱེན་ངེས་ཅན་ཐེབས་ཏེ་འབེལ་གཏམ་རྩོམ་ཡིག་ཅིག་ཏུ་འགྱུར་བར་རྨང་གཞི་ལེགས་བཏིངས་བ་དང་།འབེལ་གཏམ་བྱུང་བ་སྔ་ཞིང་རང་ཉིད་ཀྱི་འཕེལ་རྒྱས་ཆོས་ཉིད་ངེས་ཅན་དང་བསྟུན་ནས་རིམ་གྱིས་གཏན་ཆགས་ཀྱི་རྣམ་པར་གྱུར་བ་ཡིན་པས།འབེལ་གཏམ་དང་འབེལ་གཏམ་རྩོམ་ཡིག་གཉིས་མི་འདྲ་སྟེ་རྩོམ་རིག་ཡིན་མིན་གྱི་ཁྱད་པར་རོ།།སྤྱིར་བླང་དོར་གྱི་གནས་འདོམས་པའི་རྩོམ་ལུས་བྱེ་བྲག་པ་གང་ཡིན་ཡང་།རྩོམ་རིག་གི་གོ་དོན་དང་རྩོམ་རིག་མ་ཡིན་པའི་གོ་དོན་གཉིས་ཡོད་ལ།རྩོམ་རིག་གི་གོ་དོན་དེ་ལྟོས་བཅོས་ཀྱི་བཞག་པ་ཞིག་ཡིན་མ་གཏོགས་མཐའ་གཅིག་ཏུ་འདི་ཡིན་པ་ཞིག་འཇོག་དཀའ།ཡིན་ཡང་འབེལ་གཏམ་རྩོམ་རིག་ལ་མཚོན་ན《ཉམས་མྱོང་རྒན་པའི་འབེལ་གཏམ》གྱིས་འབེལ་གཏམ་སྤྱིའི་སྒྲོམ་གཞི་ཞིག་བཟོས་ཡོད་པས།དེ་ལས་ང་ཚོའི་འབེལ་གཏམ་རྩོམ་རིག་ནི་འདི་ལྟ་བུར་ཞིག་ཡིན་པའི་གོ་བ་རྙེད་ཐུབ།སྙན་ངག་མེ་ལོང་ལས།“སྔོན་བྱུང་གཏམ་ལས་གྱུར་པའམ།།ཅིག་ཤེས་ལེགས་པ་མ་བརྟེན་པ།།སྡེ་བཞི་འབྲས་བུའི་དབང་གྱུར་ཏམ།།མཁས་ཤིང་རྒྱ་ཆེའི་འདྲེན་པ་ཅན།།”ཞེས་གསུངས་བ་ལྟར་གུང་ཐང་བསྟན་པའི་སྒྲོན་མེ་མཆོག་གིས་སྔོན་གྱི་ཆ་རེ་བླངས་ཏེ《ཉམས་མྱོང་རྒན་པོའི་འབེལ་གཏམ》རྩོམ་འབྲི་བྟེད་པས།བོད་ཀྱི་བླང་དོར་གྱི་གནས་འདོམས་པའི་རྩོམ་རིགས་ཀྱི་གྲས་སུ་རྩོམ་རྟངས་དང་རྣམ་པའི་ཐད་གཏན་ཆགས་རང་བཞིན་ཅན་དང་རང་རྐྱ་འཕེལ་པའི་རྩོམ་ལུས་ཤིག་གསར་དུ་བྱུང་བ་ཡིན་ལ།རྩོམ་རིག་ལོ་རྒྱུས་སྟེང་འབེལ་གཏམ་ཡང་འབེལ་གཏམ་ཡང་འབེལ་གཏམ་ཙམ་པོ་བ་ནས་འབེལ་གཏམ་རྩོམ་རིག་ཅིག་ཏུ་དངོས་སུ་འགྱུར་བ་ཡིན།འབེལ་གཏམ་རྩོམ་རིག་རང་སྟེང་གི་ལོ་རྒྱུས་ལ་བལྟས་ནའང་ཉམས་མྱོང་རྒན་པོའི་འབེལ་གཏམ་ནི་ཤིང་རྟའི་སྲོལ་འབྱེད་ཀྱི་བརྩམས་ཆོས་ལྟ་བུ་ཡིན་པས།བེ་ལ་རྣམ་པ་དང་རྩོམ་ཐབས་སོགས་གཞན་དང་མི་འདྲ་བའི་ཁྱད་ཆོས་ལྡན་ཕྱིར་བརྩམས་ཆོས་འདི་ཉིད་ལ་དཔྱད་པ་བརྒྱུད་བོད་ཀྱི་འབེལ་གཏམ་རྩོམ་ཡིག་སྤྱིར་ཁྱད་ཆོས་རགས་ཙམ་གླེང་བར་བྱའོ།།

དང་པོ། རྩོམ་ཁུངས་དངོས་གང་ཡིན་གྱི་སྒྲུབ་བྱེད།

“འདིའང་རྟོག་བཟོ་ཙམ་ཞིག་མ་ཡིན་གྱི།བཞི་བརྒྱ་བ་ལས།ཁྱོད་རང་གསོན་པ་ལ་དགའ་ཞིང་རྒན་པ་ལ་མི་དགའ་ན།།ཨེ་མ་ཁྱོད་སྤྱོད་སྐྱེས་བོ་ནི།།འདྲ་ལ་མི་དམ་པ་ལྟ་བུ་འགྱུར།།”3ཞེས་གུང་ཞང་མཆོག་གིས་འབེལ་གཏམ་འདི་ཉིད་ཀྱི་མཇུག་ཏུ་བཀོད་པ་ལྟར་རྩོམ་ཡིག་འདི་ཉིད་ཀྱི་བརྗོད་བྱའི་ཁུངས་བཞི་བརྒྱ་པའི་འགྲེལ་བར་གཏུགས་པ་ཡིན་ཏེ།དེ་ཉིད་ལས་“འདི་ན་ཇི་ལྟར་ན།ཁྭོད་ཉམས་པ་མེད་པར་ཡུན་རིང་དུ་གསོན་པ་ལ་དགའ་བ་དེ་ལྟར་ཁྱོད་ཚེག་རིང་བོ་མེད་ན་མི་འབྱུང་བ།གཉེར་མ་དང་མགོ་སྐྱ་བ་དང་འབྲེལ་བའི་རྒན་པོ་ཉིད་ལ་ནི་དགའ་ནི་དགའ་བ་མ་ཡིན་ཏེ།དེའི་ཕྱིར་ཀྱེ་མ་ཁྱོད་ཀྱི་སྤྱོད་ལོག་འདི་ནི་དམ་པ་མ་ཡིན་ཡང་ཁྱོད་དང་འདྲ་བའི་བྱིས་པའི་སྐྱེས་བོ་ཁོ་ན་ལ་དམ་པ་ལྟར་རབ་ཏུ་འཇུག་པ་ཉིད་ཡིན་གྱི།གཞན་ལ་མ་ཡིན་ནོ།དེའི་ཕྱིར་རྒ་བ་ལ་རྣམ་པར་སྡང་བས་རྒྱུན་དག་ལ་མངོན་པར་ཞེན་པར་མི་བྱ་སྟེ། སྐྱེད་མོས་ཚལ་དུ་ཞུགས་པའི་རྒན་པོ་ལ་གཞོན་ནུས་བཞད་གར་བྱས་པ་བཞིན་ནོ། མི་རྒན་པོ་ཁྱོད་གཟུགས་ངན་ནོ་ཞེས་བཞད་གར་དུ་བྱེད་ཅིང་། དེ་རྣམས་ཀྱིས་ཡུན་རིང་དུ་གསོན་པར་འདོད་ཡིན་ཏེ། དེ་རྣམས་ཀྱི་སྤྱོད་པ་ནི་རྨོངས་བའི་སྐྱེ་བོ་འདྲ་བ་ཁོ་ན་ལ་དམ་པ་ལྟར་འགྱུར་རོ།། ”  ཞེས་གསུངས་ཡོད་པ་དང་། ཉམས་མྱོང་རྒན་པོའི་འབེལ་གཏམ་ལས་ཀྱང་“སྲིད་པའི་འབྲོག་དགོན་ཐང་དཀྱིལ་ན།། རྒས་འཁོགས་རྒན་པོ་ཉལ་བ་ལ།།  ལང་ཚོས་དྲགས་པའི་གཞོན་ནུ་ཞིག། འོངས་ཏེ་ཅོ་འདྲི་འདི་སྐད་གླེང་།།”   ཞེས་གཞོན་ནུ་ཡིས་རྒན་པོའི་གཟུགས་དང་བྱ་བྱེད་ཀུན་ལ་ཅོ་འདྲི་བྱེད་པ་དང་། “གང་ཞིག་རྒ་ཤི་མི་འདོད་པ་ཡིན་མོད་ཀྱི། དེ་ལྟ་ན་ཡང་དེ་གཉིས་ཇི་ལྟར་བུ་ལ་ཡོད་པར་མྱ་ངན་གྱི་རྒྱུ་འགྱུར་བ་དེ་ལྟར་རང་ལ་ཡོད་པ་མ་ཡིན་ནོ་སྙམ་དུ་སེམས་པ་དེ་ལ་བརྗོད་པར་བྱ་སྟེ”རྒ་ཤིའི་སྡུག་བསྔལ་བསྟན།དེས་ན་འབེལ་གཏམ་འདི་ཉིད་ནི་རང་སྣང་གང་ཤར་གྱི་ལབ་བརྡོལ་དག་དང་གཏམ་མི་འདྲ་བས།བརྗོད་གཞི་གང་ལ་བལྟོས་ནས་བརྩམས་པའི་ཁུངས་བཙུན་པ་རྒྱལ་བའི་གསུངས་རབ་ཀྱི་དགོངས་འགྲེལ་རྣམ་འབྱོལ་སྤྱོད་པའི་དབུ་མ་བཞི་བརྒྱ་བར་ཁུངས་གཏུགས་ནས་མཛད་དོ།།

གཉིས་པ།འབེལ་གཏམ་འདི་ཉིད་ཀྱི་བརྗོད་བྱ་དངོས།

“སྐྱེ་བའི་ས་བོན་སྤངས་བ་ཡི།།རྒ་ཤིའི་སྡུག་བསྔལ་མི་འབྱུང་བ།།ཟག་ཟད་ཐུབ་པ་རྣམས་ལ་འདུད།།འཁོར་བའི་རྒྱུད་ལམ་གཅད་དུ་གསོལ”ཞེས་འབེལ་གཏམ་འདི་ཉིད་ཀྱི་བརྗོད་བྱ་གཙོ་བོ་འཁོར་བའི་སྐྱེ་རྒ་ན་འཆིའི་སྡུག་བསྔལ་བསམས་ཏེ།དེ་ལས་ཐར་བའི་ཚུལ་བསྟན་པ་རྟོགས་ཐུབ་ཅིང་།རྒྱལ་བའི་གསུང་རབ་ཐམས་ཅད་ཀྱི་གནད་དང་དམིགས་ཡུལ་ཡང་འཁོར་བ་ལས་ཐར་ཏེ་རྣམ་པ་ཐམས་ཅད་མཁྱེན་པའི་སར་རམ་སངས་རྒྱས་ཀྱི་སར་ཁྲིད་པ་དེ་ཡིན།དེ་ཡང་སངས་རྒྱས་ཀྱི་སར་འགྲོ་བ་ལ་སྐྱེ་བུ་གསུམ་གྱིས་ཉམས་སུ་ལེན་པའི་ལམ་གྱི་རིམ་པ་ཐམས་ཅད་ཚང་དགོས།སྐྱེ་བུ་གསུམ་གྱིས་ཉམས་སུ་ལེན་པའི་ལམ་གྱི་རིམ་པ་ནི་སྐྱེས་བུ་ཆུང་ངུ་དང་ཐུན་མོང་གི་ལམ་གྱི་རིམ་པ་དང་སྐྱེས་བུ་འབྲིང་དང་ཐུན་མོང་གི་ལམ་གྱི་རིམ་པ།སྐྱེས་བུ་ཆེན་པའི་ལམ་གྱི་རིམ་པ་བཅས་གསུམ་མོ།འབེལ་གཏམ་འདི་ནི།རིགས་གཟུགས་ལང་ཚོ་དཔལ་དང་འབྱོར་བའི་དྲགས་པ།ལེ་ལོ་དང་རྣམ་གཡེང་གི་སྒྲོག་དུ་ཚུད་ཅིང་མུན་པའི་ཁུང་བུར་འབྱམས་པ་རྣམས་ལ་ཆེད་དམིགས་ཀྱིས་གནང་བ་ཞིག་གོ།”5ཅེས་འབེལ་གཏམ་འདིའི་ནང་ཉམས་མྱོང་ཅན་གྱི་རྒན་པོ་རྒན་པོ་དང་ཁེངས་དྲེགས་ལྡན་པའི་གཞོན་ནུའི་ཤགས་གླེང་འགྱེད་ཚུལ་ལ་སྦྱར་ཏེ།རྒ་བའི་སྡུག་བསྔལ་གཙོ་བོར་བསྟན་ཏེ།དམ་པའི་ཆོས་ལ་སྐུལ་བ་ཡིན།དེ་ཡང་རྒ་བའི་སྡུག་བསྔལ་ལ།རྗེ་ཙོང་ཁ་བ་ཆེན་པོས།རྒ་བའི་སྡུག་བསྔལ་བསམ་པ་ལ་ལྔ་ལས།གཟུགས་བཟང་བོ་ཡོངས་སུ་ཉམས་པ་ནི།རྐེད་པ་གཞུ་ལྟར་དགུ་བ་དང་མགོ་སྦྲ་བའི་མེ་ཏོག་ལྟར་དཀར་ད་དང་དཔྲལ་བ་དྲས་གདན་ལྟར་གཉེར་མས་ཁེངས་བ་སོགས་ཀྱིས་ལང་ཚོ་ཉམས་ནས་མི་སྡུག་པར་འགྱུར་བའོ།མཐུ་སྟོབས་ཡོངས་སུ་ཉམས་པ་ནི།འདུག་ན་ས་སྒྱེ་ཐག་ཐག་ཆད་པ་དང་འདྲ་བ་དང་ལངས་ན་ཤིང་རྩ་གནམ་དུ་འདོན་པ་འདྲ་བ་དང་སྨྲ་ན་ལྡིབ་ཅིང་འགྲོ་ན་འབུབ་པ་སོགས་བྱེད་པའོ།།དབང་བོ་ཡོངས་སུ་ཉམས་པ་ནི།མིག་ལ་སོགས་མི་གསལ་བར་མི་མཐོང་བ་དང་བརྗེད་ངས་ཆེ་བ་ལ་སོགས་པའི་དྲན་པ་ལ་སོགས་པའི་མཐུ་བྲི་བའོ།།ཡུལ་ལ་ལོངས་སྤྱོད་ཡོངས་སུ་ཉམས་པ་ནི།བཟའ་བཏུང་ལ་སོགས་པ་འཇུ་དཀའ་ཞིང་གཞན་ཡང་འདོད་པའི་ཡོན་ཏན་ལ་སོགས་ལོངས་སྤྱོད་པར་མི་ནུས་སོ།།ཚེ་ཡོངས་སི་ཉམས་པའི་སྡུག་བསྔལ་ནི།ཚེ་ཕལ་ཆེར་ཟད་པས་མྱུར་དུ་འཆི་བ་ལ་ཕྱོགས་པ་སྟེ།དེ་རྣམས་ཡང་དང་ཡང་དུ་སེམས་པའོ།།     6ཞེས་དགའ་བའི་སྡུག་བསྔལ་བསྟན་ཡོད་པ་ལྟར།ཉམས་མྱོང་རྒན་པའི་འབེལ་གཏམ་ལས་ཀྱང།གཟུགས་བཟང་བོ་ཡོངས་སུ་ཉམས་པ་ལ།  སྐྲ་ལོ་དུང་ལྟར་དཀར་བ་འདི།།དཔྲལ་བའི་ར་གཉེར་འཁྲིག་འཁྲིག་འདི།།བཞིན་རས་བསྡུས་ཤིང་མདོག་ངན་པ།།ལམ་ལ་ཁ་གཏད་སྒུར་བ་འདི།།  སོགས་ཀྱི་མངོན་ལ།མཐུ་སྟོབས་ཡོངས་སུ་ཉམས་པ་ལ།   ལངས་ཚེ་སུག་བཞི་འཛུགས་པ་འདི།།སྡོད་ཚེ་ཕྱེད་འདྲི་ལྷུང་བ་འདི།།འགྲོ་ཚེ་ཡོམ་ཡོམ་འཁྱོར་བ་འདི།།   ཞེས་དང་།དབང་བོ་ཡོངས་སུ་ཉམས་པ་ལ།  བལྟ་འདོད་མིག་སྲུང་མང་བ་འདི།།རྣ་བ་གཏད་ནས་ཉས་པ་འདི།།སོ་ཡི་ཕྲེང་ལྷུང་བ་འདི།།   ཡུལ་ལ་ལོངས་སྤྱོད་ཉམས་པ་ལ།    བཟའ་བཏུང་ཉུང་ཤས་སྤྱོད་པ་འདི།།གོས་ཆུང་སྲབ་བདེ་གྱོན་པ་འདི།།    སོགས་བཀོད་ཡོད་པ་ལྟར།སྐྱེས་བུ་འབྲིང་གི་དུས་སྐབས་ཀྱི་རྒ་བའི་སྡུག་བསྔལ་བསམ་པ་དང་ཉམས་མྱོང་རྒན་པོའི་འབེལ་གཏམ་གྱི་བརྗོད་བྱ་གཅིག་མཚུངས་སུ་སྣང་བ་དང་།འབེལ་གཏམ་གྱི་བརྗོད་བྱ་གཅིག་མཚུངས་སུ་སྣང་བ་དང་།འབེལ་གཏམ་འདིའི་བརྗོད་བྱ་ཤིང་རྟ་ཆེན་པོ་ཀླུ་སྒྲུབ་དང་ཐོགས་མེད་གཉིས་ཀྱི་ལམ་སྲོལ།རྣམ་པ་ཐམས་ཅད་མཁྱེན་པའི་སར་འགྲོ་བའི་སྐྱེ་བོ་མཆོག་གི་ཆོས་ལུགས་ཀྱི་སྐྱེས་བུ་གསུམ་གྱི་ཉམས་སུ་ལེན་པའི་རིམ་པ་ལས་རྒ་བའི་སྡུག་བསྔལ་བསྟན་ཡོད།

གསུམ་པ།འབེལ་གཏམ་འདི་ཉིད་ཀྱི་ཁྱད་ཆོས།

གཅིག   བའམ་བློའི་ནང་དོན།

འབེལ་གཏམ་རྩོམ་རིག་ནི་ཆོས་ཀྱི་གནས་ལུགས་གཙོ་བོ་རྗོད་པར་བྱེད་པ་ལ་བརྟེན་ནས།མི་རྣམས་ཀྱིས་ཇི་ལྟར་མི་ཚེ་དོན་ཡོན་བྱ་དགོས་ཚུལ་དང་བླངས་དོར་གྱི་གནས་ལ་ཇི་ལྟར་འཇུག་ཚུལ་བརྗོད་པའི་རྩོམ་རིག་གི་རྣམ་པ་ཞིག་ཡིན་པ་ལྟར<<ཉམས་མྱོང་རྒན་པའི་འབེལ་གཏམ>>ཡང་དེ་ལས་མ་འདས་སོ།།ཡིན་ཡུ་འབེལ་གཏམ་འདིས་སྐྱེ་དགའ་ན་འཆིའི་སྡུག་བསྔལ་ལས་རྒ་བའི་ཁྱེད་དུ་བསྟན་ཡོད་པ་དང་།མདོ་རྒྱ་ཆེར་རོལ་བ་ལས།  རྒ་བའི་གཟུགས་སྡུག་གཟུགས་ནི་སྡུག་མི་བྱེད།།རྒ་བས་གཟི་བརྗིད་འཕྲོག་གྱང་མཐུ་སྟོབས་འཕྲོག།།རྒ་བས་བདེ་བ་འཕྲོག་ཀྱང་བརྙས་པར་བྱེད།།རྒ་བས་འཆི་བྱེད་རྒ་བས་མདངས་ཀྱང་འཕྲོག།  ཅེས་དང་།ལམ་རིམ་རྣམ་གྲོལ་ལག་བཅིང་མ་ལས།   གཟུགས་བཟང་བོ་ཡོངས་སུ་ཉམས་པ།།མཐུ་སྟོབས་ཡོངས་སུ་ཉམས་པ།།དབང་བོ་ཡོངས་སུ་ཉམས་པ།།ཡུལ་ལ་ལོངས་སྤྱོད་ཡོངས་སུ་ཉམས་པ།།ཚེ་ཡོངས་སུ་ཉམས་པའི་སྡུག་བསྔལ་ཏེ།དབང་བོ་དང་ཤེས་རབ་སོགས་འགྲིམ།ལུས་ནི་གཞི་ལྟར་གུག་མདངས་ཉམས་པ་ལ།ལངས་འདུག་དཀའ་ཞིང་།སྐྲ་དཀར་གྱི་གཉེར་མ་མང་སོགས་ཤུན་དུ་མི་སྡུག་པ་སྐྱེ་བ་འཕོས་བ་འདྱུང་སྟེ།རྗེ་མི་ལའི་ཞལ་ནས་བསྟོབ་ཕུར་འདོན་པའི་ལྔ་ལུགས་དང་གཅིག།བྱ་ལ་འཇབ་པའི་འགྲོ་ལུགས་དང་གཉིས།།ས་དོ་ཆད་པའི་སྡོད་ལུགས་དང་གསུམ་དེ་གསུམ་འཛོམ་པའི་དུས་ཚོད་ན།།ཨ་ཕྱི་སྒྱུ་ལུས་རྒུད་པའི་ཡིད་ཕམ་མང་།།ཕྱི་ཕགས་པ་འདུས་པའི་གཉེར་མ་དང་གཅིག།ནང་ཤ་ཁྲག་ཟད་པའི་རུས་འབུར་དང་གཉེས།།བར་གླེན་ལྐུགས་འོན་ལོང་ཐེར་ཡོར་དང་གསུམ།།གསུམ་དེ་གསུམ་འཛོམ་པའི་དུས་ཚོད་ན།།ཨ་ཕྱི་མི་སྡུག་སྟོན་པའི་ཁྲོ་གཉེར་མ།།ཞེས་གསུང་པ་ལྟར་ཡིན།འདི་ཐམས་ཅད་འཁོར་བར་གནས་པའི་རྐྱེན་རེད།”ཅེས་རྒ་བའི་སྡུག་བསྔལ་གྱི་རང་བཞིན་བསྟན་ཞིང་།སྡུག་བསྔལ་ཐམས་ཆད་ཀྱི་རྒྱུ་ནི་འཁོར་བར་གནས་པའི་རྐྱེན་ཡིན་པས་འཁོར་བ་ལ་ངེས་འབྱུང་སྐྱེས་དགོས་པའི་བསམ་བློ་དང་།དེ་བས་ཆོས་ཤིག་བྱེད་ནུས་ན།།རྒས་པས་ལུས་པོ་རྒུད་ན་ཡང།།སེམས་ལ་དགའ་སྤྲོའི་གདེང་ཞིག་ཡོད།།འཆི་བ་ཐོག་ཏུ་བབས་ན་ཡང་།།བུ་ཆུང་ཕ་ཁྱིམ་འགྲོ་བ་འདྲ།།ཐབས་ཀྱི་ཡང་རྩེ་འདི་ན་ལྷག །  ཞེས་ཆོས་བརྒྱད་དྲི་མས་མ་སྦགས་པའི་དམ་པའི་ཆོས་བརྒྱད་སྒྲུབ་དགོས་པ་དང་།གཞན་ཡང་ཚེ་རིང་སྐྱིད་རྒྱག་འདོད་པ་ལ།།རྒས་བ་མི་འདོད་ཨ་རེ་གླེན།།ལོ་འགའ་ལོ་འགའ་མ་ཚར་བའི།།ངང་ལ་མི་ཚེ་ཚར་ནས་ཐར།།རྒས་ཤིང་འཁོགས་ན་ཡོང་ས་མེད།།བྱེད་ན་གཞོན་པའི་དུས་འདིར་གྱིས།།ཆོས་ཀྱི་གནད་ཅིག་གོ་བྱུང་ན།།ཅི་བྱེད་ཆོས་དུ་འགྲོ་ཚོད་རེད།།” སོགས་ཀྱིས་སེར་སྐྱ་ཕོ་མོ་སུ་ཡིན་རུང་དོན་མེད་རྣམ་གཡེང་གི་ངང་ནས་མི་ཚེ་འཁྱོལ་ཐབས་བྱེད་པ། གཤིས་ངན་དུག་གསུམ་ཉོན་མོངས་ཀྱིས་སྦགས་པས་བླང་དོར་གྱི་གནས་ལ་བློ་མིག་བོར་ནས་སྟོབས་དང་དབང་ཐང་ཁོ་ན་སྒྲུབ་པ་སོགས་ལ་སུན་འབྱིན་དང་དབུགས་དབྱུང་མཛད་པ་བརྒྱུད་གཞོན་ནུའི་དུས་སུ་རྣམ་གཡེང་ཁེངས་དྲེགས་ཀྱི་དབང་དུ་མ་སོང་བར་ཡོན་ཏན་ལ་སྦྱངས་བརྩོན་དང་། གསེར་སྲང་སྟོང་གི་རིན་པས་ཀྱང་ཁུག་དཀའ་བའི་ན་ཚོད་གཞོན་པའི་དུས་སྐབས་དེ་ཉིད་དོན་མེད་དུ་འདའ་བར་མི་བྱེད་པར། ཡ་རབས་ཀྱི་སྤྱོད་པ་བཟང་བོའི་ཚུལ་དང་ལྷག་པར་དུ། དེང་དུས་ཀྱི་རིག་གནས་སྦྱོང་མཁན་དག་ལ་དུས་ཚོད་ཀྱི་འདུ་ཤེས་དང་ན་ཚོད་གཞོན་པའི་རིན་ཐང་རྟོགས་དགོས་པ་དང་། བྱ་བ་ཀུན་ལེགས་ཉེས་བླང་དོར་གྱིས་འཇུག་དགོས་ཚུལ་སོགས་བསྟན་ཡོད་པས། འབེལ་གཏམ་འདི་ལ་སློབ་གསོའི་རང་བཞིན་ལྡན་ཞིང་དེས་ཕྱིའི་བྱ་བ་གང་བསྒྲུབ་པ་ལ་མཛུབ་སྟོན་དང་མི་གཤིས་གསོ་སྐྱོང་གི་ནུས་བ་ཆེན་པོ་ཐོན་ཡོད་པ་མ་ཟད། རྩོམ་རིག་སྤྱི་ལ་མངའ་བའི་བདེན་དགེ་མཛེས་གསུམ་དར་སྤེལ་དང་རྫུན་སྡིག་དམེ་གསུམ་དགག་པའི་བསམ་བློའི་ཁྱད་ཆོས་བླ་ལྷག་ཏུ་ལྡན།

གཉིས། སྒྱུ་རྩལ་གྱི་ཁྱད་ཆོས།

སྤྱིར་འབེལ་གཏམ་རྩོམ་རིག་ནི་བཅད་ལྷུག་སྤེལ་མའི་རྣམ་པས་བྲིས་བ་གཙོ་ཆེ་ཡང་ཚིགས་བཅད་དམ་ཡང་ན་ཚིག་ལྷུག་རྐྱང་བས་བྲིས་པའང་ཡོད་པས། མཐའ་གཅིག་ཏུ་མ་ངེས། དེས་ན་ཉམས་མྱོང་རྒན་པོའི་འབེལ་གཏམ་ནི་ཚིགས་བཅད་རྐྱང་བས་བྲིས་ཡོད་ལ། ངོ་མཚར་བའི་བྱུང་རིམ་དང་ཤུགས་དྲགས་པའི་ཚོར་འདུ་སོགས་བྲིས་བ་ལ་བརྟེན་ནས་རྒ་བའི་སྡུག་བསྔལ་གྱི་ངོ་བོ་ཀློག་པ་པོའི་མིག་མདུན་དུ་བཤམས་ཡོད། དེ་ཡང་རང་བཞིན་བརྗོད་པའི་རྒྱན་དང་དཔེ་རྒྱན། ཟུང་ལྡན་གྱི་རྒྱན། རབ་རྟོག་ལ་སོགས་པའི་མཚོན་ཐབས་ལ་བརྟེན་ཞིང་། བརྡ་རྙིང་། མངོན་བརྗོད་དང་འཁྱོག་བརྗོད་ཀྱི་ཉམས་ཆེས་སྤྲས་མེད་པར་ཚིག་གི་སྡེབ་སྦྱོར་ལེགས་ཤིང་གོ་སླ་བའི་སྒོ་ནས་ཀློག་པ་པོའི་བློ་ཁ་ཡང་དག་པའི་ལམ་དུ་བསྐུལ་བའི་ཁྱད་ཆོས་དུ་མ་དང་ལྡན་པ་ཞིག་སྟེ། འདིར་ཁྱད་ཆོས་གཙོ་བོ་འགའ་བརྗོདན།

༡མཚོན་ཐབས་ཀྱི་ཐད་ནས།

འབེལ་གཏམ་འདི་ཉིད་ནི་རྩོམ་ལུས་ཀྱི་ཐད་ནས་གོང་དུ་གླེང་ཟིན་པ་ལྟར ། རང་རྐྱ་འཕེལ་ཞིང་གཏན་ཆགས་ཅན་ཞིག་ཡིན་པ་གཞི་བཞག་གི་སྟེང་བྱུང་རིམ་དང་མི་སྣའི་གཏམ་གླེང་སོོགས་ཚིགས་བཅད་ཀྱི་ལམ་ནས་དཔེ་འགོད་དང་གཟུགས་འགོད་བྱེད་ཡོད་པས་རྩོམ་རིག་གི་རོ་ཉམས་ཆེར་ལྡན་པ་མ་ཟད །རྩོམ་པ་པོས་སྤྱིར་བཏང་གི་ཚིག་སྦྱོར་ཙམ་ལ་བརྟེན་ནས་རྒ་བའི་སྡུག་བསྔལ་གྱི་ངོ་བོ་སྟོན་པ་ཙམ་ནི་མ་ཡིན་པར།རྗོད་བྱེད་ཚིག་ཆེས་ཉམས་མཚར་བའི་སྒོ་ནས་བརྗོད་བྱ་གསལ་བར་སྟོན་ཅིང་དོན་གྱི་གནད་འདྲིལ་བ།དཔེར་ན“བལྟ་འདོད་ཟིམ་ཟིམ་མང་བ་འདི།།མིག་ཏུ་དུ་བ་སོང་བ་མིན།།དབང་བོ་ཉམས་པའི་རབ་རིབ་ཀྱིས།།བསྒྲིབས་ནས་བྱ་ཐབས་ཟད་པ་ཡིན།།ཁ་ཆུ་ཐར་ཐར་བྱེད་པ་འདི།།ས་ལ་ཆག་ཆག་འདེབས་པ་མིན།།སྔོན་སྤྱད་ལོངས་སྤྱོད་ཐམས་ཅད་ལ།།ཞེན་ལོག་ཐུད་ཀྱིས་འདེམས་པ་མིན།།”ཞེས་དང“དད་ཟས་དཀོར་ཟས་མ་ཟོས་ཤིང་།།དང་ཚིག་སྡོམ་པ་ཚུལ་བཞིན་བསྲུངས།།ཐོས་བསམ་སྒོམ་པ་བྱས་ཡོད་ན།།ནམ་ཞིག་ཤི་ཡང་སྐྱིད་པ་ཡིན།།”ཞེས་དང་།“རྒ་བའི་སྡུག་བསྔལ་གཡོ་ཅན་འདིས།།འཇབ་ནས་འོངས་ཏེ་ཅར་གྱིས་མནན།།”ཞེས་སོགས་རིམ་པ་བཞིན་ཟུང་ལྡན་གྱི་རྒྱན་དང་རང་བཞིན་བརྗོད་པའི་རྒྱན།དཔེ་རྒྱན།གཟུགས་རྒྱན་སོགས་སྤྱིར་བཏང་གི་རྒྱན་མང་བོ་བཀོད་སྤྱོད་བྱེད་ཡོད་པས།དེ་དག་གིས་དྲང་ཕྱོགས་ལྡོག་ཕྱོགས་གཉིས་སུ་ཕྱེ་བའི་མི་སྣའི་བར་གྱི་གཏམ་གླིང་དང་སྣང་བརྙན་སོགས་གསོན་ཉམས་ཅན་དུ་བཏང་བས་ཀློག་སྤྲོ་ཞིང་གོ་བདེ་བར་བྱེད་ཡོད་པ་དང་།ཆོས་ཀྱི་གནས་ལུགས་དང་མཐུན་པའི་ཆ་ནས་བླང་དོར་གཏན་འབེབས་དང་སྤྱོད་ངན་མཚང་འབྱིན་བྱེད་པར་བླ་ལྷག་གི་ནུས་བ་ཐོན་ཡོད་པས་འབེལ་གཏམ་རྩོམ་རིག་གིས་ལེགས་སྐུལ་ཉེས་དོར་གྱི་དམིགས་ཡུལ་ཡོངས་སུ་འགྲུབ་པར་བྱེད་ཡོད།

༢ཚིག་སྦྱོར་གྱི་ཐད་ནས།

སྙན་འགྲེལ་དབྱངས་ཅན་དགྱེས་བའི་རོལ་མཚོ་ལས“མི་རྣམས་ཀྱིས་ཁ་ཅིག་རྩོམ་གཤིས་ཚིག་དྭངས་ཤིང་གསལ་ལ་དགའ་བ་འདི་ནི།ལྷོ་ཕྱོགས་བེ་དརྦྷེའི་ཉམས་འདོན་ལུགས་ལ་མོས་པའི་བག་ཆགས་ཅན་ཡིན་ནོ།།ཡང་ཁ་ཅིག་རྩོམ་གཤིས་དེ་ཧ་ཅང་ཤེས་སླ་བ་མ་ཡིན་པར་ཅུང་ཟད་ཁ་དམ་པའི་སྙན་ངག་ལ་དགའ་བ་ནི་ཤར་ཕྱོགས་གོ་ཌྰུ་པའི་ལུགས་ལ་མོས་བ་ཅན་དུ་གཤིས་སུ་འབྱུང་བའོ།།”ཞེས་གསུངས་པ་ལྟར་སྔར་རྒྱ་གར་ལ་རྩོམ་གཤིས་གྲགས་ཆེ་བ་གཉིས་སུ་སྣང་བ་ལྟར་བོད་ལའང་དེའི་ཤན་ཤུགས་ཡོད་པ་ལས།གུང་ཐང་བསྟན་པའི་སྒྲོན་མེ་མཆོག་ནི་བཅུ་ཕྲག་རིག་པའི་གནས་མཐའ་དག་ལ་མངའ་བརྙེས་ཤིང་འཆད་རྩོད་རྩོམ་གསུམ་གྱི་ལུས་ལ་མཆོག་ཏུ་མཁས་པ།སྒོ་ཐམས་ཅད་ནས་འགྲན་ཟླ་དང་བྲལ་བའི་མཁས་པའི་གོ་འཕང་མཐོ་པོར་གཤེགས་པ་ཞིག་གོ།དེ་ཡང་རྣམ་ཐར་ལས་གསུངས་བ་ལྟར་ཁོང་སྐུ་ན་གཞོན་པའི་དུས་སུ་རྒྱ་གར་ལྷོ་ཕྱོགས་པའི་ཁ་དམ་པའི་ལུགས་ལ་མོས་ཤིང་།ཕྱིས་སུ་རིམ་བཞིན་རྒྱ་གར་ཤར་ཕྱོགས་པའི་ཁ་གསལ་ཞིང་རྩོམ་གཤིས་དྭངས་བའི་ཐུགས་སུ་སོང་བས།ཁོང་གི་ཚིག་སྦྱོར་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན།རྗེ་ཤེས་རབ་རྒྱ་མཚོས་ཀྱང་རྗེ་གུང་ཐང་པའི་རྩོམ་གཤིས་ལ་གདེང་འཇོག་མཛད་སྐབས།ཉི་མའི་འོད་ལམ།ཨ་རུ་རྣམ་རྒྱལ།དཔའ་བོའི་མཚོན་ཆ།བཟོ་བའི་རྣོ་འབིགས།དགེ་སྡུག་ཤན་འབྱེད།བདེན་སྨྲ་དྲང་སྲོང་།དཔའ་བོའི་ཁ་ཆེམས།མེས་པོའི་ཚངས་ཐིག སེང་གེ་ང་རོ་སོགས་སུ་ཡང་ཡང་བསྔགས་པ་མཛད་པས་མཚོན་ནོ།།<<ཉམས་མྱོང་རྒན་པོའི་འབེལ་གཏམ>>འདི་ནི།ཁོང་ན་ཚོ་རྒན་པའི་དུས་སུ་བརྩམས་པ་ཡིན་པས།རྩོམ་གཤིས་དྭངས་ཤིང་ཁ་གསལ་བ།ཚིག་སྦྱོརམབདེ་ཞིང་འཇམ་ལ་གོ་སླ་བ།སྙན་འཇེབས་སྟོང་གིས་ཕྱུག་པསཡིན་དབང་འཕྲོག་ལ་འཛིན་བདེ་པས་ཁྱད་ཆོས་ལྡན་མ་དཔེར་ན།།བརྒྱུགས་གྱི་ལིང་རྟ་ཡང་ཟིན།།བཟུང་ན་བྱང་ཁའི་འབྲོང་ཡུ་ཐུབ།།ཡང་ཟོར་ནམ་མཁའི་བྱ་དང་མཚུངས།མཛེས་བ་ལྷ་ཕྲུག་གཞོན་ནུ་འདྲ།།  ཞེས་དང་།  སྐྲ་ལོ་དུང་ལྟར་དཀར་བ་འདི།།ནག་ནོག་དྲི་མ་དག་པ་མིན།།འཆི་བདག་མཆིལ་མའི་རྒྱང་མདའ་དེ།།བ་མོའི་ཟོལ་གྱིས་བབས་པ་ཡིན།  ཞེས་དང་།  བྱ་སྤྱོད་ཐམས་ཅད་འགྱུར་བ་འདི།།ཅོ་ཆུང་གང་དྲན་བྱེད་པ་མིན།།རྒསམཔའི་གདོན་གྱིས་ཟིན་པ་ཡིས།།རང་འདོད་རང་ན་མེད་པ་ཡིན།།  ཞེས་བྱ་དངོས་གྱི་ཆོས་ཉིད་གསལ་བར་བསྟན་ཞིང་དོན་གྱི་གནད་འབྱིན་ནོ།ཡང་“ཡོག་ལུ་ཤ་དར་ཁྲག་དར་གྱི།།འཕུར་མ་ལྡང་ཁྱོད་ང་ལ་ཉོན།།ཁྱོད་ལ་ཆོས་ཀྱི་རེ་བ་མེད།།དོན་མེད་ཁ་བཤད་ཉི་མ་འཕུལ།།དེ་བས་ཁྱོད་རང་ཡུལ་དུ་སོང་།།རྒན་པོ་མ་ནི་འདོན་དུ་ཆུག།”“རྒན་གཞོན་མཐོ་དམན་ཐམས་ཅད་ཀྱི།།ལས་འཕྲོ་རྩིད་སྐུད་བྲེགས་པ་བཞིན།།ཟད་དེ་བཞག་ནས་འགྲོ་ཀུན་སྣང་།།དེ་དུས་མི་བསྐྱུར་ཐབས་མེད་ཡིན།།གནས་ལུགས་མི་ཆོད་དབང་མེད་ཡིན།།ནམ་རྐྱང་བསྐྱུར་ནས་འགྲོ་བ་ལ།།ད་ལྟ་བསྐྱུར་ན་དོན་ཡོད་ཡིན།།”ཞེས་སོགས་ཚིག་སྦྱོར་ཧྲིལ་བོ་ཡུལ་སྐད་ལ་ཕྱོགས་ཆེ་ཞིང་སྲིད་པ་རྒན་པོའི་ཁ་དཔེ་རེ་འགའ་བཀོད་ཡོད་པས་སྐབས་ཀྱི་དོན་གནད་ཕིག་པར་སྟོན་པ་ལ་ཚིག་སྦྱོར་ཀྱི་ནུས་བ་ཆེས་ཆེར་ཐོན་ཡོད་དོ།།

བཞི་པ། མཇུག་གི་གཏམ།

གོང་དུ《ཉམས་མྱོང་རྒན་པོའི་འབེལ་གཏམ》གྱི་ཁྱད་ཆོས་ལ་རང་བློས་ལྕོགས་ཙམ་གྱིས་དཔྱད་པ་བཏང་བ་འདི་ལས་འབེལ་རྩོམ་སྤྱིའི་ཁྱད་ཆོས་མཐོང་ཐུབ་སྟེ།འབེལ་གཏམ་རྩོམ་རིག་ཀྱང་རྩོམ་ལུས་གཞན་དང་འདྲ་བར་རང་སྐྱ་འཕེལ་བ་ཞིག་ཡིན་པ་དང་།འདིའི་འབྱུང་ཁུངས་དང་བྱུང་ལུགས།རྩིབའི་ཁྱད་ཆོས་སོགས་རང་གི་ཐུན་མོམ་མ་ཡིན་པའི་ཁྱད་ཆོས་ཅན་ཡིན་པའི་བོད་ཀྱི་རྩོམ་ལུས་བྱེ་བྲག་པ་ཞིག་ཏུ་ངོས་འཛིན་རྒྱུ་ནི་ཁ་ཚ་དགོས་སྟུག་གོ།དེ་ཡང་བླང་དོར་གྱི་གནས་ལ་འདོན་པའི་རྩོམ་རིག་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་ཏེ།“བླང་དོར་གྱི་གནས་ལ་འདོན་པའི་བརྩམས་ཆོས་ཚང་མ་རྩོམ་པ་པོས་གཙོ་ཆེར་རང་བཞིན་བརྗོད་པའི་ཐབས་ལ་བརྟེན་ནས།དེ་སྐྱོན་དང་འདོར་བྱ།འདི་ཡོན་ཏན་དང་བླང་བྱ་ཞེས་ཐད་གར་དམར་རྗེན་དུ་སྟོན་ཅིང་རྗོད་བྱེད་ལ་སྒྱུ་རྩལ་གྱི་རོ་བཅུད་དང་ལྡན་པ་ཞིགརེད།”9ཅེས་གསུངས་བ་ལྟར་བླང་དོར་གྱི་གནས་འདོམས་པའི་རྩོམ་རིགས་ཀྱིས་མི་རྣམས་ལ་བླང་བྱ་དང་སྤང་བྱ་གསལ་བར་སྟོན་པ་ནི་ཐུན་མོང་གི་ཁྱད་ཆོས་ཡིན་པ་དང་།བླང་དོར་གྱི་གནས་འདོམས་པའི་རིགས་ལ་བྱེ་བྲག་གི་ལུས་དུ་མ་ཡོད་པ་ལས།དེ་དག་ལ་རང་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་ཡང་ཕན་ཚུན་བར་དུ་གྲིས་བཅད་པ་ལྟ་བུའི་དབྱེ་བ་ཞིག་འབྱེད་དཀའ།ཡིན་ཡང་འབེལ་གཏམ་རྩོམ་རིག་གིས་གཙོ་བོ་འཇིག་རྟེན་འཚོ་བའི་ཁྲོད་དུས་རྒྱུན་མཐོང་ཐུབ་པའི་མི་དགོས་ལས་བྱེད་པ་ལ་བཀག་འགོག་དང་ཆོས་ཁཀྱི་ལནས་ལུགས་གང་ཞིག་དང་།བླང་དོར་གྱི་ཆ་གང་ཞིག་གཏན་འབེབས་བྱེད་པ།གཞན་རབ་རྟོགས་གི་འབྲི་ཐབས་སྤྱད་ནས་སེམས་ཅན་འདབ་ཆགས་དང་སྲོག་ཆགས་མང་པོ་མི་སྣར་བསྒྱུར་ཡོད་པ་ནི་ལེགསམབཤད་དང་བསླབ་བྱ་སོགས་ལས་ཁྱད་པར་ཆེ་བའི་གནད་ཀྱང་ཡིན་ནོ།།སྤྱི་ལོ་དུས་རབས་བཅུ་དགུ་པར་གུང་ཐང་བསྟན་པའི་སྒྲོན་མེ་མཆོག་གིས《ཉམས་མྱོང་རྒན་པོའི་འབེལ་གཏམ》རྩོམ་འབྲི་བྱེད་པ་དང་།བོད་ཀྱི་རྩོམ་རིག་ལོ་རྒྱུས་སྟེང་སྔར་ན་མེད་པའི་རྩོམ་ལུས་ཤིག་གསར་སྟོད་བྱེད་པས།ཕྱིས་ཀྱི་མཁས་བ་དག་གིས་ཆར་རྗེས་ཀྱི་་མོ་བརྡོལ་བ་བཞིན་འབེལ་གཏམ་རྩོམ་རིག་གི་བརྩམས་ཆོས་མང་བོ་བརྩམས་ཡོད་དེ།ལྖང་ཅན་བསོད་ནམས་རྒྱལ་པོས《རྒན་བྱིས་དར་གསུམ་གྱི་འབེལ་གཏམ་སྣང་བ་རབ་གསལ》དང་།འཁོར་བདེ་སྤྲུལ་སྐུ<<སྲིད་པའི་བྱ་སྒྲུང་འཛུམ་ཤོར>> །ལྷ་སྨོན་ཡེ་ཤེས་ཚུལ་ཁྲིམས་ཀྱིས་<<འབེལ་གཏམ་མཁས་པབཞད་པའི་སྒྲ་དབྱངས་>>།མཁས་དབང་ཚེ་ཏན་ཞབས་དྲུང་གིས་<<འབེལ་གཏམ་རྐང་ལ་ཟུག་པའི་མེ་ཙ>>དང་།<<བཙུན་པ་དང་ར་ལུག་གླང་གསུམ་གྱི་འབེལ་གཏམ>>སོགས་ཀྱིས་འབེལ་གཏམ་རྩོམ་རིག་གི་རྩོམ་སྟངསདང་ནང་དོན་་སོགས་ཕྱོགས་ཡོངས་ནས་ཆ་ཇེ་ཚང་ཅན་གྱུར་པར་བྱས་རྗེས་བླ་མེད་བཞག་ཡོད།གཞན་ཡང་འབེལ་གཏམ་རྩོམ་རིག་ལ་རྩོམ་ལ་རྩོམ་ལུས་གཞན་དག་གིས་ཤུགས་རྐྱེན་ཐེབས་ཡོད་པ་ཇི་བཞིན།འབེལ་གཏམ་ཁྲོད་ཀྱི་མི་སྣ་གཉིས་སམ་ཁ་གཏད་དུ་ལངས་པའི་དྲང་ཕྱོགས་དང་ལྡོག་ཕྱོགས་གཉིས་སུ་ཕྱེ་བ་ལས་གྲུབ་པའི་རྣམ་པ་འདི་ལྟ་བུའི་རྩོམ་ཐབས་བོད་ཀྱི་ཕྱིས་འབྱུང་གི་བརྩམས་ཆོས་ཇི་སྙེད་ལས་འབྱུང་ཡོད་པ་སྟེ།ཙ<<བྱ་སྤྲེལ་གཏམ་རྒྱུད>>དང<<རྫ་ཙིག་གཏམ་རྒྱུད>><<གཏམ་པད་མའི་ཚལ་གྱི་ཟློས་གར>>སོགས་སུ་སྤྱད་ཡོད་པ་བཞིན་འབེལ་གཏམ་རྩོམ་རིག་གིས་བོད་ཀྱི་རྩོམ་རིག་གཞན་དག་ལ་ཤན་ཤུགས་ཟབ་མོ་ཐེབས་ཡོད་པ་རྟོགས་ཐུབ་པ་དང་དེང་ཉེ་རབས་ཀྱི་སྨྱུག་ཐོགས་པ་འགས་ཆེད་དུ་འབེལ་གཏམ་རྩོམ་རིག་ལ་དཔྱད་པའང་བཏང་ཡོད་དོ།  །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1