༄༅།། རྩྭ་ཕྱེ་ལས་སྣོན་གྱི་ལག་རྩལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 10-25


        སྤུས་ལེགས་ཅན་གྱི་རྩྭ་ཕྱེ་ནི་རྒྱུ་ཆའི་འཚོ་བཅུད་འདྲེས་ཚད་དང་ལས་སྣོན་གྱི་ལག་རྩལ་དང་བཟོ་རྩལ་སོགས་ལ་རག་ལས་ཡོད། རྩྭ་ཕྱེ་ཐོན་སྐྱེད་བྱེད་སྐབས་དེའི་འཚོ་བཅུད་རྫས་ཀྱི་གྱོང་གུད་ལ་གཟབ་ནན་དམ་པོར་བྱེད་དགོས། མིག་སྔར། རང་རྒྱལ་གྱི་ཐོན་སྐྱེད་ཁྲོད་དང་པོ་རྩྭ་སྐམ་སྒྲིག་སྦྱོར་དང་དེ་ནས་རྩྭ་ཕྱེ་ལས་སྣོན་བྱེད་པའི་ཐབས་ཤེས་སྤྱོད་བཞིན་ཡོད། རྩྭ་ཕྱེ་ལས་སྣོན་བྱེད་པའི་སྐབས་བརྔ་བསྡུ་གནོན་བཙིར་འཕྲུལ་འཁོར་དང་། སྲོ་སྐམ་འཕྲུལ་འཁོར། ཞིབ་འཐག་འཕྲུལ་འཁོར་དང་གཞན་པའི་ཞོར་གཏོགས་སྒྲིག་ཆས་སོགས་དགོས། རྩྭ་ཕྱེ་ལས་སྣོན་གྱི་དུས་རིམ་ལ་དང་པོ་བརྔ་བསྡུ་བྱེད་པ་དང་། དེ་ནས་རྒྱུ་ཆ་གཅོད་གཏུབ། སྐྱེལ་འདྲེན། བསིལ་སྐམ། ཞིབ་འཐག །རིགས་དགར་པ། དེ་ནས་གྲུབ་རྫས་ཐུམ་རྒྱག་པ་དང་གསོག་ཉར་བྱེད་པ་སོགས་ཀྱི་ལས་རིམ་ནི་གཟན་ཆས་ལེགས་འགྲུབ་བྱུང་བའི་ལས་རིམ་གཙོ་བོ་ཡིན།

(གཅིག)རྒྱུ་ཆ།
        སྤུས་ལེགས་ཅན་གྱི་རྩྭ་ཕྱེ་ལས་སྣོན་བྱེད་པའི་རྒྱུ་ཆ་གཙོ་བོ་ནི་ཐོན་ཚད་མཐོ་བའི་སྲན་རིགས་གཟན་རྩྭ་ཡིན། དཔེར་ན་སོ་མང་མེ་ཏོག་སྨུག་པོ་ཅན་དང་། ཧྲ་ཏ་ཝང(沙打旺)དང་རྩྭ་ཀུའེ་ཧྭ། རྩྭ་འདབ་གསུམ། སྲན་དམར། རི་སྐྱེས་སྲན་མ། གཞན་སྲན་རིགས་དང་སྙེ་མ་རིགས་ཅན་བསྲེས་འདེབས་བྱས་པའི་གཟན་རྩྭ་སོགས་ཡིན། ཤིང་གི་རྒྱུའི་འདྲེས་ཚད་མཐོ་(10%ལས་མཐོ)ཞིང་ཚི་སྣ་རྩིང་པོའི་འདྲེས་ཚད་33%ཡན་འདྲེས་པའི་སྡོང་རྐང་སྦོམ་པའི་གཟན་རྩྭ་དེ་དག་རྩྭ་ཕྱེ་ལས་སྣོན་བྱེད་འོས་པའི་རྒྱུ་ཆ་མིན། སྙེ་མ་རིགས་ཅན་གྱི་གཟན་རྩྭའི་འཚོ་བཅུད་སྲན་རིགས་གཟན་རྩྭ་དང་བསྡུར་ན་ཅུང་ཞན་ལ། འོན་ཀྱང་སྙེ་མ་རིགས་ཅན་གྱི་གཟན་རྩྭའི་ནུས་ཚད་མཐོ་ཞིང་ལྷག་པར་དུ་སྒྲིག་སྦྱོར་བྱེད་དུས་ཆག་སྐྱོན་འབྱུང་དཀའ་བ་དང་ལོ་མ་མི་ལྷུང་བའི་ཁྱད་ཆོས་ཡོད། གནམ་གཤིས་བཟང་བའི་དུས་ལ་གཟན་རྩྭ་སྒྲིག་སྦྱོར་བྱས་ན་སྐམ་ཚད་ཆ་སྙོམས་ཞིང་རུལ་སུངས་སུ་མི་འགྲོ་བ་ལ་ཕན་པ་ཡོད། སྲན་རིགས་གཟན་རྩྭ་ལ་སྤྲི་དཀར་དང་འཚོ་བཅུད། གཏེར་རྒྱུ་སོགས་འཚོ་བཅུད་སྣ་མང་ལྡན་པས་མང་ཆེ་ཤོས་གཟན་རྩྭ་ལེགས་ཤོས་ཀྱི་ཁོངས་སུ་འདུས། འོན་ཀྱང་སྒྲིག་སྦྱོར་བྱེད་དུས་སྐམ་ཚད་ཆ་མི་སྙོམས་པ་དང་གནོན་སྐྱོན་འབྱུང་སླ་བ། ལོ་མ་ལྷུང་བ་སོགས་གྱོང་གུད་ཀྱང་ཧ་ཅང་ཆེ། གཞན་སྲན་རིགས་གཟན་ཆས་སྡོང་རྐང་ནང་དུ་ཆུའི་འདྲེས་ཚད་མཐོ་བས་གནམ་གཤིས་མི་དྭངས་པའི་དུས་སུ་སྒྲིག་སྦྱོར་བྱས་ན་རུལ་སུངས་སུ་འགྲོ་བའི་ཉེན་ཁ་ཡོད། རྩྭ་ཕྱེ་ཐོན་སྐྱེད་བྱེད་དུས་འདེབས་རྩྭ་དང་མཉམ་སྡེབ་བྱས་ནས་རྐྱང་འདེབས་དང་བསྲེས་འདེབས་བྱེད་དགོས། བསྲེས་འདེབས་བྱེད་དུས་སྤུས་ལེགས་སྲན་རིགས་དང་སྔོ་རྩྭ་སྡུར་ཚད་ངེས་ཅན་ཞིག་རྒྱུན་འཁྱོངས་བྱེད་དགོས་ལ། སྐམ་པོ་བྱས་ཏེ་འཇལ་ན་1/3ལས་ཉུང་མི་རུང་། འཚོ་བཅུད་མི་འདྲ་བ་འཛོམས་པའི་རྨང་གཞིའི་སྟེང་ནས་དུས་རིམ་སོ་སོའི་སྔོ་རྩྭ་དང་མཉམ་སྡེབ་བྱས་ནས། འཚོ་བཅུད་ཕན་ཚུན་བརྒྱུད་སྤྲོད་དང་མ་བཅོས་རྒྱུ་ཆ་བར་མི་ཆད་པར་མཁོ་འདོན་བྱེད་ཐུབ་དགོས། གསལ་བསྒྲགས་ལྟར་ན། འཛམ་གླིང་ཡོངས་ཀྱི་རྩྭ་ཕྱེའི་ཁྲོད་དུ་འབུ་སུ་ཧང་དང་འབུ་སུ་ཧང་སྐམ་པོ་ལས་བཟོས་པའི་རྩྭ་ཕྱེ་ཡི་95%ཟིན་འདུག །དེ་ལས་འབུ་སུ་ཧང་ནི་རྩྭ་ཕྱེ་ཐོན་སྐྱེད་བྱེད་པའི་མ་བཅོས་རྒྱུ་ཆ་གལ་ཆེན་ཞིག་ཡིན་པ་ཤེས་ཐུབ།

(གཉིས།)རྒྱུ་ཆ་བརྔ་བསྡུ་དང་གཟན་རྩྭ་ཅུང་སྐམ།
        རྒྱུ་ཆ་བརྔ་བསྡུ་བྱེད་དུས་ཀྱི་སྔ་ཕྱི་ནི་གཟན་རྩྭའི་རྒྱུ་སྤུས་བཟང་ངན་གྱི་ཆ་རྐྱེན་གཙོ་བོ་ཡིན་པས། གཟན་རྩྭ་བརྔ་བསྡུ་བྱེད་དུས་ངེས་པར་དུ་རྩྭའི་འཚོ་བཅུད་ཆེས་མཐོ་བའི་དུས་སུ་འབྲེག་དགོས། སྤྱིར་སྲན་རིགས་གཟན་རྩྭ་གང་བུ་གཏོང་འགོ་ཚུགས་དུས་ཐེངས་དང་པོ་བརྔ་བསྡུ་བྱེད་པ་དང་དེ་རྗེས་གང་བུ་མཇུག་རྫོགས་དུས་བརྔ་བསྡུ་བྱེད་དགོས། སྙེ་མ་རིགས་ཅན་གྱི་གཟན་རྩྭ་སྙེ་མ་མ་བཏང་གི་སྔོན་ལ་བརྔ་བསྡུ་བྱེད་དགོས། གཟན་རྩྭ་བརྔ་བསྡུ་བྱེད་པའི་འོས་འཚམས་ཀྱི་དུས་འདས་པས་ན་རྩྭ་ཕྱེ་ཁྲོད་ཀྱི་ཚི་སྣའི་རྒྱུ་ཇེ་མཐོ་དང་། ལ་སེར་རྒྱུ་དང་སྤྲི་དཀར་གྱི་འདྲེས་ཚད་ཇེ་ཉུང་དུ་སོང་ནས་རྩྭ་ཕྱེའི་རྒྱུ་སྤུས་ཀྱང་ཇེ་ཞན་དུ་འགྲོ་ངེས་ཡིན། མིའི་ཐབས་ཤེས་ལ་བརྟེན་ནས་གཟན་རྩྭ་སྐམ་དུས་མཉམ་འབྲེལ་བརྔ་བསྡུ་འཕྲུལ་འཁོར་བེད་སྤྱོད་བྱས་ནས་བརྔ་བསྡུ་དང་གཅོད་གཏུབ་སོགས་ལས་རིམ་རྣམས་དུས་མཉམ་དུ་ལས་ན་བཟང་། འཕྲུལ་འཁོར་གྱིས་གཟན་རྩྭ་བརྔ་བསྡུ་བྱས་ཚེ་གནམ་གཤིས་སོགས་ཀྱིས་གནོད་པ་མི་ཕོག་པར་མ་ཟད་རྩྭའི་རྒྱུ་སྤུས་ལ་ཡང་གྱོང་གུད་ཆེན་པོ་མེད་པར་གསོག་ཉར་བྱེད་ཐུབ། སྤྱིར་སྔོ་གཟན་ལ་ཆུ་འདྲེས་ཚད་ཅུང་མཐོ་བས་གནམ་གཤིས་དྭངས་བའི་དུས་ལ་བརྔ་བསྡུ་བྱས་ན་གཟན་རྩྭ་དུས་ཚོད3~5བར་མ་གཏོགས་སྐམ་མི་དགོས། དེ་ཙམ་གྱིས་རྒྱུ་ཆའི་ཆུ་འདྲེས་ཚད་60%ཙམ་ལ་གཏོང་ཐུབ། སྡོང་རྐང་སྦོམ་པའི་གཟན་རྩྭ་བཙིར་གནོན་བྱེད་དགོས་པ་དེ་སྐམ་ལས་ལའང་ཕན་པ་ཆེན་པོ་ཡོད།

(གསུམ།)གཅོད་གཏུབ།
        གཟན་རྩྭ་གཅོད་གཏུབ་བྱེད་རྒྱུ་ནི་གཟན་རྩྭ་གསོག་ཉར་ཞིབ་འཐག་སོགས་བརྒྱུད་རིམ་གཞན་པའི་རྨང་གཞི་ཡིན། འོན་ཀྱང་གཟན་རྩྭ་ཁ་ཤས་བརྔ་བསྡུ་བྱས་རྗེས་གཅོད་གཏུབ་བྱེད་མི་དགོས་པར་ཐད་ཀར་ཞིབ་འཐག་བྱ་ཆོག །

(བཞི།)གཟན་རྩྭ་སྐམ་ཐབས།
        གཟན་རྩྭ་སྐམ་པའི་ཐབས་ལ་རང་བྱུང་ནུས་ཤུགས་ལ་བརྟེན་ནས་སྐམ་པ་དང་མཉམ་བསྲེས་བཞའ་སྐམ། དྲོད་ཚད་མཐོ་དྲག་ལ་བརྟེན་ནས་སྐམ་པ་སོགས་ཐབས་ཤེས་འདྲ་མིན་སྣ་ཚོགས་ཡོད། འོན་ཀྱང་རྩྭ་ཕྱེའི་འཚོ་བཅུད་གྱོང་གུད་མི་གཏོང་བའི་ཆེད་དུ་དུས་རྒྱུན་དྲོད་ལ་བརྟེན་ནས་སྐམ་པའི་ཐབས་བེད་སྤྱོད་བྱེད་པ་མང་། དེ་ནི་གཅོད་གཏུབ་བྱས་ཟིན་པའི་གཟན་རྩྭ་སྲོ་སྐམ་འཕྲུལ་འཁོར་ནང་དུ་བླུགས་ནས་འཕྲུལ་ཆས་ཀྱིས་དྲོད་ཚད་ལ་བརྟེན་ནས་རྒྱུ་ཆའི་ཆུ་འདྲེས་80%ནས་མྱུར་དུ་15%མན་སླེབས་ཐུབ། གཟན་རྩྭ་སྐམ་པའི་དུས་ཚོད་རིང་ཐུང་ནི་འཕྲུལ་འཁོར་གྱི་བྱེད་ནུས་ལ་རག་ལས་ཡོད། སྲོ་སྐམ་འཕྲུལ་ཆས་ཀྱིས་གཟན་རྩྭ་སྲོ་སྐམ་བྱེད་དུས་ཚ་ཚད་ཤིན་ཏུ་མཐོ་རུང་གཟན་རྩྭའི་རྒྱུ་ཆའི་ཚ་ཚད35℃ལས་ཐོན་མེད་པས་འཚོ་བཅུད་གྱོང་གུད་ཧ་ཅང་ཉུང་། གཟན་རྩྭ་སྐམ་པའི་ཐབས་ལམ་མི་འདྲ་བས་རྩྭ་ཕྱེའི་བཅུད་ཀྱི་འདྲེས་ཚད་མི་འདྲ། དཔེར་ན་འབུ་སུ་ཧང་གི་རྩྭ་་ཕྱེ་སྒྲིག་སྦྱོར་བྱེད་ཐབས་ལའང་ཉི་འོག་ནས་སྐམ་པ་དང་སྲོ་སྐམ་འཕྲུལ་འཁོར་གྱིས་སྐམ་པ་བཅས་རིགས་གཉིས་ཡོད། དེར་བརྟེན། གཟན་རྩྭའི་ནང་འདྲེས་པའི་འཚོ་བཅུད་སྣ་ཚོགས་ཀྱང་སྐམ་ཐབས་མི་འདྲ་བ་དང་བསྟུན་ནས་འདྲ་མིན་གྱི་འགྱུར་ལྡོག་ཡོད།

(ལྔ།)སྲན་རིགས་གཟན་རྩྭའི་སྡོང་རྐང་དང་ལོ་མ་བགོ་ཐབས།
        སྲན་རིགས་གཟན་རྩྭ་སྔོ་སྐམ་བྱེད་པའི་དུས་སུ་ལོ་མ་ལྷུང་བ་དང་འཚོ་བཅུད་ཤོར་བའི་གནད་འགག་ཐག་གཅོད་བྱེད་པའི་ཆེད་དུ་སྔོ་སྐམ་བྱེད་དུས་སྡོང་རྐང་དང་ལོ་མ་སོ་སོར་ཕྱེ་བའི་ལས་སྣོན་ལག་རྩལ་བེད་སྤྱོད་བྱ་ཆོག །སྤྱིར་ཡིན་ན་སྔོ་སྐམ་དང་ལོ་མ་ལེན་པའི་བྱ་ལས་གཉིས་དུས་གཅིག་ཏུ་ལས་དགོས། རྒྱུ་མཚན་ནི་དེ་ལྟར་དུས་རིམ་བཞིན་ལག་ལེན་མ་བྱས་ན་བརྔ་བསྡུ་བྱས་ནས་དུས་ཡུན་ཅུང་འགོར་ན་སྡོང་རྐང་གི་ཆུ་འདྲེས་ཚད་ཇེ་མཐོར་སོང་ནས་སྡོང་རྐང་དང་ལོ་མ་སོ་སོར་ཕྱེ་དཀའ་བར་འགྱུར་ངེས་ཡིན། སྡོང་རྐང་དང་ལོ་མ་སོ་སོར་ཕྱེ་ཟིན་པའི་སྔོ་མདངས་ལྡན་པའི་ལོ་མ་ནི་ཕོ་བ་རྐྱང་མ་ཅན་གྱི་སྒོ་ཕྱུགས་ཀྱི་སྤྲི་དཀར་དང་། འཚོ་བཅུད་སྦྱོར་བའི་གཟན་ཆས་བྱ་ཆོག །ལོ་མ་མེད་པའི་སྡོང་རྐང་དེ་དག་ནི་སྐྱུག་ལྡད་སྲོག་ཆགས་ཀྱི་གཟན་ཆས་དང་ཡང་ན་སྔོ་གཟན་གསོག་ཉར་གྱི་རྒྱུ་ཆ་བྱས་ཀྱང་ཆོག །

(དྲུག)གཟན་རྩྭ་ཞིབ་འཐག །
        གཟན་རྩྭ་ཞིབ་འཐག་ནི་གཟན་རྩྭའི་རྒྱུ་སྤུས་ལ་གནོད་པ་ཆེ་ལ་དེའི་ལས་སྣོན་ལག་རྩལ་གྱི་ཚད་ཀྱང་མཐོ། གཟན་རྩྭ་ཞིབ་འཐག་བྱས་ནས་སྒོ་ཕྱུགས་ལ་སྟེར་གསོ་བྱས་ན་ཕོ་བའི་འཇུ་ཚད་དང་བཅུད་ལེན་ཚད་སོགས་ལ་ཕན་པ་ཧ་ཅང་ཆེ། འོན་ཀྱང་ཞིབ་འཐག་གི་རིང་ཐུང་ནི་སྒོ་ཕྱུགས་ཀྱི་དགོས་མཁོ་དང་བསྟུན་དགོས། སྤྱིར་ཡིན་ན་ཁྱིམ་གསོ་བྱ་རིགས་དང་ཕག་ཕྲུག་གི་གཟན་ཆས་ཀྱི་རིང་་ཐུང་གི་ཚད་ནི་ཧའོ་སྨི་1~2བར་ཡིན་ལ། ཁ་གང་བའི་ཕག་གི་གཟན་ཆས་ཀྱི་རིང་ཐུང་ནི་ཧའོ་སྨི2~3ཡིན་ན་ཆོག །ནོར་ལུག་གི་གཟན་ཆས་ཀྱི་རིང་ཐུང་ལ་ཧའོ་སྨི2.5~5བར་ཡིན་དགོས། གཟན་ཆས་ཞིབ་འཐག་བྱེད་ཐུང་ན་དེའི་རྒྱུ་དངོས་སྐམ་པོ་དང་ཏན་རྫས་སོགས་འཇུ་ཚད་ལ་ཕན་པ་ཡོད། ཞིབ་འཐག་གི་ཐབས་ལ་ཡང་རྡོ་འཐག་དང་བརྡར་འཐག །བཅིར་འཐག །གཅོད་གཏུབ་སོགས་རིགས་མང་དུ་དབྱེ་ཡོད། ཞིབ་འཐག་བྱེད་ཐབས་གང་བེད་སྤྱོད་རྒྱུ་ནི་སྒོ་ཕྱུགས་ཀྱི་དགོས་མཁོ་དང་བསྟུན་ནས་འདེམ་དགོས་ལ། གཟན་རྩྭ་ཞིབ་འཐག་བྱས་རྗེས་དེའི་བཅུད་མི་ཤོར་བ་དང་སྐྱེལ་འདྲེན་སྟབས་བདེ་བའི་ཆེད་དུ་རྩྭ་ལེབ་ཅན་བཟོ་ཐུབ་ན་ལེགས་ཤོས་ཡིན།

གཉིས་པ། རྩྭ་ཕྱེ་གསོག་འཇོག་དང་བེད་སྤྱོད།

(གཅིག)རྩྭ་ཕྱེའི་གསོག་ཉར།
        རྩྭ་ཕྱེ་གསོག་ཉར་བཟང་ངན་གྱི་ཚད་དང་ཕྱེ་རིགས་གཟན་ཆས་ཀྱི་རྒྱུ་སྤུས་གཉིས་ལ་ཐད་ཀར་གྱི་འབྲེལ་བ་ཡོད། ཕྱེ་རིགས་གཟན་ཆས་ནི་ཞིབ་འཐག་བྱས་ཟིན་པའི་གཟན་ཆས་ཡིན་པས་དེ་གསོག་ཉར་དང་སྐྱེལ་འདྲེན་བྱེད་དུས་སྤྲི་དཀར་དང་འཚོ་བཅུད་གྱོང་གུད་མི་འགྲོ་བའི་ཐབས་ཤེས་སྤྱོད་དགོས། རྩྭ་ཕྱེ་གསོག་ཉར་ལ་རྒྱུ་ཆ་གསོག་ཉར་དང་ཐོན་རྫས་གསོག་ཉར་རིགས་གཉིས་ཡོད། རྒྱུ་ཆ་གསོག་ཉར་ཞེས་པ་ནི་རྩྭ་ཕྱེ་ཐད་ཀར་གསོག་ཉར་བྱེད་པ་ལ་ཟེར། དེ་ལ་ཡང་ཁུག་མ་དང་སིལ་མའི་གསོག་ཉར་བྱེད་ཐབས་གཉིས་ཡོད། སྐྱེལ་འདྲེན་བྱེད་དགོས་པ་དང་ཡང་ན་གསོག་ཉར་གྱི་དུས་ཚོད་མི་རིང་ན་ཁུག་མའི་ནང་གསོག་ཉར་བྱེད་དགོས། (སོ་སྒྱེ་དང་འགྱིག་རས་ཁུག་མ་སོགས་གང་རུང) རྩྭ་ཕྱེ་གཟན་ཆས་དུས་ཡུན་རིང་པོར་གསོག་ཉར་བྱེད་དགོས་ན་མཁའ་རླུང་མི་ཤོར་བའི་དོང་དང་སྣོད་རྫས་གཞན་དག་དུ་གསོག་ཉར་བྱེད་ཆོག །ཐོན་རྫས་རྩྭ་ཕྱེ་གསོག་ཉར་ནི་ཐད་ཀར་རྩྭ་ལེབ་ཅན་དུ་བཟོ་བ་དང་ཡང་ན་མཉམ་བསྲེས་གཟན་ཆས་སུ་བཟོ་དགོས། རྩྭ་ཕྱེ་ཐོན་སྐྱེད་བྱེད་པའི་དུས་སུ་དེའི་ནང་དུ་བརྟན་བརླིང་དང་སྲུང་སྐྱོང་སྦྱོར་རྫས་སྦྱར་ནས་བཙིར་གནོན་བྱས་ན་གཟན་ཆས་འཚོ་བཅུད་གྱོང་གུད་མི་ཡོང་བ་ལ་ཕན་པ་ཤིན་ཏུ་ཆེ། རྩྭ་ཕྱེ་གསོག་ཉར་བྱེད་པའི་ས་གནས་ནི་རླུང་འགྲོ་ཞིང་ས་ལ་བརླན་གཤེར་མེད་པ། ཉི་འོད་དང་བྱི་བས་གནོད་སྐྱོན་མི་འབྱུང་བའི་གནས་འདེམ་དགོས། གསོག་ཉར་གྱི་དུས་ཚོད་ནི་ཟླ་6གི་ནང་ཡིན་ན་རབ་ཡིན། གལ་ཏེ་ཡུན་རིང་པོར་གསོག་ཉར་བྱེད་དགོས་ན་གཤམ་གྱི་ལག་རྩལ་དང་ཐབས་ཤེས་ལ་བསྟེན་ནས་དེའི་འཚོ་བཅུད་མི་ཤོར་བ་ལ་སྔོན་འགོག་བྱེད་དགོས།

1.དྲོད་དམན་གསོག་ཉར།
        དྲོད་དམན་གསོག་ཉར་ལ་ཡང་དྲོད་དམན་དམ་སུབ་གསོག་ཉར་དང་དྲོད་དམན་སྐམ་པོའི་གསོག་ཉར་རིགས་གཉིས་ཡོད། དྲོད་དམན་དམ་སུབ་གསོག་ཉར་ནི་ཞིབ་འཐག་བྱས་པའི་རྩྭ་ཕྱེ་འགྱིག་རས་ཁུག་མའི་ནང་དུ་བླུགས་ནས་མཛོད་ཁང་ནང་ནས་ཉར་ཚགས་བྱེད་དགོས། དྲོད་ཚད3℃~9℃ཚད་བཟུང་ནས་གཟན་ཆས་ཀྱི་འཚོ་བཅུད་བརྟན་གནས་དང་དབྱེ་ཕྲལ་མི་འབྱུང་བར་བཟོ་དགོས། རང་རྒྱལ་བྱང་ཕྱོགས་ས་ཆས་དགུན་ཁའི་འཁྱགས་གྲང་ལ་བརྟེན་ནས་རང་བྱུང་གི་ཆ་རྐྱེན་འོག་ཏུ་གསོག་ཉར་བྱེད་ཆོག །སྐམ་སའི་གསོག་ཉར་བྱེད་དུས་རྒྱུ་ཆའི་ཆུ་འདྲེས་ཚད་13%~14%བར་ཡིན་ཚེ་དྲོད་ཚད15℃མན་ཡིན་དགོས་པ་དང་། ཆུ་འདྲེས་ཚད་15%ལྡན་དུས་དྲོད་ཚད་10℃མན་ཡིན་དགོས།

2.དམ་སུབ་ཁང་གི་རླུང་གཟུགས་སྒྲིག་སྦྱོར་ལ་བརྟེན་ནས་གསོག་ཉར་བྱེད་ཐབས།
        ཞིབ་འཐག་བྱས་ཟིན་པའི་གཟན་ཕྱེ་དམ་སུབ་ཁང་ནང་དུ་བླུགས་རྗེས་རླུང་བཟོ་འཕྲུལ་འཁོར་དང་མཁོ་འདོན་སྦུབས་ལམ་ལ་བསྟེན་ནས་སྣོད་སྤྱད་ནང་གི་ཏན་རླུང་འདྲེས་ཚད་85%~89%བར་དང་། དབྱང་གཉིས་ཐན་རྫས་10%~12%། དབྱང་རླུང་1%~3%བར་ཙམ་གྱི་ཁོར་ཡུག་སྐྲུན་དགོས། གསོག་ཉར་བྱེད་ཐབས་འདིས་རྒྱུ་ཆའི་འཚོ་བཅུད་མི་ཤོར་བའི་ཚད་ཧ་ཅང་མཐོ།

3.དབྱང་འགོག་དང་རུལ་སུངས་འགོག་སྨན་སྦྱར་ནས་གསོག་ཉར་བྱེད་ཐབས།
        རྩྭ་ཕྱེ་ཁྲོད་ཀྱི་ཚིལ་བུ་དང་འཚོ་བཅུད་སོགས་གཟན་ཆས་གསོག་ཉར་བྱེད་པའི་དུས་སུ་དབྱང་འགྱུར་བྱུང་བ་དང་བསྟུན་རྒྱུ་འགྱུར་བ་ཡིན། རྐྱེན་འདིས་གཟན་ཆས་ཀྱི་རྒྱུ་སྤུས་དང་སྒོ་ཕྱུགས་ཀྱི་བདེ་ཚད་དང་འཇུ་ཚད་ཀྱི་རིན་ཐང་ལ་གནོད་པ་ཆེན་པོ་ཡོད། གཟན་ཕྱེ་ཁྲོད་དབྱང་འགོག་དང་རུལ་སུངས་འགོག་སྨན་སྦྱར་ན་གོང་གི་སྐྱོན་དེ་དག་མི་ཡོང་པའི་ཕན་པ་ཡོད། རྒྱུན་སྤྱོད་ཀྱི་འགོག་སྨན་ལ་སྐྱུར་ཀལ་ག་པ་དང་(丙酸钙)། སྐྱུར་ཟངས་ག་པ(丙酸铜)། སྐྱུར་རྫས་ག་པ (丙酸) སོགས་ཡོད། དབྱང་འགྱུར་འགོག་རྫས་ལ་དབྱིང་ཀོས་ཁ་པ་དང་ཏིན་ཆོ་ཅ་པིན(丁羟甲苯)། ཏིན་ཆོ་ཅ་ཅི(丁羟甲氧苯)སོགས་ཡོད། རྩྭ་ཕྱེ་གཟན་ཆས་ནང་དུ་རྒྱུན་པར་0.5%~1% བར་གྱི་སྐྱེ་སྣུམ་སྦྱར་བཞིན་ཡོད་ལ། དེ་ནི་རྡུལ་གནོན་པའི་ཆེད་ཡིན། རྩྭ་ཕྱེ་ཁྲོད་ཀྱི་ལ་སེར་རྒྱུ་ཉར་ཚགས་བྱེད་ཆེད་ཤོག་བུའི་ཁུག་མ་ནག་པོ་བཀོལ་དགོས་ལ། མཛོད་ཁང་ལ་ཡང་རྩི་ནག་པོ་བྱུགས་དགོས། དེ་ལས་གཞན་སྐྱེལ་འདྲེན་བྱེད་པའི་དུས་སུ་ཉི་འོད་དང་ཆར་ཆུ་སོགས་ལ་ཡིད་གཟབ་བྱེད་དགོས།

(གཉིས།)རྩྭ་ཕྱེ་བེད་སྤྱོད།
        སྤྱིར་ཡིན་ན་རྩྭ་ཕྱེ་གཟན་ཆས་སྒོ་ཕྱུགས་ཀུན་གྱི་གཟན་ཆས་གཙོ་བོར་བཟུང་ནས་སྟེར་གསོ་བྱ་ཆོག་ལ། འོན་ཀྱང་རྩྭ་ཕྱེ་གཟན་ཆས་ཁྲོད་ཚི་སྣ་རྩིང་པོའི་འདྲེས་ཚད་མཐོ་བས་ཕག་དང་ཁྱིམ་གསོ་བྱ་རིགས་ལ་སྟེར་གསོ་མང་མི་རུང་། ཚད་དང་ལྡན་པའི་སྒོ་ནས་སྟེར་གསོ་བྱེད་དགོས། ཐོན་སྐྱེད་ཁྲོད་ཀྱི་ཉམས་མྱོང་ལྟར་ན་ཁྱིམ་བྱའི་གཟན་ཆས་ལས་བྱ་ཕོའི་གཟན་ཆས་ནང་རྩྭ་ཕྱེ་10%དང་བྱ་མོའི་གཟན་ཆས་ཁྲོད་16%ཡན་སྦྱོར་མི་འོས། གསོ་གཡག་གི་ཉིན་རེའི་གཟན་ཆས་ཀྱི་25%~45%ཙམ་དང་ཡང་ན་དེ་ལས་མང་ཙམ་སྦྱོར་ཆོག །བཞོ་འབྲི་ལ་ཉིན་རེའི་གཟན་ཆས་ཀྱི་50%ཙམ་ཟིན་ཆོག་ལ། ལུག་ལ་ཉིན་རེའི་གཟན་ཆས་ཀྱི་50%ཡན་ཟིན་ཆོག །རི་བོང་ལ་ཉིན་རེའི་གཟན་ཆས་ཀྱི་30%ལས་བརྒལ་མི་རུང་། སྤྱིར་ཡིན་ན་ཟླ2~4བར་གྱི་ཕག་ཕྲུག་ལ་ཉིན་རེ་གཟན་ཆས་ཀྱི་10%ལས་མི་འདས་པ་དང་། ཟླ་4~8ལོན་པའི་ཕག་གི་ཉིན་རེའི་གཟན་ཆས་ཀྱི་15%ལས་མཐོ་མི་རུང་། མངལ་སྦྲུམ་པའི་དུས་རྫོགས་པའི་ཕག་ཡིན་ན་ཉིན་རེའི་གཟན་ཆས་ཀྱི་10%གཡས་གཡོན་ཡིན་ན་ལེགས་ཤོས་ཡིན། ། 


རྩོམ་ཡིག་སྔོན་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1