༄༅།། གནས་ཆེན་ཀཾ་པོ་གངས་ཀྱི་ར་བ།

ཀརྨ་རྒྱལ་མཚན་ནས་བསྒྲིགས། ཀརྨ་བཀྲ་ཤིས་རྣམ་རྒྱལ་གྱིས་པར་བླངས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 10-25



ཀརྨ་རྒྱལ་མཚན་ནས་བསྒྲིགས། ཀརྨ་བཀྲ་ཤིས་རྣམ་རྒྱལ་གྱིས་པར་བླངས།

        ཀཾ་པོ་གངས་ཀྱི་ར་བའམ་ཀཾ་པོ་གནས་ནི། ལི་ཐང་རྫོང་སྔོན་གྱི་འགྲམ་སྣ་ཤང་རྫི་བ་གྲོང་ལ་ཆགས་ཡོད། མཚོ་ངོས་ལས་མཐོ་ཚད་ཆ་སྙོམས་སྨི་4100ལྷག་ཡོད། རྫོང་སྲིད་གཞུང་གི་གནས་ཡུལ་བྲག་ལེབ་མདོ་གྲོང་རྡལ་ནས་རྒྱང་ཐག་སྤྱི་ལེ་111ཙམ་ཡོད། ཤང་སྲིད་གཞུང་དང་བར་ཐག་སྤྱི་ལེ་22ཙམ་ཡོད། གནས་ནང་དུ་ཀརྨ་པ་དུས་གསུམ་མཁྱེན་པས་སྤྱི་ལོ་1163ལོར་བཏབ་པའི་གནས་སྒོ་དགོན་ཞེས་པ་ཡོད་ལ། རྒྱལ་བ་སྐུ་ཕྲེང་ལྔ་པའི་སྐུ་རིང་དུ་དགེ་ལུགས་པར་སྒྱུར། ད་ལྟའང་མ་ཉམས་པ་ཀཾ་པོ་གནས་ནང་དུ་ཡོད།

        གནས་འདི་ནི་ཨོ་རྒྱན་གྱི་མཁས་པ་པདྨ་འབྱུང་གནས་ཀྱིས་བཀོད་པའི་མདོ་བྱང་ལས། ཕྲིན་ལས་ཐུགས་ཀྱི་གནས་མཆོག་བསྟན་པ་ནི༔ བོད་ཀྱི་མདོ་ཁམས་བུ་འབོར་ཞེས་བྱ་རུ༔ བཀྲ་ཤིས་ཞེས་བྱ་བྲག་རི་མེ་འབར་འདྲ༔ དབུས་སུ་ཨོ་རྒྱན་བདག་གི་སྒྲུབ་ཕུག་དང༔ ཤར་གྱི་རི་བོ་གངས་ལ་སྤྱན་རས་གཟིགས༔ ལྷོ་ཡི་སྤེ་ནེ་རི་ལ་རྟ་ཕག་དང༔ ནུབ་ཀྱི་བྲག་དམར་རི་ལ་ཆེ་མཆོག་དང༔ བྱང་གི་དྷིས་ཀྱི་བྲག་ལ་ཕུར་པའི་སྐུ༔ དབུས་ཀྱི་བྲག་ལ་བཅུ་གཅིག་ཞལ་རང་བྱོན༔ དེ་རྣམས་ཀུན་གྱི་སྔགས་བྱང་ཡང་བྱང་བཞུགས༔ ཞེས་སོ། །ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་མཛད་པའི་མདོ་བྱང་གི་གསལ་བྱེད་ལས། ཕྲིན་ལས་ཐུགས་ཀྱི་གནས་བཀྲ་ཤིས་ཞེས་བྱ་བ་བུ་འབོར་སྒང་། ལི་ཐང་ས་ཕྱོགས་ཡིན་པས་ཡོད་པའི་ཕྱོགས་དང་བབས་ལ་དཔྱད་ན་ཀཾ་པོ་གངས་ར་ཡིན་འདྲ། ཞེས་པ་དང་། ཞྭ་དམར་ཆོས་ཀྱི་དབང་ཕྱུག་གི་གནས་ཡིག་རྒྱས་པ་ལས། གནས་འདིའི་ལོ་རྒྱུས་ཀྱི་དབང་དུ་བྱས་ན། ཐུན་མོང་གི་སྣང་ངོར་ཇི་ལྟར་ཡོད་ཚུལ། ཐུན་མོང་མ་ཡིན་པའི་རྣལ་འབྱོར་པའི་སྣང་ངོར་ཇི་ལྟར་ཡོད་ཚུལ། ཤིན་ཏུ་ཐུན་མོང་མ་ཡིན་པ་ལ་འཕགས་པ་ཆེན་པོ་རྣམས་ཀྱིས་གཟིགས་ངོར་ཇི་ལྟར་ཡོད་པ་དང་གསུམ་ལས། ཐུན་མོང་གི་སྣང་ངོར་ས་གཞི་ཐམས་ཅད་འཇམ་ཞིང་ངམ་གྲོག་དང་ཚེར་མ་དང་ཡིད་མི་འཐད་པའི་རང་རོད་མེད་པ། ནེའུ་སིང་གསར་པ་དང་ནགས་ཚལ་ཕུན་སུམ་ཚོགས་པས་ཁྱབ། འབབ་ཆུ་དྭངས་ཤིང་སྒྲ་སྙན་པ་འཁྱོག་པར་འབབ་པ། རྩ་བ་དང་ལོ་མ་སྡོང་པོ་དང་འབྲས་བུའི་བཟའ་བཅའ་མ་ཚང་བ་མེད་པ། རི་དྭགས་ཐམས་ཅད་བདེ་བར་ཕེབས་ཤིང་ཆོམ་རྐུན་དང་གཅན་གཟན་གྱིས་འཚེ་བ་མེད་པ། ནགས་རི་དང་བྲག་རི་དང་སྤང་རི་དང་གཡའ་རི་ལྷུན་སྡུག་ཅིང་མཛེས་པ། མཚོ་དང་རྫིང་བུ་དང་ལྟིིང་ཀ་དང་ལུ་མ་དང་ཆུ་ཕྲན་སྣ་ཚོགས་འབབ་པ། རྒྱ་བོད་ཧོར་གསུམ་གྱི་སྐྱེ་བོ་དད་ལྡན་གྱི་ཚོགས་དང་དོན་མཐུན་ཚང་བ་ཐམས་ཅད་དངོས་སུ་རྒྱུ་ཞིང་། རྟག་ཏུ་འདུ་འཛི་རྣམ་གཡེང་གིས་དབེན་པ། ཕུ་མ་ཤོར་ཞིང་མདའ་མ་རལ་བ། ཆོས་འདོད་ཆོས་བྱེད་པར་བཟང་ཞིང་ནོར་འདོད་ནོར་སྒྲུབ་པར་བཟང་། ཧ་ཅང་ཚ་བ་དང་གྲང་བའི་གནོད་པ་མེད་པ། ལྷ་ཡུལ་མཐོ་རིས་ཀྱི་འཇིག་རྟེན་ས་ལ་བབ་པ་ལྟ་བུ་སུམ་རྩེན་ལྷའི་གནས་མི་ཡུལ་ན་སྤྱོད་པ་ལྟ་བུ། ཡངས་ཤིང་རྒྱ་ཆེ་ལ་དབེན་ཞིང་ཉམས་དགའ་བ། སྤྲོ་ཞིང་ཁམས་དྭངས་པ། བདེ་ཞིང་བག་ཕེབས་པ། སྤྱིར་འདུག་པའི་གནས་སུ་བཟང་བ། སྒོས་སྒོམ་གནས་སུ་བཟང་བ། གོམ་པ་དོར་བ་ཙམ་གྱིས་སྡུག་བསྔལ་དང་མྱ་ངན་བརྗེད་པ་ནུས་པ། ས་གཞིའི་ཡོན་ཏན་ཐམས་ཅད་མ་འཛོམས་པ་མེད་པ། སྐྱོན་ཐམས་ཅད་མ་སྤངས་པ་མེད་པ། མི་ཡུལ་ཙམ་ན་རྙེད་པར་དཀའ་བ་ཐམས་ཅད་ཀྱི་དབང་པོའི་སྤྱོད་ཡུལ་དུ་གཟིགས་ཤིང་གསལ་བ་ཡིན་ལ། གནས་འདིའི་རི་བྲག་ནགས་ཚལ་ཐམས་ཅད་གཞི་ལམ་འབྲས་བུའི་བདེ་སྟོང་དབྱེར་མེད་ཀྱི་རྟགས་སུ་ཡོད་པས་ཀཱ་མ་རུ་པའམ་འདོད་པའི་གཟུགས་ཞེས་བྱ་བ་ཡིན། དེ་ཡང་གནས་ཉེར་བཞིའི་ནང་ནས་གསུང་གི་གནས་ཡིན། དེ་ལའང་ཐབས་ཀྱི་དགའ་བ་བཞི་དང་། ཤེས་རབ་ཀྱི་དགའ་བ་བཞི་སྒོམ་པའི་གནས་བརྒྱད་ཡོད་པ་ལས་དང་པོ་ཡིན། ངག་གི་ཐིག་ལེ་དང་རྨི་ལམ་གྱི་གནས་སྐབས་སྦྱོང་ཞིང་མཆོག་དགའ་བའི་ཡེ་ཤེས་བསྐྱེད་པ་དང་གསུང་རྡོ་རྗེའི་སྐལ་བ་འཇོག་པའི་ཞིང་ཡིན། འཁོར་ལོ་བདེ་མཆོག་གི་གནས་ཡིན་ལ་རྟ་ལོ་ནམ་ཤར་དུས་གནས་འདུས་ཡིན།
        ཀརྨ་པ་དུས་གསུམ་མཁྱེན་པ(1110—1193)མདོ་ཁམས་ཏྲེ་ཧོར་དུ་སྐུ་བལྟམས། དྭགས་པོ་རིན་པོ་ཆེ་ལ་སློབ་མ་ནམ་མཁའི་སྐར་ཚོགས་ལྟར་ཡོད་པའི་ནང་ནས། ང་ཁམས་པ་སེ་བོ་ཁྱོད་ལ་རེ་ཆེ་བ་ཡིན་ཞེས་ཡང་ཡང་གསུང་ཞིང་བཀའ་བརྒྱུད་ཀྱི་བསྟན་པ་གཏོད་པར་མཛད། ཁྱོད་སྒྲུབ་པ་ཁམས་ཀྱི་ཀཾ་པོ་གངས་རྭ་ཡི་འགྲོ་དོན་དབུས་གཙང་ཁམས་གསུམ་ཁྱབ་པ་འོང་ཞེས་ལུང་བསྟན་པར་སློབ་དཔོན་སྒོམ་པོས་དེ་དང་མཐུན་པའི་ཞལ་ཏ་མཛད་ནས་ཁམས་སུ་བྱོན། གནས་འདི་ཉིད་དུ་སྒྲུབ་པ་མཛད་དེ་མཆོག་གི་དངོས་གྲུབ་བརྙེས། རྟོགས་ལྡན་གྱི་སློབ་བུ་བསྐྱངས་ཏེ་གདན་ས་ཐོག་མ་བཏབ། སྤྱིར་ཀརྨ་པའི་གདན་ས་དང་གནས་ཀྱི་གཙོ་བོ་ལྔ་ཡོད་པ་ལས་ཀཾ་པོ་གངས་རི་སྐུའི་གནས། འོག་མིན་ཀརྨ་གསུངས་ཀྱི་གནས། སྟོད་ལུང་མཚུར་ཕུ་ཐུགས་ཀྱི་གནས། ཤར་ཕྱོགས་སྤངས་རི་ཡོན་ཏན་གྱི་གནས། འདབ་པ་སྤང་ཕུག་འཕྲིན་ལས་ཀྱི་གནས་ཡིན་པར་གྲགས། དེ་ལྟར་ངོ་བོ་སངས་རྒྱས་དངོས་ཡིན་ཡང་། སྣང་ཚུལ་ཐེག་པ་ཆེན་པོའི་རྣལ་འབྱོར་པའི་ཚུལ་བཟུང་བ་དཔལ་ལྡན་དུས་གསུམ་མཁྱེན་པ་ཉིད་ཀྱི་རང་དོན་གྲུབ་པ་བརྙེས་ཚུལ་བསྟན་པའི་ས་ཡིན། དེ་བཞིན་དུ་ཀཾ་ཚང་གི་རྒྱལ་བ་ཡབ་སྲས་གཙོས་པའི་ས་དགེ་བཀའ་རྙིང་གི་སྐྱེས་ཆེན་དུ་མ་གནས་དེར་ཞབས་ཀྱིས་བཅགས་ནས་སྒྲུབ་པ་བགྱིས་པ་དང་། གནས་འདིའི་ཉེ་སྐོར་ལ་གླིང་གེ་སར་རྒྱལ་པོའི་སྒྲུང་འཇང་གླིང་གཡུལ་འགྱེད་ལས་བྱུང་བའི་གཏམ་རྒྱུད་དང་མཐུན་པའི་རྗེས་ཤུལ་མང་པོ་ཡོད་པར་གྲགས།
        དེའང་གནས་འདིའི་མིང་ལ་ཅུང་ཙམ་དཔྱད་པ་བྱེད་པ་ལ། དུས་གསུམ་གྱི་སངས་རྒྱས་རྣམས་མངོན་པར་སངས་རྒྱས་ཞིང་། རྒྱ་བ་དང་རྒྱ་བར་འགྱུར་བའི་གནས་མ་གྷ་དྷ་རྡོ་རྗེའི་གདན་ཡིན། དེའི་བྱང་ཕྱོགས་འཕགས་པ་ཐུགས་རྗེ་ཆེན་པོའི་ཞིང་ཁམས་ཁ་བ་ཅན་གྱི་ལྗོངས་དང་སྡེ་ཆེན་པོ་ཞེས་གྲགས་པ་ལས། བོད་ཆེན་པོ་མདོ་ཁམས་སྒང་དྲུག་གི་ནང་ནས་སྤུ་འབོར་སྒང་སྨད་པའི་ཐིག་ལེ་ཤར། ཀཾ་པོ་གངས་ཀྱི་རྭ་བ་ཞེས་ཡོངས་སུ་གྲགས་པའི་གནས་ཞེས་པ་དང་། དེས་ན་གནས་འདིའི་རི་བྲག་ནགས་ཚལ་ཐམས་ཅད་གཞི་ལམ་འབྲས་བུའི་བདེ་སྟོང་དབྱེར་མེད་ཀྱི་རྟགས་སུ་ཡོད་པས་ཀཱ་མ་རུ་པའམ་འདོད་པའི་གཟུགས་ཞེས་བྱ་བ་ཡིན། དེ་ཡང་གནས་ཉེར་བཞིའི་ནང་ནས་གསུང་གི་གནས་ཡིན། དེ་ལའང་ཐབས་ཀྱི་དགའ་བ་བཞི་དང་། ཤེས་རབ་ཀྱི་དགའ་བ་བཞི་སྒོམ་པའི་གནས་བརྒྱད་ཡོད་པ་ལས་དང་པོ་ཡིན། ངག་གི་ཐིག་ལེ་དང་རྨི་ལམ་གྱི་གནས་སྐབས་སྦྱོང་ཞིང་མཆོག་དགའ་བའི་ཡེ་ཤེས་བསྐྱེད་དང་གསུང་རྡོ་རྗེའི་སྐལ་བ་འཇོག་པའི་ཞིང་ཡིན། ཀཱ་མ་རུ་པ་ཞེས་པའི་མིང་དང་པོ་ཀ་ཐིག་ལེས་བརྒྱན་པ་ཀཾ་ཞེས་པའི་ཡི་གེ་གནས་ཀྱི་ཕུ་ན་གསལ་བ་ཡོད་པས་ཀཾ་པོ་གནས་ཞེས་གྲགས་ཤིང་། ཞེས་པ་དང་། སངས་རྒྱས་བཅོམ་ལྡན་འདས་ཀྱིས་མདོ་ཕལ་པོ་ཆེ་ལས། ཡུལ་ཀཾ་པོ་ཙ་ཞེས་པ་འདི་བྱང་ཆུབ་སེམས་དཔའ་ཐུགས་རྗེ་ཅན་གྱི་གནས་ཡིན་ཞིང་། གནས་བདག་དགེ་བསྙེན་རྡོ་རྗེ་དཔལ་བརྩེགས་ས་ཐོབ་པའི་བྱང་ཆུབ་སེམས་དཔའ་སངས་རྒྱས་སྟོང་རྩ་གཉིས། ཚེའང་བསྐལ་པ་གཅིག་ཐུབ་པ་ཡིན་པ་སོགས་གསུངས་པའི་ལུང་དོན་ལྟར། ཞེས་པའི་རྒྱུ་མཚན་དེ་དག་ལ་བལྟས་ན་དེང་སང་དགེ་བསྙེན་གནས་རི་ཟེར་སྲོལ་མ་དག་རྒྱུན་འབྱམས་སུ་བྱུང་བ་དང་། ཡང་གངས་མོ་གླིང་དང་། སྒམ་པོ་གནས་ནི་ལུང་པའི་སྐད་ལས་ཐོན་པ། གང་ལྟར་བོད་ཡིག་ཏུ་ཕབ་བསྒྱུར་བྱེད་སྐབས་ཀཾ་པོ་གནས་དང་། ཀཾ་པོ་གངས་ཀྱི་ར་བ་ཞེས་གནས་ཡིག་རྙིང་པ་དག་ལ་ཡོངས་སུ་གྲགས་པ་ལྟར་བྱས་ན་དགེ་མཚན་ཆེ་བ་སྙམ། གཞན་ཡང་གནས་འདི་ཆགས་སའི་ཤང་གི་མིང་ཐོག་མར་དབྲ་ཁོག་ཆུས་གེ་རྫི་ཤང་དང་། དེ་ནས་འགྲམ་སྣ་ཤང་ཞེས་པ་དང་། དེང་སང་དགེ་བསྙེན་ཀྲེན་ཞེས་པའི་སྲིད་འཛིན་ས་ཁོངས་ལ་འགྱུར་ལྡོག་བྱུང་བའི་མིང་ཙམ་ལས་སྤྱིའི་ཆ་ལ་ཁྱད་པ་མེད་པ་ནི་མཁྱེན་བཞིན་པའོ། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1