རྒྱལ་ཁབ་སྐོར་སྐྱོད་སྨན་བཅོས་རུ་ཁག་གིས་རྔ་པར་བདེ་ཐང་བརྟག་དཔྱད་བྱས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 10-27



     ཟླ་10ཚེས་12ཉིན། ཐུང་ཅི་སྨན་ཁང་གི་རིགས་གཅིག་མཁས་ཅན་5ལས་གྲུབ་པའི་རྒྱལ་ཁབ་སྐོར་སྐྱོད་སྨན་བཅོས་རུ་ཁག་གིས་ཟུང་ཆུ་རྫོང་མི་དམངས་སྨན་ཁང་གི་སྨན་པ་དང་མཉམ་དུ་རླངས་འཁོར་ལ་ཆུ་ཚོད་གཅིག་དང་ཕྱེད་ཀ་བསྡད་དེ་སི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་ཟུང་ཆུ་རྫོང་ཞའོ་ཞིན་ཤང་དུ་འབྱོར།      ཉིན་དེའི་སྔ་དྲོར། ཁོང་ཚོས་ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་གི་ཐང་ཆེན་དུ་འོས་འགན་སྨན་བཅོས་བྱས། རིགས་གཅིག་མཁས་ཅན་ཚོ་རླངས་འཁོར་ནས་བབས་པ་མཐོང་སྐབས་ཤང་གི་གྲོང་ཚོ་5ནས་ཡོང་བའི་གྲོང་མི་ཚོས་མགྱོགས་མྱུར་བང་རིང་པོ་བསྒྲིགས་ཤིང་། རུ་མི་ཚོས་ཡུལ་མིར་ནན་ཏན་དང་ཞིབ་ཚགས་ངང་སྨན་བཅོས་ཀྱི་གྲོས་འགོ་དང་བདེ་ཐང་གི་མཛུབ་ཁྲིད་བྱས་པ་མ་ཟད། རྫོང་དང་ཤང་གི་སྨན་པར་ཉམས་མྱོང་བརྒྱུད་ཁྲིད་ཀྱང་བྱས་པ་དང་། ཕྱི་དྲོ་ཁོང་ཚོ་སླར་ཡང་ཞའོ་ཞིན་ཤང་གི་ཨའེ་ཆི་གྲོང་ཚོར་བསྐྱོད་དེ་འགྲོ་སྐྱོད་མི་བདེ་བའི་གྲོང་མིར་བདེ་ཐང་བརྟག་དཔྱད་དང་བདེ་ཐང་གི་དྲིལ་བསྒྲགས་སློབ་གསོ་བརྒྱབ་པ་དང་སྦྲགས། ཁོང་ཚོས་ད་དུང་རྫོང་སྨན་ཁང་གི་མིག་ནད་ཚན་ཁག་གི་སྨན་པ་དང་ཝུའུ་ཧན་མིག་ནད་ཚན་ཁག་གི་སྨན་པའི་རྒྱང་ཁྲིད་བརྙན་ལམ་བརྒྱུད་ཐུན་མོང་ཐོག་ཆུང་དུས་ནས་མིག་ཡ་གཅིག་ལོང་པའི་ཆའང་རིགས་ཀྱི་གྲོང་མིར་ནད་གཞི་བརྟག་དཔྱད་བྱས། དེར་འདུས་པའི་གྲོང་མི་རྣམས་ཀྱིས་ཀྱང་གཅིག་རྗེས་གཉིས་མཐུད་ངང་ནད་གཞི་དང་འབྲེལ་བའི་གནད་དོན་སྐད་ཆ་དྲིས་པ་དང་། རུ་མི་རྣམས་ཀྱིས་སླར་ཡང་གྲོང་ཚོའི་བྱེད་སྒོ་ཁང་དུ“བདེ་ཐང་བློ་འདྲིའི་ཚོགས་འདུ”ཞིག་འཚོགས་པ་རེད།
     ཨའེ་ཆི་གྲོང་ཚོར་བཅའ་སྡོད་ཧྲུའུ་ཅི་དང་པོ་པི་ཧྲི་ལི་ཡིས“དུས་རྒྱུན་ཚང་མས་རྫོང་དང་ཀྲོའུ་རུ་སྨན་བཅོས་བྱེད་མྱོང་ཡོད་པ་ཙམ་རེད། ད་ཐེངས་ཞིང་ཆེན་གཞན་གྱི་རིགས་གཅིག་ མཁས་ཅན་དེ་ལྟ་བུས་ཡུལ་མི་ཚོར་སྨན་པ་བསྟེན་དཀའ་བའི་གནད་དོན་ཐག་གཅོད་བྱས་པའི་གོ་སྐབས་དེ་འདྲ་ཐོབ་དཀའ་བ་ཞིག་རེད། ཐུང་ཅི་སྨན་བཅོས་རུ་ཁག་སང་ལོ་ད་དུང་ཡོང་བར་དགའ་བསུ་ཞུ་རྒྱུ་ཡིན”ཞེས་བརྗོད།
     1965ལོ་ནས་སྐབས་དེའི་འཕྲོད་བསྟེན་པུའུ་ཡིས་འབོད་སྐུལ་བཏང་སྟེ་གྲོང་གསེབ་ཀྱི་སྐོར་སྐྱོད་སྨན་ཁང་དང་ཐུང་ཅི་སྨན་ཁང་གིས་གང་མགྱོགས་སྨན་བཅོས་རུ་ཁག་ཅིག་བཙུགས་ནས་མངགས་གཏོང་བྱས་པ་དང་། ཕྱི་ནད་ཚན་ཁག་གི་ཆིའུ་ཧྥ་ཙུའུ་དང་ཁོག་ནད་ཚན་ཁག་གི་ཀུའོ་ཅིན་ཡོན་སོགས་སྨན་དོན་རིགས་གཅིག་མཁས་ཅན་45ཡིས་རྒྱ་ཆེའི་ཞིང་པར་སྨན་བཅོས་དང་། སྨན་སྐྱེལ་བ། གཞི་རིམ་གྱི་འཕྲོད་བསྟེན་མི་སྣར་གསོ་སྦྱོང་། རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་སྤེལ་བ། ཁྲག་འཇིབ་འབུ་ཕྲའི་ནད་འགོག་བཅོས་ཀྱི་ལས་དོན་ཁྲོད་ཞུགས་པ་རེད། 1972ལོར་ཆིའུ་ཧྥ་ཙུའུ་ཐེངས་གཉིས་པའི་སྐོར་སྐྱོད་སྨན་བཅོས་ལ་ཞུགས་རིང་ཁྲག་འཇིབ་འབུ་ཕྲའི་ནད་ཀྱི་མཆིན་པ་མཁྲེགས་གྱུར་གྱི་ཞིང་པར་སྨན་བཅོས་བྱེད་པའི་ནང“ཕོ་བའི་འཇུ་ལག་གི་མཐའ་འཁོར་གྱི་ཁྲག་རྩ་ཆད་པའི”གཤགས་བཅོས་བྱེད་སྟངས་གསར་གཏོད་བྱས། གཤཌ་བཅོས་འདི་ཕྱིས་སུ་མཆིན་སྒོའི་སྡོད་རྩའི་ནད་བཅོས་ཐབས་ནུས་ལྡན་ཞིག་ཏུ་གྱུར་ཡོད། ཁོང་གིས་ཕྱིར་དྲན་བྱེད་བཞིན་དུ“སྐོར་གཡེང་སྨན་བཅོས་ལ་ཞུགས་པ་དེས་རང་ཉིད་ལ་སྦྱོང་བརྡར་ཐེབས་པ་མ་ཟད། ད་དུང་ནད་ཐོག་གི་ཉམས་མྱོང་ཡང་ཕུན་སུམ་ཇེ་ཚོགས་སུ་ཕྱིན་སོང་། ན་གཞོན་སྨན་པའི་ངོས་ནས་བརྗོད་ན། གཤམ་སྐྱོད་སྐོར་སྐྱོད་སྨན་བཅོས་དེ་དེ་བས་ཀྱང་དགོས་ངེས་ཤིག་ཡིན་པས་ཕན་པ་ཆེན་པོ་འདུག”ཅེས་བརྗོད།
     2012ལོར“རྒྱལ་ཁབ་སྐོར་སྐྱོད་སྨན་བཅོས་རུ་ཁག”བཙུགས་པ་ནས་བཟུང་ཐུང་ཅི་སྨན་ཁང་གིས་ལོ་10བསྟུད་མར་རིགས་གཅིག་མཁས་ཅན་བརྒྱ་ལྷག་ཙམ་བཏང་ནས་ཧྲན་ཤིས་དང་། ནང་སོག སི་ཁྲོན། ཡུན་ནན་སོགས་ཀྱི་གཞི་རིམ་དུ་སྐོར་སྐྱོད་སྨན་བཅོས་བྱས་པ་དང་། མི་ཐེངས་ཁྲི་2.5ལྷག་ཙམ་ལ་སྨན་བཅོས་བྱས་པ། མི་ཐེངས་200ལྷག་ཙམ་ལ་གཤགས་བཅོས་བྱས་པ་རེད། “ང་ཐུང་ཅི་སྨན་ཁང་དུ་ལས་ཀ་བྱས་ནས་ལོ་10སོང་བ་དང་། ཚན་ཁག་གི་རྒན་རབས་མང་པོ་ཞིག་སྐོར་སྐྱོད་སྨན་བཅོས་སམ་ཡང་ན་ཁ་གཏད་རོགས་སྐྱོར་གྱི་ལས་དོན་ནང་ཞུགས་མྱོང་ཡོད། འདི་ལོ་ཁག་བཅུ་པའི་དཔུང་ཁག་ནང་རང་ཉིད་ཀྱང་ཞུགས་པ་མ་ཟད། ད་དུང་རྔ་པ་ཀྲོའུ་ཡི་ཡུལ་ནད་དང་རིམས་ནད་ཤེས་རྟོགས་ཐུབ་པར་ཧ་ཅང་དགའ་པོ་བྱུང”ཞེས་སྨན་བཅོས་རུ་ཁག་གི་རུ་མི་མཁྲིས་མཚེར་ཕྱི་བཅོས་ཚན་ཁག་གི་གཙོ་བཅོས་སྨན་པ་ཀྲེང་ཅན་ཝུའེ་ཡིས་བརྗོད།
     སྐོར་སྐྱོད་སྨན་བཅོས་རུ་ཁག་གིས་ད་དུང་ས་གནས་དེ་གའི་འཕྲལ་སྡོམ་སྐྱོབ་བཅོས་ཀྱི་འབྲེལ་ཡོད་ཤེས་བྱ་ཁྱབ་གདལ་གཏོང་ཤུགས་ཆེ་རུ་བཏང་བ་དང་། རྨ་ཁ་ཕྱི་བཅོས་ཚན་ཁག་གི་གཙོ་བཅོས་སྨན་པ་གཞོན་པ་དབྱང་ཧྥན་གྱིས་རྫོང་སྨན་ཁང་དང་ཤང་དང་གྲོང་རྡལ་གྱི་སློབ་ཆུང་དུ“ཚབས་ཆེ་ལ་ཐོན་མང་བའི་ནད་གཞི་སྨན་བཅོས་བྱེད་ཐབས”ཀྱི་གསོ་སྦྱོང་སློབ་ཚན་དང་དེ་བཞིན“སློབ་གྲྭར་རྒྱུན་མཐོང་གི་བསམ་ཡུལ་ལས་འདས་པའི་གནོད་འཚེ་སྔོན་འགོག་ཐག་གཅོད་བྱེད་པའི”བདེ་ཐང་གི་ཚན་རིག་ཁྱབ་གདལ་བཏང་བ་དང་། ཐུང་ཅི་སྨན་ཁང་དེ་རྒྱལ་ཁབ་ཀྱི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་གྱི་གསོ་རིག་ལྟེ་གནས་གལ་ཆེན་ཞིག་ཡིན་པའི་ངོས་ནས་འགན་ནུས་ལག་བསྟར་བྱས་ཡོད། “སྨན་པ་བྱས་ནས་ལོ་བཅུ་ལྷག་ཙམ་སོང་བ་དང་། ཐོག་མར་ནད་པ་སྐྱོབ་རྒྱུར་མཐོང་ཆེན་བྱེད་ཅིང་། ད་ཆ་ནད་ཡམས་དང་གནོད་འཚེ་སྔོན་འགོག་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན་པ་དེ་བས་ཚོར་གྱི་འདུག”ཅེས་དབྱང་ཧྥན་གྱིས་བརྗོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1