རྔ་མོང་དང་ར་རྒན་ཞེས་པའི་སློབ་ཚན་གྱི་ སློབ་ཁྲིད་དཔེ་གཞི་དང་དབྱེ་ཞིབ།

སྒྲོལ་མ་མཚོ། * རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-29


གཅིག སློབ་ཁྲིད་ཀྱི་དམིགས་ཡུལ་དང་རེ་འདུན།
སློབ་མ་ཚོར་དཔེ་ཀློག་གི་སྤྲོ་སྣང་སྐྱེད་སྲིང་བྱེད་པ་དང་དཔེ་ཀློག་གི་གོམས་གཤིས་ལེགས་པོ་ཆགས་པའི་རྨང་གཞིའི་སྟེང་སློབ་ཚན་ཀློག་འདོན་བྱེད་པ་དང་ནང་དོན་ལ་གོ་བ་ཟབ་མོ་བླངས་ཏེ་གནས་ལུགས་ཤེས་པར་བྱེད་པ།
གཉིས། སློབ་ཁྲིད་ཀྱི་གཙོ་གནད་དང་དཀའ་གནད།
དཔེ་ཀློག་གི་སྤྲོ་སྣང་སྐྱེད་སྲིང་བྱེད་པ་དང་དཔེ་ཀློག་གི་གོམས་གཤིས་ལེགས་པོ་ཆགས་རྒྱུ་ནི་གཙོ་གནད་ཡིན་ལ། སློབ་ཚན་གྱེར་ཀློག་བྱས་པའི་རྨང་གཞིའི་སྟེང་སློབ་ཚན་གྱི་ནང་དོན་ལ་གོ་བ་ཟབ་མོ་བླངས་ཏེ་གནས་ལུགས་ཤེས་པར་བྱེད་པ་ནི་དཀའ་གནད་ཡིན།
གསུམ། འཁྲིད་ཐབས།
སྤྲོ་སྣང་འདྲེན་ཐབས། བློ་སྒོ་འབྱེད་ཐབས།
བཞི། སློབ་ཁྲིད་ཡོ་བྱད།
བསླབ་ཆས། ཤོག་བྱང་། དཔེ་སྒམ། དཔེ་དེབ་སོ་བདུན།
ཚོ་ཆུང་བརྒྱད།
དུང་དཀར་ཚོ་ཆུང་། གསེར་ཉ་ཚོ་ཆུང་། གདུགས་ཚོ་ཆུང་། རྒྱལ་མཚན་ཚོ་ཆུང་། འཁོར་ལོ་ཚོ་ཆུང་། པད་མ་ཚོ་ཆུང་། བུམ་པ་ཚོ་ཆུང་། དཔལ་བེའུ་ཚོ་ཆུང་།
ལྔ། སློབ་ཁྲིད་བཀོད་སྒྲིག
སློབ་ཐུན་གཅིག
དྲུག སློབ་ཁྲིད་བརྒྱུད་རིམ།
ཀ བསླབས་ཟིན་བསྐྱར་སྦྱང་།
དཔེ་ཆ་ནི་དགོས་འདོད་ཀུན་འབྱུང་གི་ནོར་བུ་ཡིན་ཞེས་པའི་ཚིག་ཐེངས་གཉིས་ཀློག་ཏུ་བཅུག་ནས་ནང་དོན་རགས་ཙམ་བཤད་པ།
ཁ སློབ་ཁྲིད་ནང་འདྲེན།
བསླབ་ཆས་ལས་སྲོག་ཆགས་ཆུང་ཆུང་མང་པོས་དཔེ་དེབ་ལ་བལྟ་བའི་གོམས་གཤིས་ཡག་པོ་དང་རང་འཛིན་གྲྭའི་སློབ་གྲོགས་ཚོས་དཔེ་ཀློག་བྱེད་པའི་བརྙན་ཐུང་དེའི་ཁྲོད་ཀྱི་དོ་སྣང་དང་མཉམ་འཇོག་བྱེད་སའི་གནས་དེ་གསལ་བོར་བཤད་ནས་སློབ་ཁྲིད་ལ་འཇུག་པ།
ག སློབ་ཁྲིད་དངོས་གཞི།
༡. དཔེ་ཀློག་གི་སྐབས་སུ་ལོབས་དགོས་པའི་གོམས་གཤིས་བཞི།
མིག་ཐོན་པ།
དཔེ་ཆ་ཀློག་སྐབས་ཤོག་ལྷེའི་ངོས་ཀྱི་ཡི་གེ་ཐིག་ཕྲེང་དང་ཚིག་གི་གོང་འོག་སོགས་མི་འཁྲུག་པར་གཟབ་ནན་བྱས་ནས་མིག་གིས་བལྟ་བའི་གོམས་གཤིས་ལོབས་པར་བྱེད་པ།
ངག་ཐོན་པ།
དཔེ་ཆ་ཀློག་སྐབས་སྐད་ཀྱི་མཐོ་དམན་ཡུལ་དུས་སོགས་ཀྱི་གནས་བབ་དང་བསྟུན་ནས་ངག་ཐོག་ནས་ཀློག་པའི་གོམས་གཤིས་ལོབས་ན་དཔེ་དེབ་གང་དེའི་ནང་དོན་ཡིད་ལ་འཇགས་སླ་ཞིང་མི་བརྗེད་པའི་ཕན་པ་ཡོད།
སེམས་ཐོན་པ།
དཔེ་ཆ་ཀློག་སྐབས་སེམས་ཞིབ་མོས་བརྗོད་བྱ་དང་གནས་ལུགས་ལ་བསམ་བློ་གཏོང་བའི་གོམས་གཤིས་ལོབས་པར་བྱེད་པ།
ལག་ཐོན་པ།
དཔེ་ཆ་ཀློག་སྐབས་ལག་པས་མིང་དང་ཚིག་ལ་རྟགས་རྒྱག་པ་དང་། ཚིག་གཙོ་བོ་དང་ཐ་སྙད་རྣམས་ཟིན་ཐོར་འགོད་པའམ་གསོག་འཇོག་བྱེད་པའི་གོམས་གཤིས་ལོབས་པར་བྱེད་པ།
༢. འགུལ་རིས་བརྙན་ཐུང་ལས་རི་དྭགས་གླིང་གའི་དཔེ་དེབ་དེའི་ཤོག་ངོས་རེ་རེ་བསྟན་ནས་རི་དྭགས་སོ་སོར་ངོས་འཛིན་བྱས་པ་བརྒྱུད་དེ། ཆེས་མཇུག་མཐའི་རྔ་མོང་དང་ར་རྒན་གཉིས་དམིགས་སུ་བཀར་ནས་དེ་གཉིས་ཀྱི་གཏམ་རྒྱུད་ཀྱི་དཔེ་དེབ་དེ་ངོ་སྤྲོད་བྱེད་པ། དཔེ་དེབ་བཟོ་དུས་ཟུར་ཁ་མེད་པར་གོར་གོར་ཡིན་པ་དང་དཔེ་དེབ་སྟེང་དུ་གསལ་ཞིང་ནག་པོའི་ཡི་གེ་དང་གསོན་ཉམས་ལྡན་པའི་རི་མོ། ཡིད་དབང་འགུག་པའི་སྒྲ་སོགས་ཡོད།
༣. རྔ་མོང་དང་ར་རྒན་གྱི་དཔེ་དེབ་ཀློག་སྐབས་མིག་ངག་སེམས་ལག་བཞི་ཐོན་པའི་རྨང་གཞིའི་སྟེང་ཤོག་ངོས་རེ་རེའི་སྟེང་གི་སྒྲ་ལ་ཉན་པ་དང་ཡི་གེ་ཀློག་པ། རི་མོར་བལྟ་བ་དང་རི་མོར་བརྟེན་ནས་ཚིག་དོན་ལ་གོ་བ་ལེན་པ། གོ་དཀའ་བའི་མིང་དང་ཚིག ཡང་ན་སྲོག་ཆགས་ཕན་ཚུན་བར་གྱི་གླེང་མོལ་གྱི་ཚིག་དེར་རྟགས་རྒྱག་ཏུ་འཇུག་པ།
དཔེར་ན། གཟུགས། ཆེ། ཆུང་། བསྙབས། དགེ་མཚན། བསྲིངས། གེག་གེ
དཔེར་ན། ངས་བྱ་བ་ཞིག་བྱས་ནས་གཟུགས་ཆེ་ན་བཟང་བ་ཁྱོད་ལ་ཤེས་སུ་འཇུག
ངས་བྱ་བ་ཞིག་བྱས་ནས་གཟུགས་ཆུང་ན་བཟང་བ་ཁྱོད་ལ་ཤེས་སུ་འཇུག
ད་ཁྱོད་ཀྱིས་ལྟོས་དང་། གཟུགས་ཆེ་ན་བཟང་ངོ་།།
ད་ཁྱོད་ཀྱིས་ལྟོས་དང་། གཟུགས་ཆུང་ན་བཟང་ངོ་།།
ཁྱོད་གཉིས་ཀྱིས་རང་རང་གི་དགེ་མཚན་ཁོ་ན་མཐོང་བ་ལས་སྐྱོན་ཆ་མི་མཐོང་བ་ནི་མི་འགྲིག་གོ །
དཔེ་དེབ་བམ་སློབ་ཚན་གྱི་ཤོག་ལྷེ་རེ་རེའི་སྟེང་གི་ཡི་གེ་སློབ་མར་ཡང་ཡང་ཀློག་ཏུ་འཇུག་པ་དང་། སྒྲ་ལ་ཉན་དུ་འཇུག་པ། དེ་ནས་མིང་དང་ཚིག་ལ་རྟགས་རྒྱག་ཏུ་འཇུག་པ། དེའི་འཕྲོར་རི་མོ་དང་སྦྱར་ཏེ་ནང་དོན་ལ་གོ་བ་ལེན་པ་དང་སློབ་ཚན་ཁྲོད་ཀྱི་གནས་ལུགས་ལ་བསམ་བློ་གཏོང་དུ་འཇུག་པ། སློབ་ཁྲིད་བྱ་འགུལ་སྤེལ་དུས། ཚོགས་སློབ་དང་ཟུང་སློབ། རྐྱང་སློབ། སློབ་གྲོགས་བུ། སློབ་གྲོགས་བུ་མོ། སློབ་གྲོགས་ཡོངས་དེ་ལྟར་ཡིན།
༤. རྔ་མོང་དང་ར་རྒན་གཉིས་ཀྱི་གཏམ་རྒྱུད་ཀྱི་བརྙན་ཐུང་དེར་བལྟ་རུ་བཅུག་པ་དང་ཆབས་ཅིག སློབ་གྲོགས་ཚོར་དེ་ལྟ་བུའི་དཔེ་ཆ་མང་པོ་བཀླགས་ན་བརྙན་རིས་ལས་ལྷག་པའི་གཏམ་རྒྱུད་མང་པོ་ཤེས་ཐུབ་ཅེས་པའི་སློབ་གསོ་བཏང་ནས་དཔེ་ཀློག་ལ་དགའ་བ་སྐྱེད་སྲིང་བྱེད་པ།
ང སློབ་ཐུན་གཤར་སྦྱང་།
ཚོ་ཆུང་གཉིས་རེ་ནས་སློབ་མ་རེ་རེ་ཡོང་ནས་རོལ་རྩེད་བརྒྱུད་དེ་བློ་རིག་འགྲན་པ། བློ་རིག་འགྲན་པའི་དོ་རར་ཞུགས་མཁན་གྱི་སློབ་གྲོགས་ཚོར་དཔེ་ཆའི་བྱ་དགའ་སྟེར་བ།
༡. གདམ་གསེས།
སློབ་ཚན་ལས་སྲོག་ཆགས་གང་དག་བར་གྱི་གཏམ་རྒྱུད་བཤད་ཡོད།
སེང་གེ ར་རྒན། རི་བོང་། གླང་རྒན། སྤྱང་ཀི རྔ་མོང་།
ཚོ་ཆུང་གཉིས་རེ་ནས་སློབ་མ་རེ་རེ་ཡོང་ནས་རོལ་རྩེད་བརྒྱུད་དེ་བློ་རིག་འགྲན་པ། བློ་རིག་འགྲན་པའི་དོ་རར་ཞུགས་མཁན་གྱི་སློབ་གྲོགས་ཚོར་དཔེ་ཆའི་བྱ་དགའ་སྟེར་བ།
༢. བརྡར་ཤ་གཅོད་པ།
ནགས་ཚལ་གྱི་ལུས་རྩལ་འགྲན་ཚོགས་ལས་ཨང་དང་པོ་སུ་རེད།

(༡)ར་རྒན་གྱིས་གཟུགས་ཆེ་ན་དགེ་མཚན་ཆེ་ལུགས་བཤད།

(༢)རང་གི་དགེ་མཚན་ལས་སྐྱོན་ཆ་མི་མཐོང་བ་ནི་མི་འགྲིག

(༣)རྔ་མོང་སྒོ་ཆུང་ནང་དུ་འཛུལ་ནས་རྩྭ་བཟའ་བར་སོང་།
ཅ སྤྱི་སྡོམ།
ཆ ལས་བྱ་བཀོད་སྒྲིག
༡. རང་ཉིད་ལ་བཟང་ཆ་དང་སྐྱོན་ཆ་གང་དག་ཡོད་པ་སློབ་གྲོགས་ཕན་ཚུན་བར་ལ་བཤད་དགོས།
༢. སྲོག་ཆགས་གཏམ་རྒྱུད་ཀྱི་དཔེ་ཆ་ཀློག་འདོན་བྱོས།
བྱིས་པའི་དཔེ་དེབ༣༧སློབ་གྲོགས་ཚོའི་ལག་ཏུ་དངོས་སུ་བཞག་ནས་ཟླ་གཅིག་གི་ནང་དུ་ཕན་ཚུན་བརྗེ་རེས་བྱས་ཏེ་དཔེ་དེབ༣༧ཚང་མ་བལྟས་ནས་ཚར་དགོས་པའི་རེ་བ་འདོན་དགོས། 《བན་ཕྲུག་དང་རྒོད་ཕྲུག》《ཨ་བཅུ་ཆ་བཅུ》《རྔ་མོང་གི་རྭ་ཅོ》《ཉ་མོ་ཁྲི་སྡིག》《ཁྱིམ་མི་ལྷན་འཛོམས》《ང་དང་ཁྱི》《ཁྱི་དང་བྱི་ལ》《རྐང་རྗེས་དང་ཕྲེང་བ》《དཔལ་བཟང་གི་ཁང་བ》《སྒྲོལ་དཀར་གྱི་གཏམ་རྒྱུད》《རི་བོང་ཅལ་འདྲོགས》《ཙི་ཙིའི་རྒྱལ་ཁམས་ནུབ་པ》《ངའི་སྡོང་རྒན》《ལུ་གུ་མཐོང་རྒྱུ་མི་འདུག》《ཨ་ཁུ་རི་བོང་དང་ཨ་ཅེ་ཝ་མོ》《འགྲོ་བ་བཟང་མོ》《དྲི་མེད་ཀུན་ལྡན》《སྣང་ས་འོད་འབུམ》《གཟུགས་ཀྱི་ཉི་མ》《རྒྱ་བཟའ་བལ་བཟའ》《དོན་ཡོན་དོན་གྲུབ》《པད་མ་འོད་འབར》《ཆོས་རྒྱལ་ནོར་བཟང》《མི་རོ་རྩེ་སྒྲུང》《མཚེའུ་མེ་ལོང》སོགས་དཔེ་དེབ༣༧ཡོད།
ཇ ཁྲིད་རྗེས་ཀྱི་མྱོང་ཚོར།
ཐེངས་འདིའི་དཔེ་ཀློག་ཁྲིད་སྟོན་སློབ་ཁྲིད་ལ་རང་ནུས་ཅི་ལྕོགས་ཀྱིས་གྲ་སྒྲིག་གང་ལེགས་བྱས་པ་དང་། ལྷག་པར་དུ་སྒོ་སམ་དཀར་པོའི་ཁྲིད་ཆས་ཀྱི་བཟོ་སྟངས་དང་བཀོལ་སྤྱོད། ད་དུང་འབྲེལ་ཡོད་ཀྱི་དཔྱད་གཞིའི་ཡིག་ཆ་གང་མང་ལ་བལྟས་པར་མ་ཟད། དྲ་རྒྱ་ལས་རི་མོ་གསོག་འཇོག་དང་རི་མོ་འདྲ་གཅོད་སོགས་ལས་དུས་ཚོད་མང་པོ་ཞིག་བེད་སྤྱོད་བཏང་ཟིན་པ་ཡིན།
སློབ་ཁྲིད་དངོས་སུ་བྱེད་དུས་སྒོ་སམ་དཀར་པོའི་ཁྲིད་ཆས་སྟོན་ཐུབ་ཡོད་པ་དང་། ལག་ཆ་སྣ་ཚོགས་ཀྱང་བཀོལ་སྤྱོད་བྱེད་ཐུབ་ཡོད། སྤྲོ་སྣང་སློབ་ཁྲིད་ཀྱི་དགོངས་དོན་ལྟར་སློབ་ཁྲིད་ཀྱི་དམིགས་འབེན་ཡོངས་སུ་ལེགས་འགྲུབ་བྱས་ཡོད་པ་དང་། དཀའ་གནད་དང་གཙོ་གནད་ཀྱང་ཡང་དག་པའི་སྒོ་ནས་ཐག་གཅོད་བྱས་ཡོད། དེ་མིན་ད་དུང་སློབ་ཁྲིད་ཀྱི་བརྒྱུད་རིམ་འཐུས་ཚང་ཡིན་པ་དང་རིག་ལམ་གསལ་བོ་ཡིན་པ། ཚགས་དམ་བབ་མཐུན་ཡིན། ཕ་སྐད་གཙང་མས་སློབ་ཁྲིད་བྱས་ཏེ་སམ་བྲིས་ཇུས་འགོད་འོས་འཚམ་ཡིན་པ། སློབ་མས་སློབ་ཤེས་པ་དང་སློབ་པ་ལ་གསོན་ཉམས་ལྡན་པ། ཤེས་བྱའི་ཁྲིད་ཚད་འོས་འཚམ་ཡིན་པ་དང་། སློབ་མའི་དང་ལེན་ཚད་ལྡན་ཡིན།

ང་རང་ཉིད་ཀྱི་ལྟ་ཚུལ་ཡིན་ན་ངའི་སློབ་ཁྲིད་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པ་དང་ཁྲིད་ཐབས་ལ་རྣམ་པ་གསར་བ་ཆགས་ཡོད་སྙམ།རྗེས་ཕྱོགས་མུ་མཐུད་དུ་སློབ་ཁྲིད་སློབ་གསོའི་ཐད་ལ་ཞིབ་འཇུག་དང་སློབ་སྦྱོང་བྱས་ཏེ་བྱིས་པ་དག་གི་གཤིས་ཀ་ལ་ཀུན་སྤྱོད་ལེགས་པོ་ཞིག་བསྐྲུན་རྒྱུ་ཡིན།།

སྒྲོོལ་མ་མཚོ། མཚོ་ལྷོ་ཁུལ་གོང་ཧོ་རྫོང་མཁར་བྱང་ལོ་དགུའི་ལུགས་ཀྱི་སློབ་གྲྭར་ཕྱག་ལས་གནང་བཞིན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1