གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན སྤེལ་དུས། ༢༠༢༡ལོའི་ཟླ་བ་༡༡ཚེས་༠༡ཉིན།

རྒྱལ་ཁབ་མང་བོའི་མགོ་ཁྲིད་པ་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་ཁུར་བས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་སྟེང་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་འདྲ་མཉམ་ངང་བགོ་བཤའ་བྱེད་པར་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བཏང་།

        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་མང་བོའི་མགོ་ཁྲིད་པ་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་ཁུར་བས་ཟླ་བཅུ་བའི་ཚེས་སུམ་ཅུའི་ཉིན་སྤེལ་མགོ་བརྩམས་པའི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་སྟེང་གཏམ་བཤད་སྤེལ་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱེད་པ་དང་། འདྲ་མཉམ་ངང་འགོག་སྨན་བགོ་བཤའ་བྱེད་པ་སོགས་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུའི་འབོད་སྐུལ་བཏང་། 
        རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་དབྱི་ཐཱ་ལིའི་ཙུང་ལི་ཏི་ལཱ་ཅི་ཡིས་ཉིན་དེར་མཐོ་རིམ་གྲོས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་ཞུ་ཚིག་ཕུལ་ཏེ། རྒྱལ་ཁབ་སོ་སོས་མཉམ་ལས་ལ་ཤུགས་སྣོན་བྱེད་པ་དང་། ཆེས་དར་རྒྱས་མིན་པའི་རྒྱལ་ཁབ་དག་ལ་པྲོག་གསར་གློ་ཚད་ཀྱི་འགོག་སྨན་འདོན་སྤྲོད་བྱས་ཏེ། འཛམ་གླིང་ཡོངས་ཀྱི་འགོག་སྨན་འདྲ་མཉམ་ངང་བགོ་བཤའ་བྱེད་པར་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བཏང་། ཁོས་བཤད་རྒྱུར། མིག་སྔར་དར་རྒྱས་ཆེ་བའི་རྒྱལ་ཁབ་དང་དབུལ་ཕོངས་རྒྱལ་ཁབ་ཀྱི་པྲོག་གསར་གློ་ཚད་ཀྱི་འགོག་སྨན་ཐོབ་ཚད་ཐད་བར་ཁྱད་ཆེན་པོ་ཡོད། མི་ཆོས་ཐད་ནས་དེ་ནི་དང་ལེན་བྱེད་ཐབས་མེད་པ་ཞིག་ཡིན་ལ། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་སླར་གསོའི་འཕེལ་རིམ་ལའང་གནོད་པ་ཐེབས་ངེས་རེད་ཟེར། ཁོས་ནན་གྱིས་བསྟན་དོན། ཕྱོགས་མང་རིང་ལུགས་ནི་མིག་སྔའི་འཛམ་གླིང་ཡོངས་ཀྱི་འགྲན་རྩོད་ཐག་གཅོད་བྱེད་པའི་བྱེད་ཐབས་ཆེས་བཟང་བོ་ཞིག་རེད་ཟེར། 
        ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་བརྙན་རིས་རྣམ་པས་གྲོས་ཚོགས་ལ་ཞུགས། ཁོས་གཏམ་བཤད་སྤེལ་སྐབས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་མྱུར་མོར་འགོག་སྨན་དང་འགོག་སྨན་གྱི་དཔང་ཡིག་ཕན་ཚུན་གྱིས་ཁས་ལེན་བྱེད་པའི་གནད་དོན་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་། ཁོས་བཤད་རྒྱུར། རྒྱལ་ཁབ་རེ་འགའི་སྲུང་སྐྱོབ་རིང་ལུགས་དང་འདྲ་མཉམ་མིན་པའི་འགྲན་རྩོད། ཕན་ཚུན་གྱི་འགོག་སྨན་ཁས་ལེན་མི་བྱེད་པ་སོགས་ཀྱི་དབང་གིས་དགོས་མཁོ་ཡོད་པའི་རྒྱལ་ཁབ་ཚང་མར་འགོག་སྨན་ཐོབ་ཐུབ་མེད་ཟེར། ཁོས་སྨན་བཅོས་བདེ་སྲུང་ཁྱབ་ཁོངས་ནས་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་བྱེད་པ་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་བྱེད་པའི་གལ་ཆེན་རང་བཞིན་ནན་བཤད་བྱས། 
        དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཡའོ་ཧན་ཞོན་གྱིས་བསྟན་དོན། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ལས་འགན་གཙོ་བོ་ནི་པྲོག་གསར་གློ་ཚད་རིམས་ནད་འགོག་སྨན་མྱུར་མོར་འདྲ་མཉམ་ངང་འཛམ་གླིང་ཡོངས་ལ་བགོ་བཤའ་བྱེད་པར་སྐུལ་འདེད་གཏོང་བ་དེ་ཡིན་ཟེར། 
        ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་མུས་ཞེ་ཨར་གྱིས་བསྟན་དོན། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་རིམས་ནད་རྗེས་ཀྱི་འཛམ་གླིང་སླར་གསོ་བྱེད་པའི་འགན་འཁྲི་ཡོད་པས། རྒྱལ་ཁབ་སོ་སོས་མཐུན་སྦྱོར་འགུལ་སྐྱོད་སྤེལ་ནས་འགྲན་རྩོད་གཙོ་བོ་ཐག་གཅོད་བྱེད་དགོས། རྒྱལ་ཁབ་སོ་སོས་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་གྱི་ཐོན་སྐྱེད་དང་བགོ་བཤའ་རྒྱ་བསྐྱེད་དེ། སྔར་ལས་ལྷག་པའི་སྒོ་ནས་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱེད་དགོས་ཟེར། 
        འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐན་ཏི་སེ་ཡིས་བཤད་རྒྱུར། འགོག་སྨན་བགོ་བཤའི་འདྲ་མཉམ་རང་བཞིན་ལ་འགན་སྲུང་བྱེད་པ་དེ་རྒྱལ་ཁབ་སོ་སོའི་ཁེ་ཕན་གཙོ་བོ་དང་འཚམ་པ་ཡིན་ཟེར། ཁོས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་མྱུར་མོར་ཁས་ལེན་བྱས་པའི་འགོག་སྨན་ཞལ་འདེབས་འདོན་སྤྲོད་བྱས་ཏེ། ཨ་ཧྥེ་རི་ཁ་གླིང་གིས་འགོག་སྨན་ཐོན་སྐྱེད་བྱེད་པར་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1