༄༅།། རྒྱ་གར་འཕགས་པའི་ཡུལ་དང་བོད་དུ་དར་བའི་ལུགས་ཀྱི་བསྟན་བཅོས་སྐོར་གྱི་དཔྱད་བསྡུར།

རྡོ་རྗེ་བཀྲ་ཤིས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་རིག་པ། སྤེལ་དུས། 11-01



རྡོ་རྗེ་བཀྲ་ཤིས།

[ནང་དོན་གནད་བསྡུས།] ས་སྐྱ་པཎྜིཏ་ཀུན་དགའ་རྒྱལ་མཚན་(1182-1251)གྱིས་རྒྱ་གར་གྱི་ལུགས་ཀྱི་བསྟན་བཅོས་ལ་དཔེ་མཛད་དེ་བོད་ཀྱི་ལེགས་བཤད་བསྟན་བཅོས་ཐོག་མ་《ལེགས་པར་བཤད་པ་རིན་པོ་ཆེའི་གཏེར་རམ་ས་སྐྱ་ལེགས་བཤད་》མཛད་པ་ནས་བཟུང་རང་རེའི་བོད་ལའང་བསྟན་བཅོས་གང་དེས་མཚོན་པའི་ལེགས་བཤད་བསྟན་བཅོས་མང་པོ་ཞིག་བྱུང་། རྩོམ་འདིར་རྒྱ་གར་འཕགས་པའི་ཡུལ་དང་བོད་དུ་དར་བའི་ལུགས་ཀྱི་བསྟན་བཅོས་སྐོར་ཞིག་གི་ཕྱི་ལུས་ཀྱི་ཆ་དང་ནང་དོན་གྱི་ཆ། སྒོས་སུ་འཕགས་བོད་ལུགས་བསྟན་ཁྲོད་ཀྱི་རིག་བྱེད་གཏམ་རྒྱུད་ཁག་ཅིག་ཕན་ཚུན་གོ་བསྡུར་ཏེ། བོད་དུ་དར་བའི་ལེགས་པར་བཤད་པ་ལུགས་ཀྱི་བསྟན་བཅོས་དང་ལེགས་བཤད་རྩོམ་ལུས་ཀྱི་ཁུངས་ནི་རྒྱ་གར་གྱི་ལུགས་ཀྱི་བསྟན་བཅོས་ཡིན་པ་དང་། ལེགས་བཤད་བསྟན་བཅོས་དང་འབྲེལ་བའི་རིག་བྱེད་གཏམ་རྒྱུད་མང་པོ་ཞིག་ནི་གནའ་བོའི་རྒྱ་གར་གྱི་《ལུགས་ཆེན་པོའི་གཏམ་རྒྱུད་ལྔ་བ་》ལས་བྱུང་བ་ཡིན་པ་སོགས་ལུང་རིགས་དཔེ་གསུམ་གྱིས་བསྒྲུབས་ཡོད།

[གནད་ཚིག] ལུགས་ཀྱི་བསྟན་བཅོས། རྩོམ་ལུས། རིག་བྱེད་གཏམ་རྒྱུད། 《ལུགས་ཆེན་པོའི་གཏམ་རྒྱུད་ལྔ་བ》
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] G256.1 [ཡིག་ཆའི་མཚོན་རྟགས།] A [རྩོམ་ཡིག་ཨང་རྟགས།]  1002-9060-2021-01-0110-12
          བོད་ཀྱི་རིག་གནས་དང་རྒྱ་གར་འཕགས་པའི་ཡུལ་གྱི་རིག་གནས་བར་གཞན་དང་ཐུན་མོང་མ་ཡིན་པའི་འབྲེལ་བ་གཏིང་ཟབ་མོ་ཞིག་ཡོད་པ་དང་། བོད་ཀྱི་རིག་གནས་ཀྱི་ཕྱི་མོའམ་རྩ་བ་ནི་རྒྱ་གར་འཕགས་པའི་ཡུལ་གྱི་ཆོས་དང་རིག་གནས་སོགས་ཡིན་པ་དངོས་ཤུགས་གང་རུང་ནས་མངོན་སུམ་གྱིས་གྲུབ་ཡོད་ལ། རང་རེའི་མི་རིགས་ལ་མཚོན་ན་རྒྱ་གར་འཕགས་པའི་ཡུལ་དང་འབྲེལ་འདྲིས་བྱུང་བ་ཆེས་སྔ་བའི་མི་རིགས་ཤིག་ཡིན་པ་དང་། སྒོས་སུ་བཙན་པོ་སྲོང་བཙན་ནས་ཁྲི་དར་མ་འུ་དུམ་བཙན་བར་གྱི་བསྟན་པ་སྔ་དར་གྱི་ལོ་ངོ་ཉིས་བརྒྱ་ལྷག་དང་། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བོད་དུ་ཕེབས་ཏེ་གངས་ཅན་གྱི་ལྗོངས་འདིར་སངས་རྒྱས་ཀྱི་བསྟན་པ་ཉི་མ་ཤར་བ་ལྟ་བུར་མཛད་②པའི་བསྟན་པ་ཕྱི་དར་གྱི་ལོ་ངོ་ཉིས་བརྒྱ་ལྷག་གི་དུས་སྐབས་འདི་གཉིས་ནི་རྒྱ་གར་འཕགས་པའི་ཡུལ་དང་བོད་ཀྱི་བར་དུ་ཆོས་དང་རིག་གནས་སོགས་ཕྱོགས་གང་ཅིའི་ཐད་ནས་ཕན་ཚུན་འགྲོ་འོང་གི་གཞི་རྒྱ་ཧ་ཅང་ཆེ་ལ་འབྲེལ་བ་ཆེས་ཟབ་པའི་དུས་སྐབས་ཁྱད་པར་བ་ཞིག་ཡིན། དུས་ཕྱིས་ཀྱི་ལོ་ངོ་བརྒྱ་ཕྲག་དུ་མའི་ཆོས་དང་རིག་གནས་ཀྱི་འགྲོ་འོང་ལས་རྒྱ་བོད་ལོ་པཎ་ལྷན་འཛོམས་ཀྱིས་བཀའ་བསྟན་གཙོས་རྒྱ་གར་འཕགས་པའི་ཡུལ་གྱི་ཆོས་དང་རིག་གནས་མ་ལུས་བོད་དུ་དྲངས་ཤིང་འཕྲིན་ལས་རྒྱས་པར་མཛད་པས་ན། འདི་ལ་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་ཞལ་ནས། “ཁ་བ་ཅན་ནི་སྔོན་སྲོལ་བཟང་ལས། །འོངས་པའི་ཡ་རབས་རྣམ་འགྱུར་གང་མཐོང་བ། །འཕགས་ཡུལ་སྐྱེ་བོའི་སྒོ་གསུམ་ཀུན་སྤྱོད་ཀྱི། །གཟུགས་བརྙན་འཕོས་པའི་རི་མོ་བཞིན་དུ་གནས། །” ③ཞེས་གསུངས་པ་ལྟར། རང་རེའི་བོད་ཀྱི་རིག་གནས་སྤྱི་དང་ཁྱད་པར་དུ་རང་ཉིད་ཀུན་ཤེས་བྱ་བའི་རིག་པ་སྟེ་ནང་བསྟན་རིག་གནས་ལ་རྒྱ་གར་རིག་གནས་ཀྱི་གྲུབ་ཆ་ཤིན་ཏུ་མང་ངོ་། །དེ་ལས་འདིར་རྒྱ་གར་འཕགས་པའི་ཡུལ་དང་བོད་དུ་དར་བའི་ལུགས་ཀྱི་བསྟན་བཅོས་ཀྱི་ཕྱི་ལུས་ཀྱི་རྣམ་གཞག་དང་ནང་དོན་གྱི་ཆ། གཞན་ད་དུང་འཕགས་བོད་ཡུལ་དུ་དར་བའི་ལུགས་ཀྱི་བསྟན་བཅོས་ལས་བྱུང་བའི་རིག་བྱེད་④གཏམ་རྒྱུད་སོགས་ཕན་ཚུན་གཤིབ་བསྡུར་སྒོས་ཅུང་ཟད་སྤྲོ་བར་བྱ་བ་ལ།
          དང་པོ། རྒྱ་གར་འཕགས་པའི་ཡུལ་དང་བོད་དུ་དར་བའི་ལུགས་ཀྱི་བསྟན་བཅོས་སྤྱིར་བཤད་པ། 
          དེ་ཡང་མཁས་དབང་དུང་དཀར་རིན་པོ་ཆེའི་ཞལ་ནས། “ལུགས་ཀྱི་བསྟན་བཅོས་ཞེས་པ་ནི་འཇིག་རྟེན་ཡ་རབས་ཀྱི་ལུགས་སྲོལ་དང་། སྲིད་དབང་བཟུང་ཐབས་ཀྱི་བསླབ་བྱ་ཕྱོགས་བསྡུས་བྱས་པའི་བསྟན་བཅོས་ལ་ཟེར།” ⑤ཞེས་གསུངས་ལ། ཀུན་གྱིས་ཤེས་གསལ་ལྟར་སློབ་དཔོན་ཀླུ་སྒྲུབ་(སྤྱི་ལོ་སྔོན་གྱི་481ནས་སྤྱི་ལོའི་1191)ནི་རྒྱ་གར་འཕགས་པའི་ཡུལ་གྱི་ལེགས་པར་བཤད་པ་ལུགས་ཀྱི་བསྟན་བཅོས་ཀྱི་ཤིང་རྟའི་སྲོལ་འབྱེད་ཡིན་པ་དང་། དུས་ཕྱིས་སུ་བྱུང་བའི་ལུགས་ཀྱི་བསྟན་བཅོས་མཐའ་དག་ནི་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་《ལུགས་ཀྱི་བསྟན་བཅོས་》རྣམས་ལ་དཔེ་མཛད་དེ་བརྩམས་པ་ཡིན་པས། རྒྱ་གར་མཁས་པས་མཛད་པའི་《ལེགས་བཤད་བསྟན་བཅོས་》དེ་དག་གི་རྣམ་པ་དང་། ནང་དོན། བརྗོད་བྱ་སོགས་གང་ཅིའི་ཐད་ལའང་ཕན་ཚུན་ཐུན་མོང་གི་ཆ་ནི་ཤིན་ཏུ་མང་ངོ་། །འཕགས་བོད་རིག་གནས་ཀྱི་བརྒྱུད་འབྲེལ་ལས་རྒྱ་གར་འཕགས་པའི་ཡུལ་གྱི་ལུགས་ཀྱི་བསྟན་བཅོས་རྣམས་རིམ་བཞིན་བོད་དུ་དར་བ་དང་། དེ་མུར་ས་པཎ་ནས་དེ་དག་ལ་དཔེ་མཛད་དེ་བོད་ཀྱི་ལེགས་བཤད་རྩོམ་ལུས་ཀྱི་སྲོལ་ཐོག་མར་ཕྱེས། ཕྱི་མ་ཕྱི་མ་ནི་སྔ་མ་སྔ་མ་ལས་བྱུང་བའམ་ཡང་ན་སྔ་མའི་རྨང་གཞིའི་སྟེང་གསར་གཏོད་མཛད་དེ་འཕེལ་རྒྱས་བྱུང་བ་ཞིག་ཡིན་པས། རྒྱ་གར་ལུགས་ཀྱི་བསྟན་བཅོས་དང་བོད་ཀྱི་ལེགས་བཤད་རྩོམ་རིག་གི་རྣམ་པ་དང་ནང་དོན་གང་གི་ཆ་ནས་ཀྱང་མཚུངས་ཆོས་ཤིན་ཏུ་མང་བ་དང་། བོད་ཀྱི་ལེགས་བཤད་ནི་རྒྱ་གར་གྱི་ལུགས་ཀྱི་བསྟན་བཅོས་ལ་ཐད་ཀར་ལད་འབྲི་བྱས་པ་ལས་ཐོན་པའི་རྩོམ་ལུས་ཤིག་གོ །⑥དེ་ལྟ་བུའི་ལེགས་བཤད་དེ་ནི་བརྗོད་བྱ་སྣ་མང་ཕུན་སུམ་ཚོགས་ལ། དཔེ་དོན་ལེགས་པར་སྦྱར་ཏེ་ཚིག་གི་སྦྱོར་བ་བཅད་པའི་སྒོ་ནས་སྟོན་པའི་རྩོམ་རིག་གི་བརྩམས་ཆོས་ཤིག་ལ་ཟེར་བ་ཡིན། སྐབས་སུ་བབ་པའི་ལེགས་བཤད་ཅེས་པར་ཡང་སྒྲ་ཡངས་འཇུག་དང་དོག་འཇུག་གི་དབྱེ་བ་གཉིས་སུ་དགར་ནས་བརྗོད་པར་བྱ་སྟེ། སྒྲ་ཡངས་འཇུག་གི་དབང་དུ་བྱས་ན་ཚིག་སྦྱོར་སྙན་ཞིང་དོན་གྱི་ཕྱུག་པའི་གསུང་དང་བསྟན་བཅོས་ཀུན་ལ་ལེགས་བཤད་ཅེས་བརྗོད་ལ། སྒྲ་དོག་འཇུག་གི་དབང་དུ་བྱས་ན་རྩོམ་སྟངས་ངེས་ཅན་ཞིག་གིས་འཆིང་བའི་རྩོམ་རིག་གི་རྣམ་པ་ཞིག་ལ་ལེགས་བཤད་ཅེས་བརྗོད་དོ། །⑦དེའང་དེ་གཉིས་ཕན་ཚུན་མི་འགལ་ཏེ། སྒྲ་དོག་འཇུག་གི་དབང་དུ་བྱས་པའི་བརྩམས་ཆོས་ཡིན་ན་སྒྲ་ཡངས་འཇུག་གི་དོན་གྱི་རང་བཞིན་ལྡན་པས་ཁྱབ་བོ། །ཡིན་ན་ཡང་། སྒྲ་ཡངས་འཇུག་གི་དོན་དང་ལྡན་པའི་བརྩམས་ཆོས་ཡིན་ན་སྒྲ་དོག་འཇུག་གི་དོན་གྱི་བདག་ཉིད་ལྡན་པའི་བརྩམས་ཆོས་ཡིན་པས་མ་ཁྱབ། འདིར་བཤད་པའི་ལེགས་བཤད་ཅེས་པ་ནི་ཕྱི་མ་སྟེ་སྒྲ་དོག་འཇུག་གི་དབང་དུ་བྱས་པའི་ལེགས་བཤད་ལ་གོ་བ་ཡིན།
          རྒྱ་གར་འཕགས་པའི་ཡུལ་གྱི་པཎྜིཏ་རྣམས་ཀྱིས་མཛད་པའི་ལུགས་ཀྱི་བསྟན་བཅོས་ལ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་《ཤེས་རབ་བརྒྱ་བ་》དང་《ལུགས་ཀྱི་བསྟན་བཅོས་ཤེས་རབ་སྡོང་བུ》 《ལུགས་ཀྱི་བསྟན་བཅོས་སྐྱེ་བོ་གསོ་ཐིགས》 རྒྱལ་པོ་ཙ་ན་ཀས་མཛད་པའི་《ཙ་ན་ཀའི་རྒྱལ་པོ་ལུགས་ཀྱི་བསྟན་བཅོས》 སློབ་དཔོན་ཉི་མ་སྦས་པའི་མཛད་པའི་《ཚིགས་སུ་བཅད་པའི་མཛོད》 སློབ་དཔོན་མཆོག་སྲེད་ཀྱིས་མཛད་པའི་《ཚིགས་སུ་བཅད་པ་བརྒྱ་བ》 སློབ་དཔོན་མ་སུ་རཀྵས་མཛད་པའི་《ལུགས་ཀྱི་བསྟན་བཅོས》 སློབ་དཔོན་དོན་ཡོད་འཆར་གྱིས་མཛད་པའི་《དྲི་མ་མེད་པའི་དྲིས་ལན་རིན་པོ་ཆེའི་ཕྲེང་བ་》སོགས་ཡོད་ལ། ལུགས་ཀྱི་བསྟན་བཅོས་འདི་དག་ནི་མཛད་པ་པོས་སྐབས་དེའི་སྤྱི་ཚོགས་ཀྱི་གནས་བབས་དང་བསྟུན་ཏེ་ཆབ་སྲིད་དང་དཔལ་འབྱོར། ཆོས་ལུགས། སློབ་གསོ། དམག་དོན་སོགས་འཇིག་རྟེན་མི་ཆོས་དང་འབྲེལ་བའི་བྱ་དངོས་མཐའ་དག་ལ་རྣམ་དཔྱོད་ཀྱི་རིག་པས་ལེགས་པར་དཔྱད་དེ། མཁས་བླུན་གྱི་བྱ་སྤྱོད་དང་བླང་དོར་གྱི་ཚད་གཞི། སྲིད་སྐྱོང་གི་ཐབས་ལམ། ཆོས་ལུགས་ཀྱི་བསམ་བློ་སོགས་ཀྱི་བསམ་བློའི་ཉིང་བཅུད་དག་ཡིག་ཐོག་ཏུ་བཀོད་པ་ཞིག་ཡིན་ལ། སྤྱི་ལོ་དུས་རབས་བརྒྱད་པ་ནས་དགུ་པའི་དུས་སུ་བོད་ཀྱི་ལོ་ཙཱ་བ་རྣམས་ཀྱིས་བསྟན་བཅོས་འདི་དག་བོད་དུ་དྲངས་ཤིང་བསྒྱུར་ཏེ་བསྟན་འགྱུར་ཁྲོད་ཆ་ཚང་བར་བཞུགས། མཁས་པའི་དབང་པོ་ས་སྐྱ་པཎྜིཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་(1182-1251)དེ་ཉིད་ཀྱིས་བོད་རང་སའི་ངག་རྒྱུན་དང་། གཏམ་རྒྱུད། གཏམ་དཔེ་སོགས་ངག་ཐོག་རྩོམ་རིག་གི་རྨང་གཞི་ཧ་ཅང་མཐུག་པོ་ཡོད་པ་གང་དེ་གཞིར་བྱས་ཐོག རྒྱ་གར་གྱི་ལུགས་ཀྱི་བསྟན་བཅོས་དག་གི་ལེགས་ཆ་རྣམས་ཕྱོགས་གཅིག་ཏུ་བསྡུས་ཏེ་བོད་ཀྱི་ལུགས་ཀྱི་བསྟན་བཅོས་ཏེ་ལེགས་བཤད་བསྟན་བཅོས་《ས་སྐྱ་ལེགས་བཤད་》དང་《སྐྱེས་བུ་རྣམ་འབྱེད་གཞོན་ནུའི་མགུལ་རྒྱན་ཞེས་བྱ་བ་》མཛད་པ་དང་། དེའི་ཤུགས་རྐྱེན་ལས་བོད་ཀྱི་ཡུལ་དུའང་པཎ་ཆེན་བསོད་ནམས་གྲགས་པས་(1478-1554)མཛད་པའི་《དགེ་ལྡན་ལེགས་བཤད་པདྨ་དཀར་པོའི་ཆུན་པོ་》དང་། སུམ་པ་ཡེ་ཤེས་དཔལ་འབྱོར་(1704-1788)གྱིས་མཛད་པའི་《མིའི་ཆོས་ལུགས་ཀྱི་བསྟན་བཅོས་མེ་ཏོག་ཕྲེང་མཛེས》 གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ་(1762-1823)ཡིས་མཛད་པའི་《ལེགས་པར་བཤད་པ་ཆུའི་བསྟན་བཅོས་ལུགས་གཉིས་རླབས་ཕྲེང་བརྒྱ་ལྡན་》དང་《ལེགས་པར་བཤད་པ་ཤིང་གི་བསྟན་བཅོས་ལུགས་གཉིས་ཡལ་འདབ་བརྒྱ་ལྡན》 འཇུ་མི་ཕམ་(1846-1912)གྱིས་མཛད་པའི་《རྒྱལ་པོ་ལུགས་ཀྱི་བསྟན་བཅོས་ས་གཞི་སྐྱོང་བའི་རྒྱན》 ནོམ་ཆི་མཁན་པོ་ངག་དབང་ཕུན་ཚོགས་(1882-1954)ཀྱིས་མཛད་པའི་《མེའི་བསྟན་བཅོས་ཐར་ལམ་གསལ་བའི་སྒྲོན་མེ་》སོགས་དང་། འཇམ་དཔལ་རོལ་བའི་བློ་གྲོས་(1888-1935)ཀྱིས་མཛད་པའི་《ལུགས་ཀྱི་བསྟན་བཅོས་དཔག་བསམ་ལྗོན་བཟང》 གཞན་ད་དུང་ཀུན་མཁྱེན་འཇིགས་མེད་གླིང་བ་(1729-1798)དང་། པཎ་ཆེན་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མ་(1883-1937) དཀྱིལ་ཟུར་བློ་བཟང་སྦྱིན་པ་(1821-?)སོགས་ཀྱིས་མཛད་པའི་《ལེགས་བཤད་བསྟན་བཅོས་》སོགས་མང་པོ་བྱུང་། དེར་བརྟེན། ས་པཎ་ནི་བོད་ཀྱི་ལེགས་བཤད་ཀྱི་ཐོག་མའི་སྲོལ་གཏོད་མཁན་མ་ཡིན་ནའང་། རྒྱ་གར་ལེགས་བཤད་བོད་དུ་བསྒྱུར་བར་དཔེ་བལྟས་ནས་ལེགས་བཤད་ཚན་པ་རེར་ཤོ་ལོ་ཀ་རེ་དང་། དེ་ཡང་དཔེ་དོན་ཟུང་འབྲེལ་གྱི་ཐབས་གཙོ་བོར་སྤྱད་ནས་དོན་མཚོན་པར་བྱེད་པའི་རྩོམ་སྲོལ་ཐོག་མ་གཏད་མཁན་ཡིན་པར་བཤད་ཆོག་པ་དང་།⑧ རྒྱ་གར་འཕགས་པའི་ཡུལ་དང་བོད་དུ་དར་བའི་ལེགས་བཤད་བསྟན་བཅོས་གང་ཡིན་ཡང་བརྗོད་བྱ་དང་རྗོད་བྱེད་ཀྱི་ཚིག་གང་གི་ཆ་ནས་ཀྱང་གཞན་དང་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་ཁྱད་ཆོས་མངོན་པར་གཏམས་ཡོད་ལ། འདིའི་སྐོར་སྐབས་སུ་བབ་པའི་བརྗོད་བྱ་དང་འབྲེལ་བ་ཆེར་མེད་པས་རེ་ཞིག་བཏང་སྙོམས་སུ་འཇོག་པར་བྱའོ། །
          གཉིས་པ། འཕགས་བོད་ཡུལ་དུ་དར་བའི་ལེགས་བཤད་རྩོམ་ལུས་དང་དེའི་ནང་དོན་སྐོར་བྱེ་བྲག་ཏུ་བཤད་པ།
          བོད་དུ་ལེགས་བཤད་རྩོམ་ལུས་དངོས་སུ་བྱུང་བ་ལ་བོད་རང་ས་ནས་ཐོན་པའི་ངག་ཐོག་དང་ཡིག་ཐོག་གང་རུང་གི་བསམ་བློའི་ས་བོན་ཡོད་པར་མ་ཟད། རྒྱ་གར་ལུགས་ཀྱི་བསྟན་བཅོས་ཀྱི་ཤན་ཤུགས་ཆེན་པོ་ཐེབས་ཡོད་པ་རེད། སྤྱིར་བོད་དུ་འཚོ་བའི་གོམས་སྲོལ་དང་བཅས་པའི་རིག་གནས་ཀྱི་ཕྱོགས་སོ་སོར་རྒྱ་གར་གྱི་ཆོས་ལུགས་རིག་གནས་ཀྱི་ཤན་ཤུགས་ཐེབས་ཡོད་པ་སོགས་གོང་དུ་ཞུས་ཟིན་པ་ལྟར་རོ། །བོད་དུ་གནའ་སྔ་མོའི་དུས་སུ་བོན་ཆོས་ཀྱི་རིག་གནས་དར་ཁྱབ་ཆེ་བ་དང་། དུས་རབས་བདུན་པའི་སྐབས་སུ་སངས་རྒྱས་ཆོས་ལུགས་བོད་དུ་དར་བས་ན་དེ་གཉིས་མཉམ་བསྲེས་སུ་གྲུབ་སྟེ། བན་བོན་གཉི་གའི་ཁྱད་ཆོས་ཟུང་དུ་བསྡུས་པའི་ཉིང་བཅུད་ལྟར་བོད་བརྒྱུད་ནང་བསྟན་བྱུང་། ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མའི་ཞལ་ནས། “ཆོས་དང་བོན་ཞེས་འགལ་བའི་ཚད་བྱེད་ཀྱང་། །ཆོས་ལ་བོན་འདྲེས་བོན་ལ་ཆོས་འདྲེས་པས། །ཆོས་མིག་རྡུལ་བྲལ་མི་ལྡན་བདག་ལྟ་བུ། ། ཆོས་བོན་སོ་སོར་འབྱེད་ལ་སྒྱིད་ལུག་འགྱུར། །” ⑨ཞེས་གསུངས་པ་བཞིན་ཆོས་བོན་སོ་སོར་འབྱེད་པའི་ངལ་བ་སུས་ཀྱང་བསྟེན་མི་དགོས་པའི་གནས་ལུགས་རྟོགས་ཐུབ་ཅིང་། དཔེ་དེ་མཚུངས་སུ་བོད་ཀྱི་ལེགས་བཤད་རྩོམ་ལུས་དེ་ཡང་འཕགས་བོད་ཟུང་གི་བསམ་བློའི་ཉིང་བསྡུས་རང་བཞིན་ཅན་གྱི་ཐོན་དངོས་ཤིག་ཡིན་པ་རེད། དེས་ན་སྐབས་འདིར་རྒྱ་གར་ལུགས་ཀྱི་བསྟན་བཅོས་བོད་དུ་བསྒྱུར་ནས་ལེགས་བཤད་རྩོམ་ལུས་བྱུང་བར་ཤན་ཞུགས་པའི་ཚུལ་མདོར་བསྡུས་ཤིག་གླེང་བར་བྱ་བ་ལ།
          རྒྱ་གར་ལུགས་ཀྱི་བསྟན་བཅོས་བོད་དུ་བསྒྱུར་བའི་དུས་སྐབས་ལ་བསྟན་པ་སྔ་དར་དང་ཕྱི་དར་གཉིས་ཡོད་དེ། བསྟན་པ་སྔ་དར་གྱི་སྐབས་སུ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་ཅིང་ལོ་ཙཱ་བ་ཆེན་མོ་སྐ་བ་དཔལ་བརྩེགས་ཀྱིས་བསྒྱུར་བའི་《ཤེས་རབ་བརྒྱ་བ་》དང་། སློབ་དཔོན་ཉི་མ་སྦས་པས་མཛད་ཅིང་ལོ་ཙཱ་བ་དཔལ་གྱི་ལྷུན་པོའི་སྡེས་བསྒྱུར་བའི་《ཚིགས་སུ་བཅད་པའི་མཛོད》 སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་ཅིང་ལོ་ཙཱ་བ་ཡེ་ཤེས་ལྡེས་བསྒྱུར་བའི་《ལུགས་ཀྱི་བསྟན་བཅོས་སྐྱེ་བོ་གསོ་བའི་ཐིགས་པ་》བཅས་བྱུང་བ་དང་། བསྟན་པ་ཕྱི་དར་གྱི་སྐབས་སུ་རྒྱལ་པོ་ཙ་ན་ཀས་མཛད་ཅིང་ལོ་ཙཱ་བ་རིན་ཆེན་བཟང་པོས་བསྒྱུར་བའི་《ཙ་ན་ཀའི་རྒྱལ་པོ་ལུགས་ཀྱི་བསྟན་བཅོས་》དང་། སློབ་དཔོན་མ་སུ་རཀྵས་མཛད་ཅིང་ལོ་ཙཱ་བ་ཤཱཀྱ་བློ་གྲོས་ཀྱིས་བསྒྱུར་བའི་《ལུགས་ཀྱི་བསྟན་བཅོས》 སློབ་དཔོན་མཆོག་སྲེད་ཀྱིས་མཛད་ཅིང་ལོ་ཙཱ་བ་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་བའི་《ཚིགས་སུ་བཅད་པ་བརྒྱ་བ་》བཅས་བྱུང་ཡོད། དེ་ལས་ཕྱི་མ་གསུམ་ནི་ཕལ་ཆེར་སྤྱི་ལོའི་དུས་རབས་བཅུ་པ་ཙམ་ནས་བཅུ་གཅིག་པའི་བར་དུ་རིམ་གྱིས་བྱུང་བ་ཡིན་པར་བཤད། དེ་བཞིན་དུ་《དགེ་ལྡན་ལེགས་བཤད་པདྨ་དཀར་པོའི་ཆུན་པོའི་འགྲེལ་པ་ཉི་མའི་འོད་ཟེར་》ལས། “ས་སྐྱ་པཎ་ཆེན་གྱིས་རྒྱ་གཞུང་རྣམས་ཀྱི་ལེགས་ཆ་བཏུས་ནས། མཁས་པ་དང་བླུན་པོའི་ཁྱད་པར་རྣམ་པར་དབྱེ་བའི་བསྟན་བཅོས་ལེགས་པར་བཤད་པ་རིན་པོ་ཆེའི་གཏེར་དང་། སྐྱེས་བུ་རྣམ་དབྱེ་གཞོན་ནུའི་མགུལ་རྒྱན་ཞེས་བྱ་བ། སྐལ་བ་དང་ལྡན་པ་དག་ལ་འཇིག་རྟེན་གྱི་བླང་དོར་ལྟ་བའི་མིག་ཏུ་བྱིན།” ⑩ཞེས་གསུངས་པ་བཞིན། རྒྱ་གར་གྱི་ལུགས་ཀྱི་བསྟན་བཅོས་དེ་དག་གིས་བོད་ཀྱི་ལེགས་བཤད་རྩོམ་ལུས་གྲུབ་པར་ཐད་ཀའི་ཤུགས་རྐྱེན་ཐེབས་ཡོད་པ་ནི། དུས་སྐབས་མི་འདྲ་བ་སོ་སོར་བོད་ཀྱི་མཁས་པ་རྣམས་ཀྱིས་རིམ་གྱིས་བསྒྱུར་བའི་འགྱུར་རྩོམ་རེ་རེར་མཇལ་ཚེ་གསལ་པོར་རྟོགས་ཐུབ། དེས་ན་འདིར་བསྟན་བཅོས་དེ་དག་ལས་དཔེ་མཚོན་ཁ་ཤས་དྲངས་ཏེ་བོད་ཀྱི་ལེགས་བཤད་རྩོམ་ཡིག་དང་བསྡུར་ནས་བཤད་པར་བྱ་སྟེ། 《ཙ་ན་ཀའི་རྒྱལ་པོ་ལུགས་ཀྱི་བསྟན་བཅོས་》 ལས། “ཕན་དང་མི་ཕན་དཔྱོད་པའི་བློ་མེད་ཅིང་། །བློ་དང་ཐོས་པ་མང་པོ་དང་བྲལ་བ། །ལྟོ་བ་འགངས་པ་འབའ་ཞིག་དོན་གཉེར་བ། །སྐྱེས་བུ་དེ་བསམ་ཕྱུགས་དང་ཁྱད་ཅི་ཡོད། །” ⑪ཅེས་བྱུང་བ་དང་། 《ས་སྐྱ་ལེགས་བཤད་》དུ། “ཚིག་དོན་གཉི་གའི་ཆ་ནས་དེ་དང་ཆེས་ཉེ་བའི་ཤོ་ལོ་ཀ་ཞིག་ཡོད་དེ། ཕན་དང་མི་ཕན་མི་དཔྱོད་ཅིང་། །བློ་དང་ཐོས་པ་མི་སྒྲུབ་པར། །ལྟོ་འགྲངས་འབའ་ཞིག་དོན་གཉེར་བ། །སྤུ་མེད་པ་ཡི་ཕག་པ་ཡིན། །” ⑫ཞེས་སྐྱེས་བུ་སུ་ཡིན་ཡང་གང་བརྩམས་ལས་ལ་ཐོག་མར་འཇུག་དུས་ཕན་གནོད་ཀྱི་ཆོས་སོ་སོར་རྣམ་པར་མི་དཔྱོད་ཅིང་ཐོས་བརྩོན་སྒྲུབ་པ་མི་ནུས་པར། རང་གི་ལྟོ་རྒྱབ་ཙམ་པོ་བའི་ཕྱིར་རྩོལ་བ་བྱེད་མཁན་རྣམས་ནི་ཕྱུགས་དང་མཚུངས་པའི་གནས་ལུགས་བསྟན་ཡོད།
          《ཤེས་རབ་སྡོང་བུ་》ལས། “བྱེ་བྲག་ཕྱེད་པའི་བློ་ལྡན་ཡང་། །བྱ་བ་གྲོས་ཀྱིས་བསྒྲུབ་པར་བྱ། །འགྲུབ་འགྱུར་ཁོ་ནར་མ་ཟད་ཀྱི། །མ་འགྲུབ་ན་ཡང་མཛེས་པ་ཡིན། །” ⑬ཞེས་དང་། 《ས་སྐྱ་ལེགས་བཤད་》ལས། “བློ་ལྡན་བྱ་བ་ཅུང་ཟད་ཀྱང་། །རྒྱུན་དུ་གྲོས་ཀྱིས་བསྒྲུབ་པར་བྱ། །གྲུབ་པར་གྱུར་ན་ལྟ་ཅི་སྨྲོས། །མ་གྲུབ་ན་ཡང་མཛེས་པའི་རྒྱུ། །” ⑭ཞེས་བྱུང་བ་རྣམས་ལས་མདོར་བསྡུས་ན་བྱ་བ་གང་ཞིག་བསྒྲུབ་དགོས་ཀྱང་ཕན་ཚུན་བར་ལ་བློ་མཐུན་གྲོས་འགྲིག་ཡོང་བ་ནི་ཤིན་ཏུ་ནས་ཀྱང་གལ་ཆེ་བར་བསྟན་ཡོད། 《ཙ་ན་ཀའི་རྒྱལ་པོ་ལུགས་ཀྱི་བསྟན་བཅོས་》ལས། “ཆོས་རྣམས་ཐམས་ཅད་མཉན་བྱ་ཞིང་། །ཐོས་པ་ཉིད་ཀྱང་གཟུང་བར་བྱ། །བདག་ཉིད་གང་ལ་མི་དགའ་ན། །གཞན་ལ་ཀུན་ཏུ་མི་སྤྱོད་དོ། །” ⑮ཞེས་དང་། 《ས་སྐྱ་ལེགས་བཤད་》དུ། “བདག་ཉིད་གང་ལ་མི་དགའ་བ། །གཞན་ལ་ཀུན་ཏུ་དེ་མི་བྱ། །གཞན་གྱིས་ཅུང་ཟད་གཙེས་པའི་ཚེ། །རང་ལ་བསམ་པ་ཅི་བྱུང་སོམས། །” ⑯ཞེས་ནང་པ་སངས་རྒྱས་པས་བསྟན་པའི་བདག་གཞན་མཉམ་བརྗེའི་བསམ་བློ་མཚོན་པར་བྱས་ཡོད། སྔ་མ་ལས་རང་ཉིད་དགའ་མགུ་མ་ཡིན་པའི་བྱ་བ་དེ་གཞན་ལའང་དུས་དང་རྣམ་པ་ཀུན་ཏུ་སྤྱོད་མི་རུང་བར་བཤད་པ་དང་། ཕྱི་མ་ལས་ཧ་ཅང་གསལ་ཁ་ཐོན་པའི་སྒོ་ནས་དེ་ལྟར་བྱེད་མི་རུང་བར་མ་ཟད། རང་ཉིད་ལ་གཞན་གྱིས་འཚེ་བ་ཅུང་ཟད་བྱས་ནའང་། སྡུག་བསྔལ་ག་འདྲ་འབྱུང་བའི་ཕྱོགས་ལ་བསམ་བློ་ཐོངས་ཤིག་ཅེས་མངོན་གསལ་དོད་པོས་གསལ་འདེབས་བྱས་ཡོད། ཡིན་ནའང་གཞི་རྩའི་སྟེང་ཚིག་རིས་ཙམ་མ་གཏོགས་དོན་གྱི་ཐད་ཧ་ལམ་གཅིག་མཚུངས་སུ་མཐོང་ངོ་། །
          《སྐྱེ་བོ་གསོ་ཐིགས་》ལས། “ཤེས་རབ་ལྡན་པ་ལུས་ཆུང་ཡང་། །དོར་ཐབས་ཅན་གྱིས་བརྙས་མི་བྱ། །དཔེར་ན་བློ་གསལ་རི་བོང་གིས། །སེང་གེ་སྲོག་དང་ཕྲལ་བ་བཞིན། །” ⑰ཞེས་དང་། 《ས་སྐྱ་ལེགས་བཤད་》ལས། “བློ་དང་ལྡན་ན་ཉམ་ཆུང་ཡང་། །སྟོབས་ལྡན་དགྲ་བོས་ཅི་བྱར་ཡོད། །རི་དྭགས་རྒྱལ་པོ་སྟོབས་ལྡན་ཡང་། །རི་བོང་བློ་དང་ལྡན་པས་བསད། །” ⑱ཅེས་པ་འདིར་མཚོན་ན། ཚིག་གི་སྦྱོར་བ་ཙམ་ལས་དཔེ་ཆོས་དང་བཅས་པ་ཡོངས་སུ་མཚུངས་པས་གཉི་ག་ངོ་བོ་དབྱེར་མེད་དུ་མཆིས།
          《ཤེས་རབ་སྡོང་བུ་》ལས། “བདེ་བ་འདོད་ན་རིག་པ་དོར། །རིག་པ་འདོད་ན་བདེ་བ་དོར། །བདེ་ལྡན་རིག་པ་ག་ལ་འགྲུབ། །རིག་པ་དོན་གཉེར་ག་ལ་བདེ། །” ⑲ཞེས་དང་། 《ས་སྐྱ་ལེགས་བཤད་》ལས། “མཁས་པ་སློབ་པའི་དུས་ན་སྡུག །བདེ་བར་སྡོད་ལ་མཁས་མི་སྲིད། །བདེ་བ་ཆུང་ལ་ཆགས་པ་དེ། །ཆེན་པོའི་བདེ་བ་ཐོབ་མི་སྲིད། །” ⑳་ཅེས་པ་ལས་ཀྱང་མདོར་བསྡུས་ན་རང་རྒྱུད་ལ་ཡོན་ཏན་འབྱོར་དགོས་ན་དཀའ་སྤྱད་སྡུག་རུས་བྱེད་དགོས་པའི་གནས་ལུགས་གསལ་བཤད་བྱས་ཡོད་ལ། ཚིག་ངོས་ཙམ་ལ་བལྟས་ཚེ་སོ་སོར་སྣང་ཡང་ཕྱི་མས་སྔ་མར་ཟུར་གཟིགས་མཛད་ཡོད་པ་ནི་མངོན་སུམ་གྱིས་གྲུབ་བོ། །
          གོང་དུ་གསལ་བ་བཞིན་ཆོས་རྗེ་ས་པཎ་གྱིས་རྒྱ་གར་ལུགས་ཀྱི་བསྟན་བཅོས་དག་ལ་དཔེ་གཟིགས་གནང་ཡོད་པ་ནི་མིག་མཐོང་ལག་ཟིན་དུ་སྣང་། བོད་ཀྱི་མཁས་པ་ཕྱི་མ་རྣམས་ཀྱིས་མཛད་པའི་ལེགས་བཤད་རྩོམ་ཡིག་ཏུའང་དཔེ་མཚོན་དེ་འདྲ་མང་དུ་ཡོད་པ་རྣམས་རིགས་བསྒྲེས་ཚེ་རྟོགས་སླ་བས། འདིར་བོད་ཀྱི་ལེགས་བཤད་བསྟན་བཅོས་ཐོག་མ་གང་དེ་གཞིར་བཟུང་ནས་གཤིབ་བསྡུར་ཐུང་ངུ་ཞིག་བྱས་པ་ཡིན། སྐབས་དེའི་བོད་ཀྱི་སྤྱི་ཚོགས་འཚོ་བ་དང་བསམ་བློའི་འདུ་ཤེས་སོགས་གང་ཐད་ནས་ཀྱང་ལེགས་བཤད་དེ་ལྟ་བུ་དང་ལེན་བྱེད་ཐུབ་པར་མ་ཟད་དགའ་བསུའང་ཆེན་པོ་ཐོབ་པར་གྱུར་པས། བོད་དུ་《ས་སྐྱ་ལེགས་བཤད་》ཀྱི་གྲགས་སྙན་བ་དན་དཀར་པོ་ལྷབ་ལྷུབ་ཏུ་བསྐྱོད་པར་གྱུར་པ་རེད། གནས་ཚུལ་འདི་ལས་ང་ཚོས་ཤེས་ཐུབ་པ་ཞིག་ལ། བོད་དུ་གནའ་སྔ་མོ་ཞིག་ནས་ལེགས་ཉེས་བླང་དོར་གྱི་གནས་འདོམས་པའི་བསམ་བློའི་འདུ་ཤེས་རྨ་མེད་ཅིག་གི་བག་ཆགས་མཐུག་པོ་ཡོད་པར་མ་ཟད། ཚད་ངེས་ཅན་ཞིག་ལ་སླེབས་ཡོད་པའི་སྟེང་རྒྱ་གར་ལུགས་ཀྱི་བསྟན་བཅོས་ཀྱི་རྗེས་སུ་འབྲངས་པའི་བརྩམས་ཆོས་འདི་དག་བྱུང་བ་ལ་མི་རྣམས་ཀྱིས་ཁ་མིན་སྙིང་ནས་དད་གུས་དང་ལེགས་སོ་ཕུལ་བས། རིམ་བཞིན་ལེགས་བཤད་དེ་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་རྩོམ་ལུས་བྱེ་བྲག་པ་ཞིག་ཏུ་གྱུར།
          གསུམ་པ། འཕགས་བོད་ཡུལ་དུ་དར་བའི་ལུགས་ཀྱི་བསྟན་བཅོས་ཁྲོད་ཀྱི་རིག་བྱེད་གཏམ་རྒྱུད་སྐོར་གྱི་དཔྱད་བསྡུར། 
          རྒྱ་གར་འཕགས་པའི་ཡུལ་དུ་རིག་བྱེད་དར་བའི་དུས་ནི་ཤིན་ཏུ་ནས་སྔ་ཞིང་། སྤྱི་ལོ་སྔོན་གྱི་ལོ་བཞི་བརྒྱ་ཙམ་ནས་བྱུང་བར་བཤད་པའི་རྒྱ་གར་གྱི་ཕྱི་རོལ་པའི་སྙན་ངག་གི་གཞུང་《མ་ཧཱ་བྷ་ར་ཏ་》དང་《རཱ་མ་ཡ་ནའི་རྟོགས་བརྗོད་》ལས་བྱུང་བའི་རིག་བྱེད་གཏམ་རྒྱུད་ནི་འཛམ་གླིང་གི་རྩོམ་རིག་ཕལ་ཆེ་བའི་འབྱུང་ཁུངས་ཡིན་པར་མ་ཟད། འདི་ནི་འཛམ་གླིང་རྩོམ་རིག་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་ནུས་པ་ཆེས་ཆེར་ཐོན་ཡོད་ལ། བོད་ཀྱི་རྩོམ་རིག་ནི་དེ་བས་ཀྱང་ངོ་། །རྒྱ་གར་འཕགས་པའི་ཡུལ་གྱི་ཕྱི་རོལ་པའི་རིག་བྱེད་གཏམ་རྒྱུད་རྣམས་བོད་དུ་དར་བའི་ཆ་ནས། གཅིག་ཏུ་ན་སངས་རྒྱས་ཀྱི་བསྟན་པ་བོད་ལྗོངས་སུ་དར་བ་དང་སྦྲགས་རྒྱ་བོད་ལོ་པཎ་ལྷན་འཛོམས་ཀྱིས་རྒྱ་གར་གྱི་ཆོས་དང་རིག་གནས་བོད་སྐད་དུ་བསྒྱུར་སྐབས་ཆོས་ཀྱི་གཞུང་དུ་ཡོད་པའི་རིག་བྱེད་ཀྱི་གཏམ་རྒྱུད་མང་པོ་དེ་དང་ལྷན་དུ་བོད་སྐད་དུ་བསྒྱུར་བ་དང་། ནང་པའི་ཆོས་གཞུང་བོད་དུ་དར་ཞིང་འཕེལ་བ་ན་དེའི་ཁྲོད་དུ་ཡོད་པའི་རིག་བྱེད་གཏམ་རྒྱུད་རྣམས་ཀྱང་ངང་ངམ་ཤུགས་ཀྱིས་བོད་ཀྱི་ཡུལ་གྲུ་སྟོད་སྨད་བར་གསུམ་དུ་དར་ཞིང་རྒྱས་པར་གྱུར། གཉིས་སུ་ན་བོད་ཀྱི་ལོ་ཙཱ་བ་རྣམས་རྒྱ་གར་འཕགས་པའི་ཡུལ་དུ་སློབ་གཉེར་དུ་ཕེབས་སྐབས་ཡུལ་དེ་ག་རུ་ཡོད་པའི་དམངས་ཁྲོད་གཏམ་རྒྱུད་མང་པོ་ཞིག་རྣ་ཐོས་སུ་གྱུར་པ་དང་། ཕྱིར་བོད་དུ་ཕེབས་རྗེས་རང་ཉིད་ལ་བྱང་ཆ་ལྡན་པའི་རྒྱ་གར་འཕགས་པའི་ཡུལ་གྱི་གཏམ་རྒྱུད་དག་ཆོས་ཀྱི་དགོངས་དོན་དང་སྦྲགས་ཏེ་འཆད་ཉན་སྤེལ་བས་ན། གཏམ་རྒྱུད་མང་པོ་ཡང་ཆོས་ཀྱི་འཆད་ཉན་དང་ལྷན་དུ་བོད་དུ་སྤེལ་བ་ལ། དེ་ཡང་ངག་ནས་ངག་བརྒྱུད་དེ་རིམ་གྱིས་བོད་དམངས་བྱིངས་ཀྱི་ཁྲོད་དར་ཞིང་འཕེལ་བར་གྱུར་ཏེ། བོད་རང་གི་ས་སྐྱེས་རྡོ་སྐྱེས་ཀྱི་དམངས་ཁྲོད་ངག་རྒྱུན་དང་ལྷན་དུ་བསྡེབས་ནས་བོད་རང་གི་ཐུན་མོང་མ་ཡིན་པའི་དམངས་ཁྲོད་རྩོམ་རིག་གི་གྲུབ་ཆ་ཤིན་ཏུ་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་བཞིན་ནོ། །
          འདིར་ཀུན་ལ་རྒྱུས་མངའ་ཡོད་པའི་《ས་སྐྱ་ལེགས་བཤད་》དང་གནའ་བོའི་རྒྱ་གར་གྱི་《ལུགས་ཆེན་པོའི་གཏམ་རྒྱུད་ལྔ་བ་》གཙོ་བྱས་ཏེ་རྒྱ་གར་འཕགས་པའི་ཡུལ་དུ་དར་བའི་རིག་བྱེད་གཏམ་རྒྱུད་དང་བོད་དུ་དར་བའི་ལེགས་བཤད་རྩོམ་ལུས་ཁྲོད་ཀྱི་རིག་བྱེད་གཏམ་རྒྱུད་གཉིས་ཕན་ཚུན་དཔྱད་བསྡུར་བྱ་བ་དང་། རྒྱ་གར་ལུགས་བསྟན་དག་གིས་བོད་ཀྱི་ལེགས་བཤད་རྩོམ་ལུས་ལ་ཐེབས་པའི་ཤན་ཤུགས་དེ་ལུང་རིགས་དཔེ་གསུམ་གྱིས་བསྒྲུབ་པར་བྱ་བ་ལ།
          བོད་ཀྱི་ལོ་རྒྱུས་ཆོས་འབྱུང་རྣམས་སུ་བཙན་པོ་སྤུ་དེ་གུང་རྒྱལ་གྱི་དུས་སུ་“མདོ་སྡེ་འབྱུང་བའི་ལྟས་སུ་སྒྲུང་རྣམས་དར། རོ་ལངས་གསེར་སྒྲུབ་ཀྱི་སྒྲུང་དང་མ་སངས་ཀྱི་སྒྲུང་། མཆིལ་པའི་སྒྲུང་སོགས་ཉན་བཤད་དང་” (21)ཞེས་གསུངས་པ་བཞིན། དུས་སྐབས་དེ་ནས་བཟུང་རྒྱ་གར་འཕགས་པའི་ཡུལ་གྱི་རོ་སྒྲུང་བོད་དུ་དར་བར་བཤད་ཅིང་། དེ་ཡང་ཐོག་མར་རྒྱ་གར་གྱི་རོ་ལངས་ཀྱི་སྒྲུང་ཉེར་ལྔ་ཞེས་པ་ལས་བྱུང་བར་བཤད། རོ་ལངས་ཀྱི་སྒྲུང་ཉེར་ལྔ་ནི་གཏམ་རྒྱུད་ཆུང་བ་ཉེར་བཞི་གཏམ་རྒྱུད་ཆེན་པོ་གཅིག་གིས་ལྷན་དུ་སྦྲེལ་ཞིང་། བོད་དུ་དར་བའི་རོ་ལངས་གསེར་འགྱུར་གྱི་སྒྲུང་དང་མི་རོ་རྩེ་སྒྲུང་སོགས་ཀྱང་ཕྱིའི་རྣམ་པ་ཙམ་ལས་བྱུང་རིམ་སྤྱིའི་ཆ་ནས་རོ་ལངས་ཀྱི་སྒྲུང་ཉེར་ལྔ་དང་ཆུ་ལ་ཆུ་བཞག་གི་ཚུལ་དུ་གནས་ཡོད། ཡིན་ན་ཡང་རོ་ལངས་གསེར་འགྱུར་གྱི་སྒྲུང་སོགས་བོད་དུ་དར་ནས་དུས་ཡུན་ཤིན་ཏུ་རིང་པོ་ཕྱིན་པས། བོད་རང་སའི་དམངས་ཁྲོད་གཏམ་རྒྱུད་དང་ལྷན་དུ་འདུས་ནས་བོད་རང་གི་ཁྱད་ཆོས་ཀྱིས་མངོན་པར་གཏམས་ཤིང་གཉི་ག་ཕན་ཚུན་ངོ་བོ་དབྱེར་མེད་ལྟ་བུར་གནས་ཡོད་པ་མིག་མཐོང་ལག་ཟིན་ཏུ་སྣང་། རོ་ལངས་གསེར་འགྱུར་སྒྲུང་ལས་གཞན་བོད་ལ་དར་ཁྱབ་ཅུང་ཆེ་བའི་རྒྱ་གར་འཕགས་པའི་ཡུལ་གྱི་རིག་བྱེད་གཏམ་རྒྱུད་ནི་पञ्च तन्त्र(པཉྩ་ཏནྟ)སྟེ་《ལུགས་ཆེན་པོའི་གཏམ་རྒྱུད་ལྔ་བ་》 《五卷书》ཞེས་པ་ཡིན་ནོ། །བསྟན་བཅོས་འདི་ལ་ཁྱོན་ཡོངས་ལ་ལེགས་བཤད་ཆིག་སྟོང་བརྒྱ་མེད་བཅུ་གསུམ་ཡོད་དེ། དེ་ཡང་གླེང་གཞི་ལས་བྱུང་བའི་ལེགས་བཤད་ལྔ་ཕུད་རྗེས། བམ་པོ་དང་པོ་ལ་ལེགས་བཤད་བཞི་བརྒྱ་དང་བཞི་བཅུ། བམ་པོ་གཉིས་པར་ལེགས་བཤད་བརྒྱ་དང་གོ་དགུ། བམ་པོ་གསུམ་པར་ལེགས་བཤད་ཉིས་བརྒྱ་དང་སོ་བཞི།(བམ་པོ་གསུམ་པའི་གཏམ་རྒྱུད་བརྒྱད་པ་ནི་ཚིགས་བཅད་དེ་ལེགས་བཤད་ཞེ་ལྔས་གྲུབ་པ་ཡིན) བམ་པོ་བཞི་པར་ལེགས་བཤད་རེ་དྲུག བམ་པོ་ལྔ་པར་ལེགས་བཤད་དོན་བཞི་བཅས་སོ། ། བསྟན་བཅོས་འདི་ནི་དུས་ནམ་ཞིག་ལ་བྱུང་བར་མཁས་པ་སོ་སོའི་བཞེད་ཚུལ་ཐུན་མིན་དུ་གནས་ཏེ། རྒྱའི་མཁས་པ་ཧྲང་ཧེ་ཕུན་གྱིས་སྤྱི་ལོ་སྔོན་གྱི་དུས་རབས་གཉིས་པ་ནས་གསུམ་པའི་བར་བྱུང་(22)བར་འདོད་པ་དང་། གཞན་སྤྱི་ལོ་སྔོན་གྱི་དུས་རབས་དྲུག་པ་ནས་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་བར་དུ་བྱུང་བ་ཡིན་པ་སོགས་བཞེད་ཚུལ་དུ་མ་མཆིས། ཡིན་ན་ཡང་། གནའ་བོའི་རྒྱ་གར་གྱི་ལོ་རྒྱུས་དང་རིག་གནས་སྨྲ་བ་ཅི་ཞན་ལིན་(季羡林)གྱིས་གསུངས་པ་ལྟར་ན། “གལ་སྲིད་གནའ་བོའི་རྒྱ་གར་གྱི་རྩོམ་རིག་ལ་རིག་བྱེད་ཀྱི་དུས་སྐབས་(སྤྱི་ལོ་སྔོན་གྱི་དུས་རབས་བཅོ་ལྔ་ནས་སྤྱི་ལོའི་དུས་རབས་ལྔ་པའི་བར་)དང་སྒྲུང་རབས་ཆེན་མོའི་དུས་སྐབས།(སྤྱི་ལོ་སྔོན་གྱི་དུས་རབས་བཞི་པ་ནས་སྤྱི་ལོའི་དུས་རབས་གསུམ་པ་དང་བཞི་པའི་བར)གནའ་རབས་རྩོམ་རིག་(སྤྱི་ལོའི་དུས་རབས་དང་པོ་ནས་དུས་རབས་བཅུ་གཉིས་པའི་བར་)བཅས་དབྱེ་བ་གསུམ་དུ་ཕྱེས་ཚེ། ལུགས་ཆེན་པོའི་གཏམ་རྒྱུད་ལྔ་བ་ནི་གནའ་རབས་རྩོམ་རིག་གི་དུས་སྐབས་ཧྲིལ་པོར་ཁྱབ་ནས་ཡོད།” (23) ཅེས་དང་། གཞན་ཡང་རྒྱ་གར་རིག་གནས་སྨྲ་བ་མཁས་དབང་ཅིན་ཁོ་མུ་(金克木)ཡིས། “ད་ལྟའི་ལུགས་ཆེན་པོའི་གཏམ་རྒྱུད་ལྔ་བ་ལ་དཔེ་རྒྱུན་ཁ་ཤས་ཡོད་དེ། དེ་དག་ལས་ཆེས་སྔ་བ་ནི་སྤྱི་ལོའི་དུས་རབས་གཉིས་པ་དང་གསུམ་པའི་བར་དུ་བྱུང་བ་དང་། ཆེས་ཕྱི་མ་དེ་མ་མཐའ་ཡང་དུས་རབས་བཅུ་གཉིས་པར་གྲུབ་པ་ཡིན་ལ། ད་ལྟ་རྒྱ་གར་ཡུལ་དུ་དར་ཁྱབ་ཆེ་བའི་ལུགས་ཆེན་པོའི་གཏམ་རྒྱུད་ལྔ་བ་ནི་གོང་དུ་ཞུས་ཟིན་པའི་དཔེ་རྒྱུན་གང་ཡང་མ་ཡིན་པར་དེ་གཉིས་ཀྱི་བར་གྱི་དཔེ་རྒྱུན་ཞིག་ཡིན་” (24) ཞེས་གསུངས་སོ། །ད་ལྟ་བདག་ཅག་གི་མཐོང་དུ་ཡོད་པའི་བསྟན་བཅོས་འདི་ཉིད་ནི་1959ལོར་ཅི་ཞན་ལིན་གྱིས་བསྒྱུར་ཞིང་མི་རིགས་རྩོམ་རིག་དཔེ་སྐྲུན་ཁང་གིས་པར་བསྐྲུན་མཛད་པའི་རྒྱ་འགྱུར་མའི་པར་ཕུད་ཡིན་པ་དང་། པར་ཕུད་དེ་ཉིད་དཔེ་སྐྲུན་མཛད་པ་ནས་1981ལོའི་པར་ཐེངས་གསུམ་བར་ཁྱོན་བསྡོམས་དེབ་ཉིས་ཁྲི་བཞི་སྟོང་ལྷག་པར་དུ་བསྐྲུན། 2016 ལོར་ཁྲུང་ཆིང་དཔེ་སྐྲུན་ཁང་གིས་དེབ་གྲངས་ལྔ་སྟོང་པར་དུ་བསྐྲུན་ཏེ་བཀྲམས། ད་ལྟའི་བར་དུ་《ལུགས་ཆེན་པོའི་གཏམ་རྒྱུད་ལྔ་བ་》འདི་ལ་རྒྱ་ཡིག་གི་པར་གཞི་མི་འདྲ་བ་གསུམ་ཙམ་བྱུང་ཡོད་པ་རེད།
          བསྟན་བཅོས་འདི་ཉིད་རང་རེའི་སྐད་ལ་ཆ་ཚང་བར་བསྒྱུར་མེད་མོད། འོན་ཀྱང་། འཕགས་བོད་ལོ་ཙཱའི་བརྒྱུད་རིམ་ཁྲོད་ཞུ་ཆེན་གྱི་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་དང་ཡེ་ཤེས་སྡེ་སོགས་ཀྱིས་རྒྱ་གར་གྱི་ལུགས་ཀྱི་བསྟན་བཅོས་ཆེན་མོ་བདུན་ནམ་བརྒྱད་སྔ་ཕྱིར་བོད་སྐད་དུ་བསྒྱུར་བ་དང་། དེ་དག་གི་ཁྲོད་དུ་《ལུགས་ཆེན་པོའི་གཏམ་རྒྱུད་ལྔ་བ་》ཡི་ནང་དོན་ཐོ་རེ་ལོང་ངེ་ཙམ་ཞིག་ཚིགས་བཅད་ཀྱི་ལམ་ནས་བོད་སྐད་དུ་བསྒྱུར་ཡོད་དེ། དཔེར་ན། རང་རེ་ཀུན་ལ་རྒྱུས་མངའ་ཤིན་ཏུ་ཆེ་བའི་《ས་སྐྱ་ལེགས་བཤད་》གཙོས་པའི་ལུགས་ཀྱི་བསྟན་བཅོས་སམ་ལེགས་བཤད་བསྟན་བཅོས་སྐོར་ཞིག་ཡོད་པ་དེ་དག་དང་། དེ་དག་གི་རྩ་འགྲེལ་དང་《ལུགས་ཆེན་པོའི་གཏམ་རྒྱུད་ལྔ་བ་》གཉིས་ཕན་ཚུན་བསྡུར་ཏེ་དཔྱད་པ་ན། ཕན་ཚུན་བར་འབྲེལ་བ་ངེས་ཅན་ཡོད་པ་ངང་ངམ་ཤུགས་ཀྱིས་ཐོན་ཡོང་།
          གཅིག 《ས་སྐྱ་ལེགས་བཤད་》དང་《ལུགས་ཆེན་པོའི་གཏམ་རྒྱུད་ལྔ་བ》《ས་སྐྱ་ལེགས་བཤད་》ཀྱི་ཁྲོད་དུ་ཁྱོན་བསྡོམས་གཏམ་རྒྱུད་65ཡོད་པ་དང་། དེ་ལས་《ལུགས་ཆེན་པོའི་གཏམ་རྒྱུད་ལྔ་བ་》དང་མཚུངས་པའི་གཏམ་རྒྱུད་ཁག་བཅུ་བཞི་ཡོད་དེ།ཞིབ་མོར་གཤམ་གྱི་རེའུ་མིག་ཏུ་གསལ།

          འདིར་བཀོད་པའི་《ས་སྐྱ་ལེགས་བཤད་》ཀྱི་རྩ་འགྲེལ་ནི་2006ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་《ལེགས་བཤད་བསྟན་བཅོས་ཕྱོགས་བསྒྲིགས་》དེབ་གཉིས་པ་ལྟར་བཀོད་པ་ཡིན་ལ། རྩ་འགྲེལ་འདི་ལྟར་ན་《ས་སྐྱ་ལེགས་བཤད་》ཀྱི་ཤོ་ལོ་ཀ་རེ་བཞི་པའི་འགྲེལ་བའི་བར་བཅུག་གི་གཏམ་རྒྱུད་ལ་ཝ་སྐྱེས་རྒྱལ་པོར་བསྐོས་པའམ་པགས་སྔོན་ཝ་ཞེས་བྲིས་ཡོད་པ་དང་། 《ལུགས་ཆེན་པོའི་གཏམ་རྒྱུད་ལྔ་བ་》ཡི་རྒྱུད་དང་པོའི་གཏམ་རྒྱུད་བཅུ་གཅིག་པ་རུ་འཕར་སྤྱང་སྔོན་པོ་ཞེས་བྲིས་པ་ལས་གཞན་གཏམ་རྒྱུད་ཀྱི་བྱུང་རིམ་དང་ནང་དོན་བཅས་ཆ་ཚང་ཆུ་ལ་ཆུ་བཞག་ལྟར་སྣང་ངོ་། །འདིའི་ཕྱིས་ཀྱི་《སྐྱེ་བོ་གསོ་བའི་ཐིགས་པ་》ལས་ཀྱང་དེ་བཞིན་དུ་ཡིན་པས་ཐུགས་འཇགས་མཛོད། གཞན་ཡང་། 《ས་སྐྱ་ལེགས་བཤད་》ཀྱི་ཤོ་ལོ་ཀ་ཉིས་བརྒྱ་དོན་བདུན་པའི་འགྲེལ་བ་ལ་ཝ་སྐྱེས་མགོ་བོ་བཀས་པ་ཞེས་པའི་གཏམ་རྒྱུད་ལས་གཞན་བྲམ་ཟེ་ཡིས་རྡུལ་སྐྱེལ་བ་དང་། ཕོ་ཉ་མོ་ཡིས་སྣ་བྲེགས་པ་ཞེས་པའི་གཏམ་རྒྱུད་ཁག་གཉིས་བསྟུད་མར་སྤེལ་ཡོད་པས། 《ས་སྐྱ་ལེགས་བཤད་》ཀྱི་རྩ་འགྲེལ་འདི་དང་《ལུགས་ཆེན་པོའི་གཏམ་རྒྱུད་ལྔ་བ་》གཉིས་ཕན་ཚུན་བསྡུར་ཏེ་དཔྱད་པ་ན་གཏམ་རྒྱུད་བཅོ་ལྔ་ཕན་ཚུན་འདྲ་མཚུངས་སུ་སྣང་། དེ་ལས་གཞན། བསོད་ནམས་རྒྱལ་མཚན་གྱིས་བརྩམས་ཤིང་། 2011ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་བསྐྲུན་བྱས་པའི་《ས་སྐྱ་ལེགས་བཤད་ཀྱི་འགྲེལ་པ་གསར་བུའི་དགའ་སྟོན་ཞེས་བྱ་བ་བཞུགས་སོ་》ཞེས་པ་ལྟར་ན་《ས་སྐྱ་ལེགས་བཤད་》ཀྱི་ཤོ་ལོ་ཀ་ཉིས་བརྒྱ་དོན་བདུན་པའི་འགྲེལ་བ་ལ་གཏམ་རྒྱུད་གཅིག་ཁོ་ན་མ་གཏོགས་བཀོལ་མེད་པས་ན། བསྟན་བཅོས་གང་དེ་གཉིས་ལས་གཏམ་རྒྱུད་བཅུ་གསུམ་ཕན་ཚུན་འདྲ་མཚུངས་སུ་སྣང་ངོ་། །རྩ་བ་གཅིག་གི་འགྲེལ་བ་གཉིས་ཀྱི་དཔྱད་བསྡུར་བ་ལས་རྟོགས་ཐུབ་པ་ནི། གཏམ་རྒྱུད་གཅིག་གི་ནང་དོན་དང་བརྒྱུད་རིམ་སོགས་ཤིན་ཏུ་ནས་མཚུངས་ལ། རྩ་བའི་དགོངས་འགྲེལ་ཁྲོད་དུ་ནང་དོན་ཁ་གསལ་དང་གོ་བདེ་ཆེད་གཏམ་རྒྱུད་ལ་མང་ཉུང་ཨེན་ཙམ་རེ་མཆིས་པ་རེད། འདིར་《ས་སྐྱ་ལེགས་བཤད་》ཀྱི་རྩ་འགྲེལ་སྔ་མའི་ལུགས་ལྟར་གཏམ་རྒྱུད་ཀྱི་གྲངས་བླངས་པས་ན་གཏམ་རྒྱུད་བཅོ་ལྔ་པོ་ཕན་ཚུན་འདྲ་མཚུངས་སུ་མཆིས།
          གཉིས། 《སྐྱེ་བོ་གསོ་ཐིགས་》དང་《ལུགས་ཆེན་པོའི་གཏམ་རྒྱུད་ལྔ་བ》
          《སྐྱེ་བོ་གསོ་ཐིགས་》ཀྱི་འགྲེལ་བ་ལས་གཏམ་རྒྱུད་སོ་བདུན་ཡོད་པ་དང་། དེ་ལས་གཏམ་རྒྱུད་བཅུ་《ལུགས་ཆེན་པོའི་གཏམ་རྒྱུད་ལྔ་བ་》དང་མཚུངས་ཏེ། ཞིབ་གསལ་གཤམ་གྱི་རེའུ་མིག་ཏུ་འགོད་པ་ལ།

          《སྐྱེ་བོ་གསོ་ཐིགས་》ནི་རྒྱ་གར་རང་གི་མཁས་པས་མཛད་པའི་ལུགས་ཀྱི་བསྟན་བཅོས་ཤིག་ཡིན་ལ། བསྟན་བཅོས་ཀྱི་འགྲེལ་བ་ཡོངས་ལ་གཏམ་རྒྱུད་སོ་བདུན་བཀོལ་སྤྱོད་གནང་ཡོད་པ་དང་། དེ་ལས་གཏམ་རྒྱུད་བཅུ་ནི་《ལུགས་ཆེན་པོའི་གཏམ་རྒྱུད་ལྔ་བ་》དང་ཤིན་ཏུ་ནས་མཚུངས་པ་གོང་གསལ་ལྟར་རོ། །དེ་ལས་ལྗི་བ་དང་སྒོམ་ཆེན་ཞེས་པའི་གཏམ་རྒྱུད་ལ་མཚོན་ན། 《ལུགས་ཆེན་པོའི་གཏམ་རྒྱུད་ལྔ་བ་》ལས་ཤིག་དང་རྒྱལ་པོའི་བར་གྱི་གཏམ་རྒྱུད་ཡིན་པ་དང་། 《སྐྱེ་བོ་གསོ་ཐིགས་》ལས་ལྗི་བ་དང་སྒོམ་ཆེན་བར་གྱི་གཏམ་རྒྱུད་དུ་བྱས་ཡོད་པ་དང་། གཞན་ཁྲོན་པར་ལྷུང་བའི་མི་ཞེས་པའི་གཏམ་རྒྱུད་ལ་མཚོན་ན།གཏམ་རྒྱུད་ཁྲོད་ཀྱི་མི་སྣ་གཙོ་བོ་རྣམས་སོ་སོར་མཆིས་པ་ལས། གཏམ་རྒྱུད་ཀྱི་ནང་དོན་དང་། བྱུང་རིམ། བསྟན་དོན་སོགས་གང་ཅིའི་ཐད་ནས་ཕན་ཚུན་གཅིག་མཚུངས་ཡིན། དེའང་ལུགས་ཀྱི་བསྟན་བཅོས་《སྐྱེ་བོ་གསོ་བའི་ཐིགས་པ་》ཞེས་བྱ་བའི་འགྲེལ་བ་ལས། གཏམ་རྒྱུད་ཁྲོད་ཀྱི་མི་སྣ་གཙོ་བོ་ནི་བྷི་ར་ཧ་ཞེས་པའི་ཐང་ཡངས་པོ་ཞིག་ལ་དང་པོར་གྲོང་ཁྱེར་ཞིག་ཡོད་པ་ལས། ཕྱིས་གྲོང་ཁྱེར་དེ་གཞན་དུ་འཕོས་ནས་ཐང་སྟོང་དུ་སོང་བ་ཞིག་ན། ཁྲོན་པ་སྐམ་པོ་ཞིག་ཡོད་པའི་ནང་དུ་མི་གཅིག་དང་། ཁྲ་གཅིག བྱི་བ་གཅིག དུག་སྦྲུལ་གཅིག་བཅས་བཞི་ལྷུང་སྟེ་ཡོད་པ་ལས་ཐབས་ལ་མཁས་པའི་མི་ཞིག་ཡོང་བས་མཐོང་སྟེ་སྙིང་རྗེ་ནས་ཐབས་དུ་མའི་སྒོ་ནས་དེ་རྣམས་ཁྲོན་པའི་སྟེང་ལ་བཏོན་ནོ། །ཡིན་ན་ཡང་《ལུགས་ཆེན་པོའི་གཏམ་རྒྱུད་ལྔ་བ་》ལས་བྲམ་ཟེ་ཡཛྙདཏྟ(यज्ञदत्त)ཞེས་པ་ཡོད་པ་དེ་ནི་ཧ་ཅང་སྒྱིད་ལུག་ཅན་ཞིག་ཡིན་པས། ཁྱིམ་གྱི་སོ་ཚིས་རྣམས་དོར་ཏེ་དུས་རྣམ་ཀུན་ཏུ་བག་ཕེབས་ངང་གནས་པས་ན། ཆུང་མས་མ་བཟོད་པར་ཟས་འཚོལ་བར་བསྒོས། ཁོ་རང་ཚང་གི་ནགས་ཚལ་ཞིག་བརྒྱུད་སྐབས་ཁྲོན་པ་ཞིག་རྙེད་པ་དང་དེའི་ནང་དུ་སྟག་གཅིག་དང་། སྤྲེའུ་གཅིག སྦྲུལ་གཅིག མི་གཅིག་བཅས་ཡོད་པ་མཐོང་བ་ན། སྙིང་རྗེ་སྐྱེས་ཏེ་ཐབས་དུ་མ་ལ་བརྟེན་ནས་དེ་དག་རེ་རེ་བཞིན་ཕྱིར་བཏོན་པ་དང་།མཐར་དེ་དག་གི་རོགས་རམ་ལ་བརྟེན་ནས་ཁོ་རང་གི་འཚོ་བའང་ཇེ་རྒྱས་ཇེ་ལེགས་སུ་སོང་བ་འཁོད་ཡོད་ལ། གཏམ་རྒྱུད་དེ་གཉིས་ཁྲོད་ཀྱི་མི་སྣ་དག་གི་མིང་ཙམ་ལས་གཞན་གཏམ་རྒྱུད་ཀྱི་ནང་དོན་དང་བྱུང་རིམ་སོགས་ནི་ཕན་ཚུན་ཤིན་ཏུ་ནས་མཚུངས་སོ། །
          གསུམ། 《དགེ་ལྡན་ལེགས་བཤད་》དང་《ལུགས་ཆེན་པོའི་གཏམ་རྒྱུད་ལྔ་བ》
          《དགེ་ལྡན་ལེགས་བཤད་》ཀྱི་འགྲེལ་བ་ལས་གཏམ་རྒྱུད་71ཡོད་པ་དང་། དེ་ལས་གཏམ་རྒྱུད་6ནི་《ལུགས་ཆེན་པོའི་གཏམ་རྒྱུད་ལྔ་བ་》དང་མཚུངས། 
 
          གོང་གསལ་འདི་དག་ལས་གཞན་ད་དུང་ཀུན་ལ་རྒྱུས་མངའ་ཤིན་ཏུ་ཆེ་བའི་《དཔེ་ཆོས་རིན་ཆེན་སྤུངས་པ་》ལ་མཚོན་ན། དེར་ཁྱོན་བསྡོམས་གཏམ་རྒྱུད་698ལྷག་ཡོད་པ་དང་། དེ་ལས་གཏམ་རྒྱུད་6ནི་《ལུགས་ཆེན་པོའི་གཏམ་རྒྱུད་ལྔ་བ་》དང་ཤིན་ཏུ་མཚུངས་པ་རེད། ཡང་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་《ཤེས་རབ་སྡོང་བུ་》ལ་ཁྱོན་བསྡོམས་ཤོ་ལོ་ཀ་277ཡོད་པ་དང་། དེའི་འགྲེལ་བ་ལས་གཏམ་རྒྱུད་4ནི་《ལུགས་ཆེན་པོའི་གཏམ་རྒྱུད་ལྔ་བ་》དང་ཤིན་ཏུ་མཚུངས།
          《ལུགས་ཆེན་པོའི་གཏམ་རྒྱུད་ལྔ་བ་》ལ་གཏམ་རྒྱུད་ཆེ་ཤོས་ཁག་ལྔ་ཡོད། འོན་ཀྱང་། རྒྱ་གར་འཕགས་པའི་ཡུལ་གྱི་མཁས་པས་མཛད་པའི་ལུགས་ཀྱི་བསྟན་བཅོས་དང་བོད་དུ་དར་བའི་ལེགས་པར་བཤད་པ་ལུགས་ཀྱི་བསྟན་བཅོས་གང་ཡིན་ཡང་། དེའི་ཁྲོད་དུ་བྱུང་བའི་རིག་བྱེད་གཏམ་རྒྱུད་རྣམས་ནི་རྒྱུད་ལྔ་བ་ཡན་གྱི་གཏམ་རྒྱུད་ལས་རྒྱུད་ལྔ་བའི་ཁྲོད་ཀྱི་གཏམ་རྒྱུད་ནི་གཅིག་ཀྱང་མཐོང་རྒྱུ་མི་འདུག འདི་ལས་ཤེས་རྟོགས་ཐུབ་པ་ནི་འཕགས་བོད་ཡུལ་དུ་ལུགས་ཀྱི་བསྟན་བཅོས་ཐོག་མར་དར་བའི་དུས་སྐབས་སུ་《ལུགས་ཆེན་པོའི་གཏམ་རྒྱུད་ལྔ་བ་》འདི་ཉིད་ད་དུང་ཆ་ཡོངས་སུ་གྲུབ་མེད་པ་དང་། འཕགས་བོད་ཡུལ་དུ་དར་བའི་ལུགས་ཀྱི་བསྟན་བཅོས་ཁྲོད་ཀྱི་རིག་བྱེད་གཏམ་རྒྱུད་རྣམས་ཀྱང་ཕན་ཚུན་གོ་བསྡུར་ཚེ། དེ་དག་ལས་གཏམ་རྒྱུད་ལ་ལ་ནི་གནའ་བོའི་རྒྱ་གར་གྱི་《ལུགས་ཆེན་པོའི་གཏམ་རྒྱུད་ལྔ་བ་》ཡི་ཁྲོད་ཀྱི་གཏམ་རྒྱུད་ཇི་བཞིན་དུ་དྲངས་ཡོད་པ་དང་། གཏམ་རྒྱུད་ལ་ལ་ཞིག་གནའ་བོའི་རྒྱ་གར་གྱི་གཏམ་རྒྱུད་དེ་དག་ལ་བཟོ་བཅོས་གང་ལ་གང་འཚམ་བརྒྱབ་སྟེ་བོད་རང་གི་ངག་རྒྱུན་དང་གཏམ་རྒྱུད་སོགས་དང་ལྷན་དུ་བསྡོངས་ནས་བརྩམས་ཡོད་པ་དང་། གཏམ་རྒྱུད་འདིའི་རིགས་ནི་གཏམ་རྒྱུད་ཀྱི་གཞུང་རྐང་གཅིག་ཡིན་པ་ལ་དེའི་ཁྲོད་ཀྱི་མི་སྣ་དང་དོན་གྱི་བྱུང་རིམ་སོགས་ལ་བཟོ་བཅོས་གང་ལ་གང་འཚམ་བརྒྱབ་ཡོད་པ་ལས་གཏམ་རྒྱུད་སྤྱིའི་ནང་དོན་དང་བྱུང་རིམ་སོགས་ནི་ཕན་ཚུན་གཅིག་མཚུངས་སུ་སྣང་། གསུམ་པ་ནི་གནའ་བོའི་རྒྱ་གར་གྱི་རིག་བྱེད་གཏམ་རྒྱུད་གཞིར་བྱས་ཐོག་ཐུན་མོང་མ་ཡིན་པའི་གཏམ་རྒྱུད་གསར་པ་ཞིག་གསར་རྩོམ་གནང་སྟེ་བསྟན་བཅོས་ཁྲོད་བཀོལ་སྤྱོད་བྱས་ཡོད་པ་བཅས་རིགས་གསུམ་དུ་སྣང་བ་རེད།ཡིན་ན་ཡང་འདིར་ཡིག་ཚོགས་ལ་འཇིགས་ནས་དཔེར་བརྗོད་རེ་གཉིས་ཙམ་གྱིས་འཐུས་པར་བྱས་སོ། ། 
          མཇུག་བསྡུ་བ།
          དེ་ལྟར་འཕགས་བོད་ཡུལ་དུ་དར་བའི་ལེགས་བཤད་སྤྱི་དང་ཞར་དུ་ལེགས་བཤད་ཅེས་པའི་རྩོམ་ལུས་བྱེ་བྲག་པ་དང་དེའི་ནང་དོན། སྒོས་སུ་ལེགས་བཤད་བསྟན་བཅོས་ཁྲོད་ཀྱི་རིག་བྱེད་གཏམ་རྒྱུད་དང་གནའ་བོའི་རྒྱ་གར་གྱི་《ལུགས་ཆེན་པོའི་གཏམ་རྒྱུད་ལྔ་བ་》ཡི་ཁྲོད་ཀྱི་རིག་བྱེད་གཏམ་རྒྱུད་བཅས་པ་ཕན་ཚུན་གཤིབ་བསྡུར་བྱས་ཏེ་དཔྱད་པ་རགས་ཙམ་བྱས་པ་ལས་རྟོགས་ཐུབ་པ་ནི་བོད་ཀྱི་ལེགས་བཤད་བསྟན་བཅོས་ལ་དངོས་ཤུགས་གང་རུང་ནས་རྒྱ་གར་ལུགས་བསྟན་གྱི་ཤན་ཤུགས་ངེས་ཅན་ཞིག་ཐེབས་ཡོད་པ་ནི་སྨོས་མ་དགོས། འདིར་རྒྱ་གར་འཕགས་པའི་ཡུལ་གྱི་ལུགས་བསྟན་དང་བོད་དུ་དར་བའི་ལེགས་བཤད་རྩོམ་ལུས་དང་དེའི་ནང་དོན་ཐད་ཀྱི་བསམ་ཚུལ་ཐུང་ངུ་ཞིག་སྤྲོས་ཟིན་པ་གཞིར་བཞག་ནས་བཤད་ན། རྒྱ་གར་ལུགས་བསྟན་འགྱུར་མ་རྣམས་ད་ལྟའང་རེ་རེ་བཞིན་མཇལ་རྒྱུ་འདུག་པས། དེ་ལ་ལུས་དང་ནང་དོན་གཉིས་ཆ་ནས་གཤིབ་བསྡུར་བྱེད་སླ་ཞིང་།ཤན་ཤུགས་ཐེབས་ཚུལ་ཡང་རེ་རེ་བཞིན་ངོ་སྤྲོད་ཐུབ་ཅིང་གསལ་འདོན་བྱེད་སླ་བ་རེད། དེ་ལྟ་བུའི་གནས་བབ་འོག་ཏུ་ཤེས་ལྡན་པ་མང་པོ་ཞིག་གིས་བོད་ཀྱི་ལེགས་བཤད་དེ་རྒྱ་གར་གྱི་ལུགས་ཀྱི་བསྟན་བཅོས་དག་གི་ཐད་ཀའི་ཤུགས་རྐྱེན་ཁོ་ན་ལས་བྱུང་བར་བཞེད་མོད། འོན་ཀྱང་ཁོ་བོའི་བསམ་ཚུལ་ལ་རྒྱ་གར་གྱི་རྩོམ་སྲོལ་དེ་ལྟ་བུ་ཞིག་བོད་ཀྱི་རྩོམ་རིག་གར་སྟེགས་སུ་བུད་དེ་ལེགས་འགྲུབ་ཆེན་པོ་བྱུང་བ་ནི་ལྟོས་དབང་ཙམ་ཞིག་གཏན་ནས་ཡིན་མི་སྲིད་པས། དེ་ལ་བོད་རང་གི་ངག་ཐོག་རྩོམ་རིག་དང་ཡིག་ཐོག་རྩོམ་རིག་གང་རུང་གི་བསམ་བློའི་རྨང་གཞི་ཧ་ཅང་བརྟན་པོ་ཞིག་ཡོད་པ་ནི་དཔྱད་པ་ཙམ་གྱིས་ཡིད་ལ་ངེས་ཐུབ་པ་རེད། 
          ལྷག་དོན་དུ་དུས་རབས་ཉི་ཤུ་པའི་སྟོད་ཙམ་ལ། རྒྱ་གར་གྱི་གནའ་རབས་ལོ་རྒྱུས་དང་རིག་གནས་སྨྲ་བ་ཅི་ཞན་ལིན་གྱིས་བསྡོམས་རྩིས་གནང་བ་ལྟར་ན། གནའ་བོའི་རྒྱ་གར་གྱི་《ལུགས་ཆེན་པོའི་གཏམ་རྒྱུད་ལྔ་བ་》འདི་ཉིད་འཛམ་གླིང་གི་སྐད་རིགས་ལྔ་བཅུ་ལྷག་ལ་བསྒྱུར་ཡོད་སྐད། ཡིན་ན་ཡང་རང་རེའི་བོད་ལ་ཤུགས་རྐྱེན་རྒྱ་ཆེར་ཐེབས་མྱོང་བའི་བསྟན་བཅོས་འདི་ཉིད་ད་སྔ་བར་དུ་སྔོན་བྱོན་མཁས་པ་སུ་ཞིག་གིས་ཀྱང་རང་རེའི་སྐད་ལ་ཆ་ཚང་བར་བསྒྱུར་ཡོད་པ་ཞིག་མ་མཐོང་ལ། ཕྱི་རབས་པ་ག་གེ་མོ་ཞིག་གིས་བསྒྱུར་བཞིན་པའི་སྐད་སོགས་ཀྱང་ཐོས་མྱོང་མེད། འོན་ཀྱང་གནའ་དེང་གི་མཁས་པ་རྣམས་ཀྱིས་བསྟན་བཅོས་འདི་ཉིད་ཀྱི་རིན་ཐང་མ་རྟོགས་པ་ཡིན་མི་སྲིད་པས། ལོ་ངོ་སྟོང་ལྷག་ལ་ཉེ་བའི་འཕགས་བོད་རིག་གནས་འབྲེལ་འདྲིས་ཀྱི་བརྒྱུད་རིམ་ཁྲོད་བསྟན་བཅོས་འདི་ཉིད་རང་རེའི་སྐད་ལ་ཆ་ཚང་བར་བསྒྱུར་མེད་པ་འདི་ཡང་ང་ཚོས་བསམ་བློ་གཏོང་དགོས་པའི་གནས་ཤིག་ཡིན་པར་འདོད་དོ། །
          དཔྱད་གཞིའི་ཡིག་ཆ།
②ས་སྐྱ་བསོད་ནམས་རྒྱལ་མཚན། 《རྒྱལ་རབས་གསལ་བའི་མེ་ལོང》[M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 1982ལོ། ཤོག་ངོས་245
③དགེ་འདུན་ཆོས་འཕེལ། 《མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་འབུམ》(པོད་དང་པོ)[G] ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1990ལོ། ཤོག་ངོས་1
④རིག་བྱེད་ཅེས་པ་ལེགས་པར་སྦྱར་བ་སཾསྐྲྀཏི་སྐད་དུ་བེད་(बेड)ཞེས་པ་བོད་སྐད་དུ་བསྒྱུར་བ་ཡིན་པ་དང་གསལ་བའི་དོན་ལ་འཇུག་པར་གྲགས། རྒྱའི་སྐད་དུ་ཧྥེ་ཐོ་(吠陀)ཞེས་ཟེར། བོད་སྐད་ཀྱི་དབང་དུ་བྱས་ན་རིག་བྱེད་ཅེས་པ་ཡང་སྐབས་ཐོབ་ཀྱི་དབང་གིས་ཕྱི་རོལ་པའི་རིག་པའི་གཞུང་ལུགས་སྤྱི་ལ་གོ་བ་དང་ཡང་ན་སྙན་ངག་རིག་པར་གོ་བ། ཕྱི་ནང་གི་བརྡ་སྤྲོད་ཀྱི་གཞུང་ལ་གོ་བ་སོགས་ཤིན་ཏུ་མང་། ཡིན་ན་ཡང་། འདིར་ཕྱི་རོལ་པའི་རིག་བྱེད་ཀྱི་གཞུང་ལས་བྱུང་བ་ལྷ་སྒྲུང་ལ་གོ་བ་ཡིན་ནོ། །
⑤དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་རྩོམ་སྒྲིག་མཛད། 《དུང་དཀར་ཚིག་མཛོད་ཆེན་མོ》 [Z] པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2002ལོ། ཤོག་ངོས་1957
⑥གཅོད་པ་དོན་གྲུབ་དང་རྣམ་སྲས་གཉིས་ཀྱིས་བསྒྲིགས། 《བོད་ཀྱི་རྩོམ་རིག་ལོ་རྒྱུས》(དེབ་གཉིས་པ) [G] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2009ལོ། ཤོག་ངོས་144
⑦གུང་ཐང་བསྟན་པའི་སྒྲོན་མེ་སོགས་ཀྱིས་བརྩམས། 《ལེགས་བཤད་བསྟན་བཅོས་ཕྱོགས་བསྒྲིགས》(དེབ་བཞི་པ) [G] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2005ལོ། ཤོག་ངོས་2-3
⑧ལྷག་པ་ཆོས་འཕེལ། 《བོད་ཀྱི་རྩོམ་རིག་ལོ་རྒྱུས》(སྨད་ཆ)[M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2006ལོ། ཤོག་ངོས་417
⑨ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ། 《ཐུའུ་བཀྭན་གྲུབ་མཐའ》[M] ལན་ཀྲོའུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1991ལོ། ཤོག་ངོས་389
⑩ཨ་ཀཱ་ཡོངས་འཛིན་བློ་བཟང་དོན་གྲུབ། 《དགེ་ལྡན་ལེགས་བཤད་ཀྱི་འགྲེལ་བ་ཉི་མའི་འོད་ཟེར》[M] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1995ལོ། ཤོག་ངོས་271
⑪⑬⑮⑰རྒྱ་ཡེ་བཀྲ་བྷོས་རྩོམ་སྒྲིག་བྱས། 《ལེགས་བཤད་ཟླ་བའི་སྣང་བ》[G] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2006ལོ། ཤོག་ངོས་591;506; 570; 535
⑫⑭⑯⑱ས་པཎ་ཀུན་དགའ་རྒྱལ་མཚན། 《ས་སྐྱ་ལེགས་བཤད》[M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2006ལོ། ཤོག་ངོས་24; 95; 107; 10
⑲རྒྱ་ཡེ་བཀྲ་བྷོས་རྩོམ་སྒྲིག་བྱས། 《ལེགས་བཤད་ཟླ་བའི་སྣང་བ》[G] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2006ལོ། ཤོག་ངོས་529
⑳ས་པཎ་ཀུན་དགའ་རྒྱལ་མཚན། 《ས་སྐྱ་ལེགས་བཤད》[M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2006ལོ། ཤོག་ངོས་10
(21)དཔའ་བོ་གཙུག་ལག་ཕྲེང་བ། 《ཆོས་འབྱུང་མཁས་པའི་དགའ་སྟོན》(སྟོད་ཆ)[M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 1985ལོ། ཤོག་ངོས་164
(22)尚会鹏:《印度文化史》[M],桂林:广西师范大学出版社,2007年,第161页。
(23)季羡林:《论<五卷书>》[J],《外国文学》1981年第2期。 
(24)金克木:《梵语文学史》[M],南昌:江西教育出版社,1999年,第214页

རྩོམ་ཡིག་སྔོན་མ།
乡城·红军长征纪念馆
རྩོམ་ཡིག་རྗེས་མ།
《求是》杂志发表习近平总书记重要文章

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1