༄༅།། ཚ་མོ་གཉིས་ལ་སྤྲིངས་པའི་འཕྲིན་ཡིག་གཤོག་ཐོགས་མ།

བྱང་གྲོལ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 11-01



ཟི་ལིང་། བྱང་གྲོལ།

    དབང་མོ་དང་ཚེ་བྷ་གཉིས་ལ།
        ཐོག་མར་ཁྱོད་གཉིས་ཀྱིས་བདེ་བླག་ངང་སློབ་ཆེན་དུ་རྒྱུགས་འཕྲོད་པ་ལ་ཡང་བསྐྱར་རྟེན་འབྲེལ་ཞུ། མི་གྲངས་ཀྱིས་ཐག་གཅོད་བྱས་པའི་རྒྱུགས་ལེན་ལམ་ལུགས་འདིའི་ཁྲོད་དུ་བདེ་བླག་ངང་སློབ་ཆེན་འགྲིམ་རྒྱུ་དེ་ཡང་ལས་སླ་མོ་ཞིག་གཏན་ནས་མ་ཡིན་པས། འདི་ནི་དངོས་གནས་དྲང་གནས་རྟེན་འབྲེལ་ཞུ་རིན་ལྡན་པ་ཞིག་རེད།
        སྤྱིར་ན་ཆ་འཕྲིན་དུས་རབས་འདི་འདྲ་ཞིག་ལ་འཕྲིན་ཡིག་ཅིག་སྤྲིངས་པའི་དགོས་པ་ཆེར་མེད་ལ། ཡང་གནས་ལུགས་ཆེན་པོ་ཆེན་པོ་ཞིག་ཀྱང་བརྗོད་རྒྱུ་མི་འདུག་མོད། ཁྱོད་གཉིས་སློབ་ཆེན་འགྲིམས་པ་ལ་དགའ་བ་མ་མནོན་པ་དང་གཅིག ཁོ་བོར་སློབ་ཆེན་འགྲིམས་པའི་ཉམས་མྱོང་ཙམ་ཞིག་བརྗོད་པའི་འདུན་པ་ཆེ་བ་དང་། ཁོར་ཡུག་གསར་པ་དང་སློབ་གྲོགས་གསར་པར་འགྲོགས་པའི་ཁྲོད་དུ་གྱོང་རེག་པར་འདོད་པའི་སེམས་ཁུར་ལྷག་མ་ཞིག་དང་ལྷན་དུ་འཕྲིན་ཡིག་འདི་འདྲ་ཞིག་འབྲི་བའི་ངལ་བ་བསྟེན་པ་ཡིན། ད་ནི་མཐོ་འབྲིང་དང་བར་ཁྱད་ཆེ་བའི་ཁོར་ཡུག་གསར་པ་དེར། ཁྱོད་གཉིས་ཀ་ཡང་རེ་ཞིག་ཅུང་ཧ་ལས་པ་དང་ལོབས་ཀྱིན་མེད་པའི་གནས་སྐབས་སུ་ལུས་ཡོད་ཀྱང་སྲིད། གང་ལྟར་ཁོར་ཡུག་གིས་མི་སེམས་ལ་བསྒྱུར་བཅོས་ཐེབས་ནའང་། དེ་ཕྱོགས་གང་ལ་ཁྲིད་རྒྱུ་ནི་རང་སེམས་ལ་ཐུག དེ་རིང་ཁོ་བོས་བརྗོད་འདོད་པ་ནི་སློབ་ཆེན་གྱི་ལོ་ངོ་བཞི་ནི་བལྟས་ཚོད་ཀྱིས་རིང་པོ་རིང་པོ་ཞིག་ཏུ་སྣང་སྲིད་མོད། དོན་དུ་དེ་ནི་སྐད་ཅིག་ཙམ་དུ་ཡལ་འགྲོ་ཟེར་ན་འུད་བརྗོད་ཀྱི་ཆ་ཞིག་འདྲེས་ཀྱང་། དོན་དངོས་ནི་དངོས་གནས་དེ་འདྲ་ཞིག་རེད་ལགས་པས། སློབ་ཆེན་གྱི་ལོ་ངོ་བཞི་བོ་ནི་ཆུ་ཚོད་བཞིའི་དུས་ཡུན་ཙམ་དུ་བསམས་ཏེ། ཉིན་དང་པོ་ནས་འབད་བརྩོན་དང་ཐོག་མ་ཉིད་ནས་འཆར་གཞི་ཞིག་བཟོ་རྒྱུ་ཤིན་ཏུ་གལ་ཆེ། འབད་བརྩོན་བྱེད་པ་ལ་ཡང་ཁ་ཕྱོགས་ཡང་དག་ཅིག་དང་འཆར་གཞི་རྒྱུན་ལྡན་ཅན་ཞིག་དགོས་ཏེ། བྲེལ་བ་ཆེ་བ་ཁོ་ནས་ཅི་ཡང་མི་ཕན། ཁོ་བོའི་བསྒྱུར་དེབ《དམིགས་ཡུལ་གྱི་སྟོབས་ཤུགས》ནང་དུ་ཡང་བྲེལ་བ་གྲོག་མ་ལའང་ཆེ་ཞེས་བརྗོད་འདུག་པ་ཁྱོད་གཉིས་ཀྱིས་ཀྱང་བལྟས་ཡོད་སྲིད། བྱ་བ་གང་དང་གང་ཞིག་ཡིན་ཡང་སྒྲུབ་མ་ཐག་ནས་སྔར་མེད་པ་དང་འཐུས་ཚང་བ་ཞིག་བསྒྲུབ་འདོད་པ་ནི་ནར་མ་སོན་པའི་རྟགས་ཏེ། བྱ་བ་གང་ཡིན་ཡང་ཉི་མ་རེ་རེ་བཞིན་དུ་འཆར་གཞི་དང་ལྡན་པའི་སྒོ་ནས་རིམ་གྱིས་བསྒྲུབ་རྒྱུ་གལ་ཆེ་བ་ལས། ལྟོགས་པའི་དུས་ཀྱི་ཟས་བཟའ་བ་བཞིན་དུ་སྐད་ཅིག་ཙམ་ལ་འབད་པ་བྱས་པས་མི་ཕན་པ་སྔོན་བྱོན་མཁས་པ་མང་པོའི་གསུང་རབ་ཁག་ཏུ་གསལ་བ་བཞིན་ནོ། །
        སློབ་གྲྭའི་སྐོར་གྱི་མཉམ་འཇོག་དགོས་ས་འགའ་རེ་བཤད་ན། སློབ་གྲྭ་སོ་སོ་དང་སློབ་གླིང་སོ་སོ། ཐ་ན་འཛིན་གྲྭ་སོ་སོ་ལ་སྒྲིག་ལམ་དང་སྒྲིག་གཞི་ཅི་དང་གང་ཡོད་པ་མཐའ་དག་བརྩི་སྲུང་བྱ་དགོས་པར་མ་ཟད། མཐར་ཕྱིན་འཛིན་ཡིག་དང་བསླབ་གནས་འཛིན་ཡིག་ལེན་པ་ལ་ཆ་རྐྱེན་མང་པོ་ཞིག་འཛོམས་དགོས་ཏེ། དཔེར་ན་དབྱིན་ཡིག་གི་རིམ་པ་གང་རུང་ཞིག་གི་འཛིན་ཡིག་ལེན་དགོས་པ་དང་རྩིས་འཁོར་གྱི་རིམ་པ་གང་རུང་ཞིག་གི་འཛིན་ཡིག་ལེན་དགོས་པ་ལྟ་བུ་རེད། སྤྱིར་ན་འཛིན་ཡིག་མང་པོ་ཞིག་གིས་མི་ཞིག་གི་འཇོན་ནུས་དང་རིན་ཐང་ཡོངས་སུ་མཚོན་མི་ཐུབ་ཀྱང་། མཐར་ཕྱིན་འཛིན་ཡིག་དང་བསླབ་གནས། འབྲེལ་ཡོད་ཀྱི་འཛིན་ཡིག་ཡོད་ཚད་དུས་ལྟར་ལོན་དགོས་པར་མ་ཟད། ཟུར་ནས་བླངས་ཆོག་པ་དང་ལེན་དགོས་པའི་འཛིན་ཡིག་མཐའ་དག་ཀྱང་ལེན་ཅི་ཐུབ་བྱས་ན་བཟང་ལས་ངན་མེད་པ་ཁོ་བོས་གདེང་ཚོད་ལྡན་པའི་སྒོ་ནས་ཁྱོད་གཉིས་ལ་སྨྲ་ཐུབ།
        སློབ་ཆེན་ནི་མཐོ་འབྲིང་དང་མི་འདྲ་བར་ནམ་རྒྱུན་འཛིན་བདག་དགེ་རྒན་རྗེས་སུ་དེད་དེད་ལ་མི་འདུག་པས། རང་རྟོགས་ཀྱིས་སློབ་སྦྱོང་བྱ་རྒྱུ་ནི་གལ་ཆེ། སློབ་ཁྲིད་ཀྱི་ཞོར་དུ་ཞར་སྦྱོང་སློབ་ཁྲིད་མང་ལ་དེ་དག་ཀྱང་རྒྱུགས་ཚད་ལོངས་དགོས་པར་མ་ཟད། དགེ་རྒན་རྣམས་ཀྱི་གསུང་བརྩི་རྒྱུ་ནི་སློབ་མ་ཞིག་གི་མ་མཐའི་འོས་འགན་དང་བསྲུང་བྱ་རེད།འདིའི་ཕྱོགས་ནས་ཁྱོད་གཉིས་ལ་མང་པོ་བཤད་མི་དགོས་ཏེ།ཆུང་དུས་ནས་ཁྱོད་གཉིས་ནི་བུ་མོ་ཡ་རབས་གཉིས་ཡིན་པས་ང་ལ་ཡང་ཁྱོད་གཉིས་ཀས་ལེགས་པོ་ཞིག་བསྒྲུབ་ནུས་པའི་ཡིད་ཆེས་ཡོད།དེས་ན་སློབ་ཁྲིད་མེད་པའི་སྐབས་སུ་དཔེ་མཛོད་ཁང་དུ་འགྲོ་རྒྱུ་ལ་གོམས་སུ་འཇུག་རྒྱུ་ཧ་ཅང་གཙོ། སློབ་ཆེན་དུ་སློབ་ཁྲིད་ཡོད་པའི་དུས་ལས་མེད་པའི་དུས་རིང་བས།རྒྱུན་དུ་དཔེ་ཁང་དུ་འཛུལ་ནས་དཔེ་ཀློག་ལ་གོམས་རྒྱུ་ནི་སློབ་མ་བཟང་པོ་ཞིག་དང་སློབ་སྦྱོང་ལེགས་པོ་ཞིག་བྱ་བའི་གོམ་པ་ཐོག་མ་ཡིན། ཡང་ཅིག་བཤད་ན་དཔེ་མཛོད་ཁང་ནི་ཤེེས་རིག་གི་བང་མཛོད་རང་ཡིན་པས།དེ་ལ་མ་ལོབས་པ་ནི་གྱོང་གུད་ཆེན་པོ་ཞིག་ཀྱང་ཅི་ལ་མིན། དེ་བས་སློབ་ཆེན་པ་ཞིག་ལ་མཚོན་ན་འདི་ཡང་དོན་དག་གལ་ཆེན་གྲས་ཀྱི་གཅིག་རེད། དེ་མིན་སློབ་ཆེན་ནང་དུ་འཆད་ཁྲིད་མང་པོ་ཞིག་བཀོད་སྒྲིག་བྱ་སྲིད་པས། དེ་དག་ལ་ཅིས་ཀྱང་ཉན་དགོས་ཏེ། དེ་ནི་འཆད་མཁན་གང་གིས་དུས་ཡུན་རིང་པོར་ཞིབ་འཇུག་བྱས་པའི་འབྲས་བུའི་ཉིང་བཅུད་ལྟ་བུ་ཡིན་པས། དེ་ལ་མཉན་ན་གཞུང་དེ་ལ་བལྟ་མ་ཐུབ་ཀྱང་གཞུང་དེའི་ཉིང་བཅུད་དང་། ཡང་ན་དུས་སྐབས་གང་དེའི་འཕེལ་ལུགས་ཤེས་ཐུབ་པར་མ་ཟད། འཆད་མཁན་དགེ་རྒན་གང་དེའི་ལྟ་ཚུལ་དང་ལྟ་བ་རྨང་ནས་རྟོགས་ཐུབ་པས་ཡིན།
        དེ་ནས་རང་རེའི་ཕ་མ་དང་ཁོར་ཡུག་གི་མི་མང་པོས་ཁ་ཏོན་བཞིན་ཟློ་བ་སྟེ། སློབ་སྦྱོང་བྱ་དོན་སློབ་ཆེན་འགྲིམས་པའི་ཆེད་དང་། སློབ་ཆེན་འགྲིམས་དོན་རྒྱལ་ཁབ་ཀྱི་གཞུང་ཞབས་པ་ཞིག་ཏུ་འགྱུར་རྒྱུ་ཡིན་ལ། དོན་དུ་ཡང་དེང་གི་དུས་སུ་དེ་འདྲ་ཞིག་ཏུ་སྣང་མོད། ཁོ་བོས་དེ་ལྟར་མི་འདོད་དེ། སློབ་ཆེན་མཐར་ཕྱིན་མ་ཐག་རང་གིས་འདོད་པ་བཞིན་གྱི་བྱ་བ་ཞིག་རེག་ན་ཡག་ཐོག་རྒྱན་བརྩེགས་ཀྱི་དཔེ་རུ་འགྲོ་ཡང་། དོན་དམ་དུ་བོད་པ་སློབ་ཆེན་པ་ཚོ་ང་རྒྱལ་གྱིས་འགྲིམས་ཆོག་སའི་ལས་ཁུངས་དང་ལས་གནས་ག་ཚོད་ཅིག་ཡོད་པ་གཞན་ལ་འདྲི་ག་ལ་དགོས། དེ་མིན་ཡང་སློབ་སྦྱོང་བྱ་དོན་དང་སློབ་ཆེན་འགྲིམས་དོན་ནི་ཤེས་བྱ་སྣ་མང་ཞིག་སློབ་པའི་ཆེད་དང་། ཡང་ན་མི་བཟང་པོ་ཞིག་ཇི་ལྟར་བྱེད་པའི་གོ་རིམ་ཡིན་པར་མ་ཟད། ད་རུང་ཁོ་བོར་གཞན་ལས་ལྷག་པའི་བསམ་ཚུལ་ཞིག་ཡོད་པ་ནི། སློབ་གྲྭ་ཆེན་མོ་ནི་གྲོགས་བཟང་པོ་བསྒྲིག་སའི་ཁོར་ཡུག་བླ་ན་མེད་པ་ཞིག་ཀྱང་རེད་འདོད། དེ་ཡང་སློབ་ཆེན་སྐབས་ཀྱི་སློབ་གྲོགས་ནི་ཤེས་བྱས་ཕྱུག་ཅིང་བློ་སྤོབས་ཀྱིས་ཁེངས་པའི་ན་གཞོན་རྐྱང་རྐྱང་ཡིན་པའི་ཆ་ནས། སྐྱིད་སྡུག་མཉམ་མྱོང་དང་ལྷག་བསམ་རྣམ་པར་དག་པས་གྲོགས་བསྒྲིག་རིན་ཡོད་པར་མ་ཟད། མ་འོངས་པར་སྤྱི་ཚོགས་འགྲིམས་དུས་ཀྱང་ཕན་ཚུན་ལ་རོགས་རམ་ཐུབ་པ་ཤ་སྟག་ཡིན། དེ་ལས་ལྡོག་ཏེ་སྤྱི་ཚོགས་འགྲིམས་པའི་དུས་སུ་དེ་འདྲའི་གྲོགས་པོ་ཞིག་རྙེད་དཀའ་མོར་སྣང་། ཡིན་ན་ཡང་གྲོགས་པོ་སྒྲིག་པའི་དུས་སུ་ཡང་གཟབ་དགོས་ཏེ། རང་རེའི་ཁ་དཔེར་མཆོད་རྟེན་ལ་འགྲོགས་ན་དཀར་རག་ཟེར་བ་ལྟར། གཤིས་འཇམ་ལ་རྒྱུད་དྲང་བ། བློ་ཡངས་ལ་སྤྱོད་པ་མཛེས་པ། ཞི་དུལ་ལ་བག་ཡངས་པ། བརྩོན་པ་ཆེ་ལ་ཡ་རབས་ཡིན་པ། བློ་སྤོབས་ལྡན་ལ་ཤེས་རྒྱ་ཆེ་བ། བཤད་ཕོད་ལ་སྒྲུབ་ཕོད་པའི་མི་དང་གྲོགས་པོ་བསྒྲིགས་ན་ལེགས་པར་སྙམ། མིའི་བཟང་ངན་འགྲོགས་ན་ཤེས། རྟའི་བཟང་ངན་གཤིབ་ན་ཤེས་ཟེར་བ་ལྟར་ཁྱོད་གཉིས་ལ་ལོ་ངོ་བཞི་ཡི་དུས་ཡུན་ཡོད་པས་དལ་མོར་བལྟས་ཆོག
        ད་རུང་ཡང་བྱེ་བྲག་གི་མཉམ་འཇོག་བྱ་ཡུལ་དང་དོ་སྣང་བྱ་དགོས་ས་མང་ན་ཡང་། ཁྱེད་ཅག་གི་དགེ་རྒན་རྣམ་པས་རྒྱུན་དུ་བཤད་སྲིད་པས་དེ་ལ་ཉན་པས་ཆོག་ཀྱང་། ཁོ་བོ་ལོ་བདུན་གྱི་རིང་དུ་སློབ་གྲྭ་དེ་གར་འགྲིམས་པའི་ཆ་དང་ཡང་ན་ད་ལྟའི་བར་དུ་དཔེ་ཀློག་ཉུང་ཙམ་བྱས་པའི་འབྲས་བུ་ལ་བརྟེན་ནས། སློབ་ཆེན་སྐབས་སུ་ངེས་པར་མཉམ་འཇོག་དགོས་སྙམ་པའི་ཉམས་མྱོང་རེ་འགའ་གཤམ་དུ་ལོགས་སུ་བགར་ན་འདི་ལྟ་སྟེ།

1.དོན་དག་ཅི་ཡིན་ཡང་ཚད་བརྒལ་གྱིས་ཚོད་དཔག་བྱ་མི་རུང་། མ་འོངས་པའི་འཕེལ་འགྲིབ་སུས་ཀྱང་རྟོགས་པར་དཀའ་བས་དོན་དག་གང་ལ་འཕྲད་ཀྱང་མིག་སྔར་གྱི་གནས་བབ་ལ་དབྱེ་ཞིབ་ཉུང་ཙམ་བྱས་ནས་འགྱོད་པ་མེད་པའི་ཐག་གཅོད་བྱ་རྒྱུ།
2.ཕམ་ཁ་ནི་རྒྱལ་ཁའི་རྩ་བ་མ་ཡིན་པར་རྒྱལ་ཁ་ནི་རྒྱལ་ཁའི་རྩ་བ་ཡིན་ཏེ། ཕམ་ཁ་གཅིག་ལས་རྒྱལ་ཁ་གཅིག་གིས་མི་ལ་བརྩོན་སེམས་བསྐྱེད་པས། རྒྱལ་ཁ་ཐོག་མ་དེ་ལེན་རྒྱུ་ཧ་ཅང་གཙོ།
3.གཙོ་ཕལ་གྱི་དབྱེ་བ་ཤེས་དགོས། དོན་དག་ཆེ་མ་ཆུང་གསུམ་གང་ཡིན་ཡང་གཙོ་ཕལ་དང་སྔ་གཞུག་ཅིག་ཅིས་ཀྱང་ཡོད་འོས་ལ་དགོས་ཀྱང་དགོས། ཆུང་ས་ནས་བཤད་ན་སང་ཉིན་སྤྲོད་དགོས་པའི་ལས་བྱ་དེ་སྔོན་ལ་འབྲི་བ་དང་། དཔེ་མཛོད་ཁང་དུ་དཔེ་ཀློག་ཏུ་འགྲོ་བ་ལས་དགེ་རྒན་གྱི་སློབ་ཁྲིད་གཙོ་བ་ལྟ་བུ་རེད།
4.དམིགས་ཡུལ་དང་ལྡན་དགོས། སྤྱིར་ན་དམིགས་ཡུལ་ཞེས་པ་ནི་དོན་དག་ཆེ་དྲགས་པས། ལས་གང་ཞིག་སྒྲུབ་ཀྱང་དམིགས་ཡུལ་རྙེད་རྒྱུ་དེ་ཧ་ཅང་དཀའ། ཡིན་ནའང་ཏག་ཏག་འདི་ནི་ཆེས་གལ་ཆེ་བ་ཞིག་ཀྱང་ཡིན་ཏེ། དམིགས་ཡུལ་མེད་པའི་བྱ་བ་སྒྲུབ་སྟངས་ནི་སྨྱོན་པའི་ལག་ཏུ་རལ་གྲི་ཆུད་པ་དང་གཅིག་ཏུ་སྣང་།
5.མི་བཟང་པོ་ཞིག་བྱ་དགོས། འདི་ནི་ཀུན་ལས་གཙོ་སྟེ། ཁོ་བོས་བལྟས་ན་སློབ་ཆེན་འགྲིམ་པའི་དམིགས་ཡུལ་གཙོ་བོ་ཞིག་འདི་ལ་བཞག་ན་འགྲིག་པར་སྙམ། མཛུབ་མོ་ལྔ་བོར་རིང་ཐུང་ཡོད་པ་ནང་བཞིན་དུ་མིའི་འཇོན་ནུས་རྩལ་གསུམ་ལ་ཡང་བཟང་ངན་ཡོད་སྲིད་མོད། འོན་ཀྱང་རྒྱུད་བཟང་གཞུང་དྲང་གི་མི་བཟང་པོ་ཞིག་བྱ་མིན་ལ་ཁྱད་པར་དེ་འདྲ་མེད། དེས་ན་སློབ་སྦྱོང་དང་ཡང་ན་དོན་དག་གཞན་གང་རུང་ཞིག་སྒྲུབ་པ་དང་འགྲུབ་པའི་ཆེད་དུ་རང་རྒྱུད་ཀྱི་རྨ་མེད་པའི་གཤིས་རྒྱུད་དང་སྤྱོད་པ། བསམ་བློ་སོགས་མི་འདོར་རྒྱུ་ནི་ཀུན་ལས་གལ་ཆེའོ། །
        ད་ནི་ཅི་བཤད་འདི་འབྲི་མེད་པར་བྲིས་བྲིས་ནས་ཤོག་ངོས་མང་པོ་ཞིག་གྲོན་འདུག་པ་ལ། རང་གིས་ཐེངས་གཅིག་བཀླགས་ན་དོན་དུ་ཅི་ཡང་ཤོད་མི་འདུག་པའི་འགྱོད་བློ་ཞིག་ཀྱང་འཆར་ཡོང་མོད། གང་ལྟར་འཕྲིན་ཡིག་འདི་འདྲ་ཞིག་སྤྲིངས་དོན་ནི་རང་གིས་ཅི་ཙམ་ཤོད་ཐུབ་མིན་བལྟ་འདོད་པ་མ་ཡིན་པར་ཁྱོད་གཉིས་ལ་ཕན་རེ་ཨེ་ཐོགས་ཀྱི་ལྷག་བསམ་དཀར་པོས་ཀུན་ནས་བསླངས་པ་ཡིན་པས་མ་ཤོད་ཀྱང་མི་སྐྱོན་ཏེ། གཙོ་བོ་ཁྱོད་གཉིས་ལ་གོ་ཆོད་པའམ་བློ་བསྐྱེད་ཉུང་ཙམ་སྟེར་ཐུབ་ན་དེས་མ་ཆོག་པ་མེད། ད་ནི་ཁྱོད་གཉིས་ཀ་ཡང་སློབ་ཆེན་པ་དང་བོད་ཀྱི་སློབ་ཆེན་པའི་གྲས་སུ་གཏོགས་པས་ཡང་བསྐྱར་རྟེན་འབྲེལ་ཞུ་ཞིང་གུས་འདུད་ཞུ། ཚིག་བརྒྱ་མདོར་དྲིལ་ན། ཐོག་མ་ཉིད་ནས་དམིགས་ཡུལ་དང་ལྡན་པ། འཆར་གཞི་ཡོད་པའི་སྒོ་ནས་ཕྱོགས་ཀུན་ལ་བརྩོན་པ་བསྐྱེད་དེ། མ་འོངས་པར་མི་རིགས་དང་ས་གནས་ལ་གོ་ཆོད་པའི་བོད་པའི་ཤེས་ཡོན་པ་ཞིག་བྱ་རྒྱུ་ནི་ཁུ་བོ་བདག་གི་རེ་བ་ཉག་ཅིག་ཡིན་ལ། མི་རིགས་རིག་གནས་དང་འཚོ་བ་ལ་ཤ་ཚ་ཞིང་སྙིང་ཉེ་བའི་བོད་པ་ཡོངས་ཀྱི་རེ་བ་ཡང་ཡིན་སྲིད་པས། འདི་དག་ཀུན་གྱི་རེ་བ་སྟོང་ཟད་དུ་མི་གཏོང་རྒྱུ་གལ་ཆེ། མཇུག་མཐར་ཁྱོད་གཉིས་ཀྱི་སློབ་ཆེན་འཚོ་བ་ལ་སྤྲོ་སེམས་ལྡན་ཞིང་བྱ་གཞག་མཐའ་དག་ཡིད་བཞིན་དུ་འགྲུབ་པར་སྨོན།
        ཞེས་ཁུ་བོ་གང་གིས་རང་གི་དཔེ་ཤག་ཏུ་ཤར་མར་བྲིས་པ་དགེའོ། ། 2021/9/27ཉིན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1