རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་གྲོལ་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 11-04



 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་རོ་མ་ནས་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅུ་དྲུག་པ་ཟླ་10ཚེས་31ཉིན་རོ་མར་གྲོལ་བ་རེད། ཚོགས་འདུའི་ཐོག《རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་རོ་མའི་དབུ་ཚོགས་བསྒྲགས་གཏམ》ལ་གྲོས་འཆམ་བྱུང་བ་དང་རིམས་ནད་ལ་ཁ་གཏད་གཅོག་པ་དང་ལྗང་མདོག་དྲང་སྙོམས་ཀྱི་དཔལ་འབྱོར་འཕེལ་རྒྱས་མངོན་འགྱུར་བྱེད་རྒྱུར་སྐུལ་འདེད་གཏོང་བའི་ཐད་ཕྱོགས་མང་རིང་ལུགས་དང་རྒྱལ་སྤྱིའི་མཉམ་ལས་ཀྱིས་བཏོན་པའི་ནུས་པ་གལ་ཆེན་བསྐྱར་སྒྲོག་བྱས་པ་རེད།
     བསྒྲགས་གཏམ་ནང་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པས་མཉམ་ལས་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་རིམས་ནད་ལ་མཉམ་དུ་ཁ་གཏད་གཅོག་པ་དང་ལྷག་པར་དུ་ཉམས་ཞན་ཆེ་ཤོས་ཀྱི་ཚོགས་སྤྱིའི་དགོས་མཁོར་དམིགས་བསལ་གྱི་དོ་སྣང་བྱེད་རྒྱུའི་མོས་མཐུན་བྱུང་སོང་། འགོ་ཁྲིད་མི་སྣས་སྤྱོད་ཐུབ་པའི་ཡོ་བྱད་ཡོད་ཚད་སྤྱད་དེ་རིམས་ནད་ལས་བྱུང་བའི་ཤུགས་རྐྱེན་ངན་པར་ཁ་གཏད་བཅག་ནས། དཔལ་འབྱོར་སླར་གསོའི་རྣམ་པ་མུ་མཐུད་རྒྱུན་འཁྱོངས་ཀྱིས་རྒྱབ་སྐྱོར་བྱ་ཐབས་ཕྱིར་འཐེན་སྔ་དྲགས་པའི་གནས་ཚུལ་མི་ཐོན་པ་དང་། དངུལ་རྩ་བརྟན་པོ་ཡོང་བ་དང་ནོར་སྲིད་ཀྱི་རྒྱུན་མཐུད་ཆོག་པའི་རང་བཞིན་སྲུང་སྐྱོང་བྱེད་པ། དཔལ་འབྱོར་འཕར་གཞི་ཆག་པའི་ཉེན་ཁ་དང་ཤུགས་རྐྱེན་ངན་པ་སྔོན་འགོག་བྱེད་པ། མཁོ་སྤྲོད་འཁོར་འབྲེལ་ཆད་པ་སོགས་དཔལ་འབྱོར་ལ་ཤུགས་རྐྱེན་ཐེབས་པའི་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་དོགས་ཟོན་བྱེད་པ་བཅས་བྱ་རྒྱུའི་སེམས་ཐག་བཅད་ཡོད་ཅེས་བསྟན་ཡོད་པ་རེད།                           
     རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་མི་སྣས་རིམས་འགོག་སྨན་ཁབ་ནི་རིམས་ནད་ལ་འགོག་རྒོལ་བྱེད་པའི་ལག་ཆ་གལ་ཆེན་ཤིག་རེད་ཅེས་ནན་བཤད་བྱས་པ་དང་རིམས་འགོག་སྨན་ཁབ་རྒྱ་ཁྱབ་ངང་རྒྱག་དོན་ནི་དེ་གོ་ལ་ཧྲིལ་པོའི་སྤྱི་པའི་ཐོན་རྫས་ཤིག་རེད། དེར་བརྟེན་འབད་བརྩོན་བྱེད་ཤུགས་ཆེ་རུ་བཏང་ནས་དུས་ཐོག་དང་། དྲང་སྙོམས། ཡོངས་ཁྱབ་བཅས་ཀྱི་སྒོ་ནས་བདེ་འཇགས་དང་། གཟེད་ཐུབ་པ། སྤུས་ཚད་མཐོ་བ། ནུས་པ་ལྡན་པ་བཅས་ཀྱི་རིམས་འགོག་སྨན་ཁབ་དང་། སྨན་བཅོས་དང་ནད་བརྟག་གི་ཡོ་བྱད་ཐོབ་ཐུབ་པའི་འགན་ལེན་བྱ་རྒྱུ་དང་ལྷག་པར་དུ་ཡོང་འབབ་དམའ་འབྲིང་རྒྱལ་ཁབ་ཀྱི་དགོས་མཁོ་སྐོང་བའི་ཐད་དོ་སྣང་བྱ་རྒྱུ་ཡིན་ཞེས་བསྐྱར་སྒྲོག་བྱས་པ་རེད།
     གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་ཐད་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་མི་སྣས《མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་གི་སྒྲོམ་གཞིའི་སྤྱི་ཆིངས》དང《ཕ་རི་སིའི་གྲོས་ཆོད》ཕྱོགས་ཡོངས་དང་ནུས་ལྡན་ངང་དོན་འཁྱོལ་བྱ་རྒྱུར་གཞོལ་ནས་འགག་རྩའི་ལོ་བཅུའི་ནང་འཕྲི་འགྱངས་དང་། མཐུན་འཕྲོད། མ་དངུལ་བཅས་ཀྱི་བྱ་སྤྱོད་སྤེལ་ནས་ཐུན་མོང་ཡིན་ཡང་ཁྱད་པར་ཡོད་པའི་འགན་འཁྲི་དང་སོ་སོའི་ནུས་པ་འདོན་པའི་རྩ་དོན་མངོན་པ་བྱ་རྒྱུ་དང་རྒྱལ་ཁབ་ཀྱི་གནས་ཚུལ་མི་འདྲ་བར་བསམ་གཞིག་བྱ་རྒྱུ་ཡིན་ཞེས་བསྐྱར་སྒྲོག་བྱས་པ་རེད། འགོ་ཁྲིད་མི་སྣས《ཕ་རི་སིའི་གྲོས་ཆོད》ཀྱི་དམིགས་ཚད་བསྒྲུབ་རྒྱུ་ཡིན་ཞེས་སྔར་བཞིན་ཁས་ལེན་བྱས་ཏེ་གོ་ལ་ཧྲིལ་པོའི་ཆ་སྙོམས་དྲོད་ཚད་འཕར་ཚད་2℃ནང་ཚུན་དུ་ཚོད་འཛིན་བྱ་རྒྱུ་དང་དེ་བཟོ་ལས་ཅན་དུ་སྒྱུར་བའི་གོང་གི་ཆུ་ཚད་ཡན་གྱི་1.5℃ནང་ཚུན་དུ་ཚོད་འཛིན་ཧུར་ཐག་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1