གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། ༢༠༢༡ལོའི་ཟླ་བ་༡༡ཚེས་༠༨ཉིན།

ཡོ་རོབ་གླིང་མནའ་འབྲེལ་གྱིས་དབྱིན་ཇིས་ལྷག་བསམ་རྣམ་དག་གིས་ཡོ་རོབ་གླིང་མནའ་འབྲེལ་དང་བྲལ་རྗེས་ཀྱི་རྗེས་མཐུད་གནད་དོན་ཐག་གཅོད་བྱེད་དགོས་པའི་སྐུལ་མ་བཏང་།

        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཞེ་ཧྥུའུ་ཆའོ་ཝེ་ཆི་ཡིས་ཚེས་ལྔ་ཉིན་གསལ་སྒྲོག་སྤེལ་ཏེ། ཨིར་ལན་བྱང་མའི་གྲོས་ཆོད་ཡི་གེ་ལག་བསྟར་བྱེད་པའི་གནད་དོན་ཐད་ནས་དབྱིན་ཇིའི་ཕྱོགས་ཀྱི་ལྷག་བསམ་མཐོང་མེད་པས། དབྱིན་ཇིའི་སྲིད་གཞུང་གིས་ལྷག་བསམ་རྣམ་དག་གིས་ཡོ་རོབ་གླིང་མནའ་འབྲེལ་བར་འབྲེལ་འདྲིས་བྱེད་དགོས་པའི་སྐུལ་མ་བཏང་། 
        ཞེ་ཧྥུའུ་ཆའོ་ཝེ་ཆི་ཡིས་ཚེས་ལྔ་ཉིན་ཨིར་ལན་བྱང་མའི་གྲོས་ཆོད་ཡི་གེ་ལག་བསྟར་བྱེད་པའི་གནད་དོན་ཐད་ནས་དབྱིན་ཇིའི་རྒྱལ་སྲིད་བློན་ཆེན་ཧྥོ་ལོ་སི་ཐི་དང་མཉམ་དུ་པུའུ་ལུའུ་སེར་ནས་གྲོས་མོལ་བྱས། ཞེ་ཧྥུའུ་ཆའོ་ཝེ་ཆི་ཡིས་གྲོས་མོལ་བྱས་རྗེས་གསལ་སྒྲོག་སྤེལ་ཏེ། ཡོ་རོབ་གླིང་མནའ་འབྲེལ་གྱིས་ནམ་རྒྱུན་ཨིར་ལན་བྱང་མའི་གྲོས་ཆོད་ཡི་གེ་ལག་བསྟར་བྱེད་པའི་གནད་དོན་ཐད་ནས་དབྱིན་ཇིའི་བར་འབྲེལ་འདྲིས་ཟབ་མོ་བྱེད་བཞིན་ཡོད་པ་དང་། སྒོ་ཁྲལ་འགྲོ་ལུགས་སྟབས་བདེ་རུ་བཟོ་བ་སོགས་ཀྱི་གྲས་གཞི་བཏོན་ཡང་། ད་ལྟའི་བར་དབྱིན་ཇིའི་ཕྱོགས་ཀྱིས་དེའི་ཐད་བྱ་སྤྱོད་ཅི་ཡང་སྤེལ་བ་མ་མཐོང་། གལ་ཏེ་ཡོ་རོབ་གླིང་མནའ་འབྲེལ་དང་དབྱིན་ཇི་ཡིས་ཨིར་ལན་བྱང་མའི་གྲོས་ཆོད་ཡི་གེ་ལ་ཡང་བསྐྱར་གྲོས་མོལ་བྱས་ན། ཨིར་ལན་བྱང་མའི་གནས་བབ་གཏན་འཇགས་མིན་པའི་སྣང་ཚུལ་འབྱུང་སྲིད་པར་མ་ཟད། ཡོ་རོབ་གླིང་མནའ་འབྲེལ་དང་དབྱིན་ཇིའི་འབྲེལ་བར་ཤུགས་རྐྱེན་ཚབས་ཆེན་ཐེབས་སྲིད་ཟེར། 
        ཨིར་ལན་བྱང་མའི་གྲོས་ཆོད་ཡི་གེ་ནི་དབྱིན་ཇི་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་གྲོས་མཐུན་གྱི་ཁག་ཅིག་ཡིན་པ་དང་། ད་ལོའི་ཚུན་ལ། དབྱིན་ཇི་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་གྲོས་ཆོད་ཡི་གེའི་ལག་བསྟར་ཐད་གནད་དོན་ཡོད་པ་ཁས་ལེན་བྱས་ཡོད། དབྱིན་ཇི་ཡིས་ནམ་རྒྱུན་གྲོས་ཆོད་དེས་ཨིར་ལན་བྱང་མ་ས་ཁུལ་གྱི་ཉོ་ཚོང་ལ་ཐེ་གཏོགས་བྱས་པར་མ་ཟད་ཆབ་སྲིད་གཏན་འཇགས་མིན་པའི་སྣང་ཚུལ་ཇེ་སྡུག་ཏུ་བཏང་ཡོད་པར་ལེ་བདའ་བྱས། ཧྥོ་ལོ་སི་ཐི་ཡིས་ཟླ་བཅུ་བའི་ཚེས་བཅུ་གཉིས་ཉིན་ཕུའུ་ཐའོ་ཡཱའི་རྒྱལ་ས་ལི་སི་པིན་ནས་གཏམ་བཤད་སྤེལ་སྐབས། གྲོས་ཆོད་ཡི་གེ་ནི་དབྱིན་ཇི་དང་ཡོ་རོབ་གླིང་མནའ་འབྲེལ་བར་ཡིད་ཆེས་མེད་པར་གྱུར་བར་གནད་དོན་གྱི་འབྱུང་རྩ་ཡིན་པས་ངེས་པར་དུ་བཅོས་བསྒྱུར་གང་ལེགས་བྱེད་དགོས་ཟེར། 
        དབྱིན་ཇིའི་ཕྱོགས་ཀྱི་ལངས་ཕྱོགས་དེའི་ལན་དུ་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཟླ་བཅུ་བའི་ཚེས་བཅུ་གསུམ་ཉིན་ཨིར་ལན་བྱང་མའི་གྲོས་ཆོད་ཡི་གེའི་བཟོ་བཅོས་གྲོས་གཞི་བཏོན། དེའི་ནང་སྒོ་ཁྲལ་གྱི་འགྲོ་ལུགས་ཇེ་ཉུང་དུ་གཏོང་བ་དང་། ངོས་ལེན་སྟབས་བདེ་རུ་བཟོ་བ། མཐའ་མཚམས་ཞིབ་བཤེར་ཇེ་ཉུང་དུ་བཏང་སྟེ་དངོས་ཟོང་འཁོར་རྒྱུག་ལ་སྐུལ་འདེད་གཏོང་བ་སོགས་འདུས། ཡོ་རོབ་གླིང་མནའ་འབྲེལ་གྱིས་ད་རུང་རང་སྟེང་གི་སྒྲིག་སྲོལ་ལ་བཟོ་བཅོས་བྱས་ནས་ཨིར་ལན་བྱང་མ་ས་ཁུལ་གྱི་སྨན་རྫས་མཁོ་འདོན་རྒྱུན་མི་ཆད་པར་ཁག་ཐེག་བྱེད་པར་ཡིད་འཐད་བྱུང་། ཡོ་རོབ་གླིང་མནའ་འབྲེལ་གྱིས་བཟོ་བཅོས་གྲོས་གཞི་བཏོན་རྗེས། དབྱིན་ཇི་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་གྲོས་ཚོགས་ཐེངས་གསུམ་བསྡུས་ཀྱང་ཐུན་མོང་གི་ལྟ་ཚུལ་བྱུང་མེད། ཡོ་རོབ་གླིང་མནའ་འབྲེལ་དང་དབྱིན་ཇི་ཡིས་ཟླ་བཅུ་གཅིག་པའི་ཚེས་བཅུ་གཉིས་ཉིན་ལོན་ཏོན་ནས་ཡང་བསྐྱར་ཨིར་ལན་བྱང་མའི་གྲོས་ཆོད་ལག་བསྟར་བྱེད་པའི་གནད་དོན་ཐད་ནས་གྲོས་མོལ་བྱེད་རྒྱུ་རེད། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1