༄༅།།མཚོ་བོད་ས་མཐོའི་འབྲི་གཡག་རིག་གནས།

རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 11-10


86d6277f9e2f070820d618d9e024b899a801f213_Fotor.jpg

ས་མཐོའི་གཅེས་ནོར་དང་གྲུ་གཟིངས་ཞེས་སུ་གྲགས་པའི་འབྲི་གཡག་ནི་འབྲོང་གི་རྒྱུད་པ་ཡིན་ཞེས་སྨྲ་ཞིང་། མཚོ་བོད་ས་མཐོའི་མི་རྣམས་ཀྱི་ཐོན་སྐྱེད་འཚོ་བའི་ནང་མེད་ཐབས་མེད་པའི་གནས་བབ་བཟུང་ཡོད། ས་མཐོའི་མེས་པོ་ཚོ་དང་ཡང་སྒོས་སུ་འབྲོག་དམངས་ཚོས་འབྲི་གཡག་ལ་བརྟེན་ནས་འགྲོ་འཆག་ཉལ་འདུག་གི་རྣམ་ཐར་བསྐྱངས་ཡོད་པ་རེད། ཁོང་ཚོས་འབྲི་གཡག་གི་པགས་སྤུ་ལས་བཟོས་པའི་ཕྱུ་པ་དང་ལྷམ་གྱོན་པ་དང་། འབྲི་གཡག་གི་ཤ་བཟའ་ཞིང་འོ་མ་འཐུང་བ། འབྲི་གཡག་གི་ལྕི་བས་དྲོད་ལེན་བྱེད་ལ་བཟའ་བཏུང་གཡོ་སྐོལ་བྱེད་པ། འབྲི་གཡག་གི་རྩིད་པ་ལས་བཏགས་པའི་སྦྲ་གུར་ནང་སྡོད་པ། དེ་བཞིན་སྐྱས་སྤོ་སྐབས་ཀྱང་མཁོ་ཆས་ཡོད་ཚད་འབྲི་གཡག་ལ་བཀལ་ནས་དབོར་འདྲེན་བྱེད་པ་དང་། ཐ་ན་ལྟོ་སྣོད་ཆུང་གྲས་མང་པོ་ཞིག་ཀྱང་འབྲི་གཡག་གི་པགས་པས་བཟོས་པ་དང་རྩིད་པ་དང་ཁུ་ལུས་བཏགས་པ་ཞིག་ཡིན་པས་འབྲི་གཡག་ནི་ས་མཐོའི་མི་རྣམས་ཀྱི་ཆེས་བཀའ་དྲིན་ཆེ་བའི་རྩ་ཆེའི་སྲོག་ཆགས་ཤིག་ཡིན། དེས་མ་ཚད་འབྲི་གཡག་གིས་ས་མཐོའི་སྐྱེ་བོ་ཚོར་དཀའ་སྡུག་གི་ཁོར་ཡུག་ཁྲོད་དུ་ཞུམ་མེད་སྟོབས་ལྡན་དུ་གནས་པའི་སྙིང་སྟོབས་ཀྱི་མིག་དཔེ་བཟང་པོ་ཞིག་བསྟན་ཡོད།

cdbf6c81800a19d8125847bb3bfa828ba61e4631.jpg

ལོ་རྒྱུས་རིང་བའི་འབྲི་གཡག

ཁ་དོག་ནག་པོ་དང་། ཁམ་པ། དཀར་པོ། དཀར་ཁྲ་སོགས་ཡོད་པའི་འབྲི་གཡག་ནི་རྩིད་པ་མཐུག་པ་དང་མགོ་བོར་རྭ་ཅོ་སྦོམ་པོ། སྐྱེ་ཞིང་གྲང་ངར་བཟོད་པའི་ནུས་པ་ལྷག་པར་ཆེ་བའི་ས་མཐོའི་དམིགས་བསལ་སྲོག་ཆགས་ཤིག་ཡིན། དེང་སང་འཛམ་གླིང་ཐོག་མཚོ་བོད་ས་མཐོར་ནོར་ནག་འཚོ་གནས་བྱུང་ནས་ལོ་ངོ་ཁྲི་200འམ་དེ་ལས་རིང་བའི་སྔོན་དཔག་བྱས་ཤིང་། འབྲི་གཡག་གིས་བོད་ས་མཐོའི་ཐོན་སྐྱེད་དང་འཚོ་བའི་ནང་གནས་བབ་གལ་ཆེན་བཟུང་ཡོད་པ་མ་ཟད། ཆེས་སྔ་པོ་ནས་བོད་མི་དམངས་ཀྱི་བསམ་པ་དང་རིག་གནས་འཚོ་བ་ཚང་མའི་ནང་འབྲི་གཡག་གི་གཟུགས་བརྙན་མངོན་རྒྱུ་ཡོད་པ་རེད། 1973ལོར་ཀན་སུའུ་ཡི་ས་འོག་ནས་ཐོན་པའི་རིག་དངོས་ནང་མཐོ་ཚད་ལ་སྨི་0.7དང་། འཁོར་རྒྱར་སྨི་0.3 རྒྱབ་ངོས་ཀྱི་མཐོ་ཚད་ལ་སྨི་0.51 སུག་མཐིལ་ལ་སྨི་0.4དེ་བཞིན་ལྗིད་ཚད་ལ་སྤྱི་རྒྱ་80བཅས་ཡོད་ཅིང་། བཟོ་བཀོད་ལེགས་པའི་ལི་ལས་གྲུབ་པའི་གཡག་གི་གཟུགས་བརྙན་ཞིག་ཐོན་ཡོད་པ་དང་། སི་ཁྲོན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་ཡི་ལྷོ་ནུབ་དང་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ཡི་ཤར་ཕྱོགས་ཀྱི་རྒྱལ་མོ་རྔུལ་ཆུའི་རྒྱུད་ཀྱི་རྒྱལ་རོང་གི་བོད་རིགས་ཚོས་ཁོང་ཚོའི་མེས་པོ་ནི་བྱ་ཁྱུང་ལས་བྱུང་བར་འདོད་ནས་ཁྱུང་ལ་དད་པ་བྱེད་ཀྱི་ཡོད་པས་རྒྱལ་རོང་ཁུལ་གྱི་ལྡེབས་རིས་མང་པོའི་ནང་བྱ་ཁྱུང་ལ་གཡག་གི་རྭ་ཅོ་ཡོད་པས་ས་དེ་གའི་བོད་རིགས་ཀྱིས་སྔ་མོ་ནས་ཁྱུང་ཆེན་དང་གཡག་ལ་དད་གུས་བྱེད་པ་མཚོན་ཡོད། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་རོང་བྲག་རྫོང་གི་བུད་མེད་ཚོའི་སྐྲའི་བཟོ་ལྟ་ཡང་འབྲི་གཡག་གི་རྭ་ཅོའི་དབྱིབས་སུ་བཟོ་གི་ཡོད།

བོད་ཀྱི་ལོ་རྒྱུས་མཚོན་པའི་ལྡེབས་བྲིས་ཐོག་བཙན་པོ་སྲོང་བཙན་སྒམ་པོས་ལྷ་ལྡན་གཙུག་ལག་ཁང་བཞེངས་པ་སོགས་ཀྱི་མཛད་སྒོ་ཆེ་གྲས་ཚང་མར་གར་པ་དང་མཉམ་དུ་འབྲི་གཡག་གི་གཟུགས་བརྙན་གྱིས་རྟེན་འབྲེལ་གར་འཆམ་རྒྱག་པ་མཐོང་རྒྱུ་ཡོད། ཕྱིས་སུ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་སུ་དཔལ་བསམ་ཡས་གཙུག་ལག་ཁང་བཞེངས་པའི་རྟེན་འབྲེལ་མཛད་སྒོའི་ལོ་རྒྱུས་སྐོར་གྱི་ལྡེབས་རིས་ལས་ཀྱང་འབྲི་གཡག་གཉིས་དང་འབག་དཀར་པོ་གྱོན་པའི་འབྲོག་པའི་གཟུགས་ཤིག་གིས་གར་འཆམ་རྒྱག་པ་མ་ཟད། འཁྲིས་སུ་མི་གཅིག་ལངས་ནས་རྔ་རྡུང་པའི་རྣམ་པ་འཁོད་ཡོད་པ་སོགས་བོད་བཙན་པོའི་དུས་སུ་གཡག་འཆམ་རྒྱག་པའི་སྣང་ཚུལ་གང་སར་མངོན་རྒྱུ་ཡོད་པས་གཡག་ནི་གནའ་བོའི་དུས་ནས་མཚོ་བོད་ས་མཐོར་འཚོ་སྡོད་བྱེད་པ་མ་ཟད། བཀྲ་ཤིས་པ་དང་རྟེན་འབྲེལ་གྱི་མཚོན་རྟགས་ཤིག་ཏུ་བརྩི་བའང་མཐོང་ཐུབ་པ་ཞིག་ཡིན། ལྷག་དོན་གནའ་དེང་གི་ས་མཐོའི་མི་ཚོས་འབྲི་གཡག་ལ་དགའ་ཞེན་དང་དད་གུས་ཆེན་པོ་བྱེད་པས་སྒོའི་གཡས་གཡོན་དང་། ལམ་མདོ། ལ་བཙས། རྡོ་ཕུང་སོགས་ཀྱི་ཐོག་ཏུ་འབྲི་གཡག་གི་རྭ་ཅོ་བཞག་པ་མཐོང་རྒྱུ་ཡོད་པ་ནི་ས་མཐོའི་མི་ཚོས་འབྲི་གཡག་ལ་བཅངས་པའི་བརྩེ་སེམས་མཚོན་ཐབས་ཤིག་ཡིན་ལ་གདོད་མའི་དུས་ཀྱི་མི་མང་པོས་སྲུང་མར་ཡང་བརྩི་སྲོལ་ཡོད།

 ས་མཐོའི་གཅེས་ནོར།

འབྲི་གཡག་དང་། ལྷོ་སྣེའི་ངང་པ་ཆི་ཨེ། བྱང་སྣེའི་དོམ་དཀར་བཅས་ལ་འཛམ་གླིང་ཐོག་གི་གདོད་མའི་སྲོག་ཆགས་རིགས་གསུམ་ཞེས་འབོད་པ་ལྟར་འབྲི་གཡག་གི་གཞི་གྱིན་ལ་མིའི་རིགས་ཀྱིས་ལེགས་བཅོས་བྱེད་མྱོང་མེད་སྟབས་འབྲི་གཡག་གི་ཤ་ནི་ལྷད་མེད་ཀྱི་བཟའ་བཅའི་གྲས་ཤིག་ཡིན་པ་དང་བཟའ་ཤ་རྩེ་གྲར་བརྩི་ཞིང་། ཚན་རིག་པ་ཚོས་སྤྲི་དཀར་དང་ཨན་ཅི་སོན་སོགས་མིའི་ལུས་པོར་མཁོ་བའི་འཚོ་བཅུད་སྣ་མང་ལྡན་པ་དང་། ཞག་ཚི་ཉུང་བ་དང་དྲོད་ཚད་རན་པས་ནད་འགོག་ནུས་པ་ཆེ་རུ་འགྲོ་བ་དང་། ཕྲ་ཕུང་གི་གསོན་ཤུགས་རྒྱས་པ། དོན་སྣོད་ཀྱི་ནུས་པ་ལེགས་སུ་འགྲོ་བ་སོགས་ཀྱི་ཕན་འབྲས་ཆེན་པོ་ཐོན་པའི་ར་སྤྲོད་བྱས་ཡོད། འབྲིའི་འོ་མ་ནི་དེ་བས་ཀྱང་བདེ་འཇགས་ལྡན་ལ་འཚོ་བཅུད་ཕུན་སུམ་ཚོགས་པའི་བཏུང་བ་ཞིག་ཡིན་པ་དང་ཉིན་རེར་འོ་མ་སྤྱི་རྒྱ་4ཙམ་ཐོན་གྱི་ཡོད་པ་དེ་བ་ཕྱུགས་ཀྱི་འོ་མའི་ཐོན་ཚད་ཀྱི་ལྡབ་3ཙམ་ཡིན་པ་དང་སྤྲི་དཀར་འདུས་ཚད་མཐོ་བས་མཚོ་བོད་ས་མཐོའི་མི་རྣམས་མཐོ་གྲང་གི་ས་ཁུལ་དུ་ཐང་ཤ་དོད་ལ། གཟི་མདངས་རྒྱས་པ། བློ་རིག་བཀྲ་བ་ཞིག་ཏུ་གསོ་སྐྱོང་བྱས་ཡོད་པ་མ་ཟད། ཞོ་དང་། མར། ཕྱུར་བ་བཅས་འཚོ་བཅུད་ཕུན་སུམ་ཚོགས་པའི་ཟས་རིགས་སྣ་ཚོགས་མཁོ་འདོན་བྱས་ཡོད།

ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་པོའི་ཁྲོད་ས་མཐོའི་མི་རྣམས་ཀྱི་སྡོད་ཁང་གི་ཐོག་མ་ཡང་དབྱར་བསིལ་ལ་དགུན་དྲོ་ཞིང་འཁྱེར་བདེ་ལ་གང་དུ་ཡང་གནས་བཅའ་ཆོག་པའི་སྦྲ་གུར་ཡང་འབྲི་གཡག་གིས་ས་མཐོའི་མི་ཚོར་ཕུལ་བའི་ལེགས་སྐྱེས་ཆེན་པོ་ཞིག་ཡིན། སྦྲ་གུར་ནི་འབྲི་གཡག་གི་རྩིད་པ་ལས་བཏགས་པས་བརླན་གཤེར་འགོག་པ་དང་། གྲང་འགོག་ནུས་པ་ཆེ་བ། མཁའ་རླུང་རྒྱུ་བདེ་བ་སོགས་ཀྱི་ཁྱད་ཆོས་དུ་མ་ལྡན་པ་མ་ཟད། ཐ་ན་སྦྲ་གུར་གྱི་ཆོན་ཐག་ཀྱང་འབྲི་གཡག་གི་རྩིད་པའམ་ཁུ་ལུས་གྲུབ་པ་ཞིག་ཡིན། གཞན་ཡང་དེ་སྔ་འགྲིམ་འགྲུལ་སྟབས་བདེ་མེད་པའི་དུས་སུ་མི་ཟོག་དབོར་འདྲེན་བྱ་རྒྱུ་ཡང་སྔར་བཞིན་འབྲི་གཡག་གི་འོས་འགན་ཡིན་པས་ལྗིད་ཚད་སྤྱི་རྒྱ་50ནས་200བར་གྱི་དོ་པོ་འཁུར་ནས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་5000ནས་6000མཚམས་སུ་ཡང་བདེ་བར་རྒྱུ་ཐུབ་ཀྱི་ཡོད་པ་དང་། ཁ་བ་བུ་ཡུག་གཤོགས་པའི་ནུས་པ་དེ་བས་ཆེན་པོ་ཡོད་པ་རེད། འབྲི་གཡག་ནི་བྱང་རྩྭ་ཐང་ཐོག་གི་སྐྱེལ་འདྲེན་པ་ཞིག་ཡིན་པ་མ་ཟད། དེ་སྔ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གལ་ཆེའི་ཆུ་སྒྲོལ་ཡོ་བྱད་ཀོ་གྲུ་ཡང་འབྲི་གཡག་གི་ཀོ་བ་ལས་གྲུབ་པས་འབྲི་གཡག་ལ་ས་མཐོའི་གྲུ་གཟིངས་ཞེས་པ་ཡང་དོན་གྱིས་མ་སྟོངས་བའི་འབོད་ཚུལ་ཐུན་མོང་མ་ཡིན་པ་ཞིག་ཡིན་པ་ཀུན་གྱིས་ཤེས་གསལ་ལྟར་རེད། འབྲི་གཡག་གིས་མིའི་རིགས་ལ་ཕུལ་བའི་ལེགས་སྐྱེས་དེ་ཙམ་གྱིས་ག་ལ་ཚད། བུད་ཤིང་གིས་ཕོངས་པའི་བོད་བྱང་ཐང་གི་དྲོད་ལེན་དང་བཟའ་བཏུང་གཡོ་སྐོལ་ཚང་མ་འབྲི་གཡག་གི་ལྕི་བ་ཡིན་པ་དང་འབྲི་གཡག་གི་པགས་པས་བཟོས་པའི་རྟ་སྒྲོ་དང་། ཀོ་སྒམ། ཀོ་ལྷམ། ཀོ་ཁུག་སྣ་ཚོགས་དང་ཐག་པ་སོགས་ཡོད་ལ། འབྲི་གཡག་གི་རྩིད་པ་དང་ཁུ་ལུས་བཟོས་པའི་སླེའུ་དང་། སྒྱེ་མོ། གྱོན་གོས་སྣ་ཚོགས་ཀྱང་ཡོད་པ་རེད།


རྩོམ་ཡིག་སྔོན་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1