གཙོ་ངོས།>> དམངས་སྲོལ།>>བཤད་པ།

རྩོམ་པ་པོ། ལྟག་ཨོ་རྒྱན་ཆོས་འཕེལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཁམས་པའི་རིག་གནས་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༡༡ཚེས་༡༥ཉིན།

༄༅།།ཁམས་ལི་ཐང་ཡུལ་གྱི་ཁང་བཤད།

ཁམས་ལི་ཐང་ཡུལ་གྱི་ཁང་བཤད།

དེ་རིང་གནམ་ལ་སྐར་མ་ཡག

དེ་རིང་ས་ལ་དུས་ཚོད་བཟང་།

བཀྲ་ཤིས་པའི་ཉི་མ།

རྟེན་འབྲེལ་འགྲིག་པའི་ཉི་མ།

ཕུན་སུམ་ཚོགས་པའི་ཉི་མ།

འོ་ལགས་སོ།

དེ་རིང་ཨ་ཁང་གཡང་ཁང་ཁྲ་མོ།

ཀ་བ་ཀ་བཞི་གདུང་བརྒྱད།

ཆགས་པའི་ཆགས་རབས་རྣམ་གསུམ་ཙམ་ཞིག་ཞུ་འདོད་ན།

ཀ་རྡོ་མར་བསྒར་བཞག་འདྲའི་ཐོག་ལ།

ཀ་བ་དེ་མདའ་སྨྱུག་ལངས་འདྲ་དགོས་ཟི།

ཀ་གཞུ་དེ་རྨ་བྱ་བབས་འདྲ་དགོས་ཟི།

ཕོག་རྡོག་དེ་སྦྲུལ་ནག་རྒྱུག་འདྲ་དགོས་ཟི།

ཕྱམ་ཐུར་དེ་ཉ་མགོ་རུབས་འདྲ་དགོས་ཟི།

གཤགས་དྲབ་དེ་རྒྱུས་པ་བསལ་འདྲ་དགོས་ཟི།

སི་ཚགས་དེ་བལ་གདན་བཏིངས་འདྲ་དགོས་ཟི།

ཨ་ག་ས་ཡི་ས་ཁྲུ་དགོས་ཟི།

གཡུ་འབྲུག་སྔོན་མོའི་ཁ་ཆུ་རྒྱག་དུས།

ཆུ་ཐིགས་པ་ཙམ་ཞིག་ནང་ལ་མི་འོང་ཟེར་འདྲའི་དཔེ་རེད།

ཕྱི་རྩིག་པ་ཡག་མོ་གསེར་གྱི་རྩིག་པ།

ནང་རྩིག་པ་ཡག་མོ་དངུལ་གྱི་རྩིག་པ།

བར་སྐྱ་ལ་ཡག་མོ་གཡུ་ཡི་སྐྱ་ལ།

ཕྱོགས་བཞི་ལ་གདོང་བཞི་ཡོད་ཟི།

གདོང་བཞི་ལ་སྐར་ཁུང་བཞི།

སྐར་ཁུང་བཞི་ལ་སེང་གེ་བཞི།

གངས་སེང་ཆུང་གཡུ་རལ་རྒྱས་པའི་རྟེན་འབྲེལ་ཡིན།

ཕྱོགས་བཞི་ལ་སྒོ་བཞི་ཡོད་ཟི།

སྒོ་བཞི་ལ་སྟག་མོ་བཞི།

སྟག་རྨ་ཡག་འཛོམས་དྲུག་རྒྱས་པའི་རྟེན་འབྲེལ་ཡིན།

ཕྱི་སྒོ་ཕྲ་མོ་གསེར་གྱི་སྒོ།

གསེར་གྱི་མདན་ཆུང་ནང་ལ་ལེན།

གསེར་གྱི་མདན་ཡུ་ཕྱི་ལ་བཞག

འདི་འབྲི་བརྒྱ་འཁོར་བའི་གཡང་རས་ཆགས་ཟི།

ནང་སྒོ་ཕྲ་མོ་གཡུ་ཡི་སྒོ།

གཡུ་ཡི་མདན་ཆུང་ནང་ལ་ལེན་ཟི།

གཡུ་ཡི་མདན་ཡུ་ཕྱི་ལ་ཕུད་ཟི།

འདི་རྟ་བརྒྱ་འཁོར་བའི་གཡང་རས་ཆགས་ཟི།

བར་སྒོ་ཕྲ་མོ་དངུལ་གྱི་སྒོ།

དངུལ་གྱི་མདན་ཆུང་ནང་ལ་ལེན་ཟི།

དངུལ་གྱི་མདན་ཡུ་ཕྱི་ལ་བཞག

འདི་ལུག་བརྒྱ་འཁོར་བའི་གཡང་རས་ཆགས་ཟི།

ཨ་ཁང་གཡང་ཁང་ཕྲ་མོ།

ཆགས་པའི་ཆགས་རབས་མདོ་བསྡུས་ཙམ་ཞིག་སོང་བའི་དཔེ།

དེ་དེ་བཞིན་ཡིན་ལགས་སོ།།

《ཁང་བཤད་བསྡུས་པ》འདི་ནི་ཁམས་ལི་ཐང་གི་ཡུལ་དུ་གཉེན་སྟོན་མོའི་སྐབས་སུ་གཏམ་བཤད་པས་ཕྱི་རི་ཀླུང་གི་བཀོད་པ་དང་། ནང་སེམས་ཅན་གྱི་གནས་སྟངས་སོགས་བཀྲ་ཤིས་སྨོན་ཚིག་ལ་བསྐུར་ཏེ་བཤད་དགོས་པའི་གཏམ་བཤད་ཚོགས་ཀྱི་དུམ་བུ་གཅིག་རེད། འདི་སྤྱི་ལོ2002ལོར་ཕྲན་གྱིས《ལི་ཐང་གི་ལོ་རྒྱུས་ནོར་བུའི་དོ་ཤལ》ཞེས་པ་རྩོམ་སྐབས་དམངས་ཁྲོད་དུ་བསྡུས་པ་ཞིག་ཡིན།དགེའོ།།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1