ཀྲུང་གོའི་བོད་ལུགས་གསོ་རིག་རྩ་ཆེའི་དཔེ་རྙིང་ཀུན་བཏུས་པར་དུ་སྐྲུན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 11-16



           ཚེས12ཉིན་བོད་རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐོག་འཚོགས་ཏེ། 《“ལོ་ལྔ་ཚན་བཅུ་གསུམ་པའི”རྒྱལ་ཁབ་ཀྱི་གཙོ་གནད་དཔེ་དེབ་དང་སྒྲ་བརྙན། གློག་རྡུལ་དཔེ་ཆ་བཅས་ཀྱི་དཔེ་སྐྲུན་འཆར་འགོད》ལས་《ཀྲུང་གོའི་བོད་ལུགས་གསོ་རིག་རྩ་ཆེའི་དཔེ་རྙིང་ཀུན་བཏུས》ཞེས་པའི་གླེགས་བམ60ཅན་གྱི་དཔེ་ཚོགས་དེ་དཔེ་སྐྲུན་འགྲེམ་སྤེལ་བྱས་ཤིང་། དཔེ་ཚོགས་འདི་ལ་ཁྱོན་བསྡོམས་དཔེ་རྙིང་ཤོག་ངོས83000ལྷག་ལ་རིགས1434དང་། དེར་ཡིག་འབྲུ་ཁྲི4500ལྷག་བསྡུས་ཡོད་པ་རེད་ཅེས་གསུངས་པ་རེད།

གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཡུལ་དངོས།
           བོད་ལུགས་གསོ་རིག་གི་རྒྱུན་འཛིན་ལོ་རྒྱུས་རིང་མོའི་ཁྲོད་ནས་གསོ་རིག་དཔེ་རྙིང་གི་གྲངས་འབོར་མང་ཞིང་ནང་དོན་རྒྱ་ཆེ་ལ་དབྱིབས་སྣ་ཚོགས་སུ་བྱས་པའི་དཔེ་རྙིང་ཇི་སྙེད་པ་ཞིག་བྱུང་ཡོད།《ཀྲུང་གོའི་བོད་ལུགས་གསོ་རིག་རྩ་ཆེའི་དཔེ་རྙིང་ཀུན་བཏུས》ཞེས་པ་ནི་བོད་ལྗོངས་ཀྱི་པར་གཟུགས་རྣམ་པ་ལྟར་དཔེ་སྐྲུན་བྱེད་སྔ་ཤོས་ཀྱི་བོད་ཡིག་དཔེ་རྙིང་ཞིག་ཡིན་ལ། དཔྱད་གཞིའི་ཡིག་རིགས་ཕུན་སུམ་ཚོགས་ཤོས་ཀྱི་བོད་ལུགས་གསོ་རིག་གི་དཔེ་རྙིང་ཞིག་ཀྱང་ཡིན། མིག་སྔར་པར་སྐྲུན་བྱས་པའི་གླེགས་བམ60ཡི་ནང་ནས་གླེགས་བམ1ནས52བར་ནི་ལག་བྲིས་མ་ཡིན་པ་དང་གླེགས་བམ53ནས60བར་ནི་ཤིང་པར་ཡིན།  ཡིག་ཚང་འདི་དག་གི་ཁྲོད་ནས་ལོ་རྒྱུས་ཆེས་སྔ་ཤོས་ཀྱི་དཔེ་རྙིང་དེ་དུས་རབས11པའི་ཡར་ལ་ཁུངས་འདེད་བྱས་ཆོག

ཡོངས་བསྒྲགས་ཚོགས་འདུའི་ཡུལ་དངོས་སུ་འགྲེམ་སྟོན་བྱས་པའི《ཀྲུང་གོའི་བོད་ལུགས་གསོ་རིག་རྩ་ཆེའི་དཔེ་རྙིང་ཀུན་བཏུས》ཡིན།
           བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱིས་སློབ་གྲྭ་བཙུགས་པ་ནས་བཟུང་བོད་ཡིག་གི་དཔེ་རྙིང་དང་ལྷག་པར་དུ་བོད་ལུགས་གསོ་རིག་གི་དཔེ་རྙིང་འཚོལ་བསྡུ་དང་ལེགས་སྒྲིག་བྱ་བར་ཧུར་ཐག་གནང་སྟེ། སློབ་གྲྭའི་དཔེ་མཛོད་ཁང་དུ་ཆེད་མངགས་དམིགས་བསལ་ཀྱི་བོད་ཡིག་པུའུ་བཙུགས་ནས་དཔེ་རྙིང་སྲུང་སྐྱོང་དང་ཞིབ་འཇུག་བྱེད་ཀྱིན་ཡོད།       2010ལོར་གླང་མཐོང་རྡོ་རྗེ་སྒྲོལ་དཀར་ལགས་ཀྱིས་གཙོ་འགན་འཁུར་བའི་བོད་ལུགས་གསོ་རིག་དང་གནམ་རིག་སྐར་རྩིས་ཀྱི་དཔེ་རྙིང་ཡིག་ཆ་ལེགས་སྒྲིག་གི་ཞིབ་འཇུག་ཚོ་ཆུང་བཙུགས་ཏེ།  བོད་ལུགས་གསོ་རིག་གི་དཔེ་རྙིང་ཡིག་ཆ་འཚོལ་བསྡུ་ལེགས་སྒྲིག་དང་། ཉམས་གསོ་སྲུང་སྐྱོང་། པར་ལེན་དཔར་སྐྲུན་བཅས་ཀྱི་ལས་ཀ་ཆེན་པོ་ཞིག་བསྒྲུབས། དེ་ཡང་ལོ་ངོ10ལྷག་གི་རིང་ལ་ཞིབ་འཇུག་ཚོ་ཆུང་གིས་དཀའ་ཚེགས་ལ་མ་འཛེམ་པར་མཁས་དབང་རྣམས་འཚམས་འདྲི་དང་སྨན་པ་གྲགས་ཅན་ལ་བསྟེན་པ། དགོན་སྡེ་དང་ཞིང་དུད་ལ་བཅར་བ་སོགས་བོད་ལྗོངས་ཡོངས་ལ་བསྐྱོད་པར་མ་ཟད། ད་དུང་མཚོ་སྔོན་དང་། ཀན་སུའུ། སི་ཁྲོན། ཡུན་ནན། ལིའོ་ཉིང་། པེ་ཅིང་། ཧྲང་ཧའེ། ནང་སོག་སོགས་ལྗོངས་ཕྱིའི་ཞིང་ཆེན་དང་གྲོང་ཁྱེར། རང་སྐྱོང་ལྗོངས་བཅས་སུ་བསྐྱོད་དེ་ལམ་ཐག་སྤྱི་ལེ་ཁྲི8ལ་བརྒལ་ནས་དཔེ་རྙིང་རིགས་ཁྲི་གཅིག་དང་ཤོག་ངོས་ཁྲི50ལྷག་ཡོད་པའི་དཔེ་རྙིང་ཡིག་ཚང་འཚོལ་སྡུད་བྱས། དེའི་ཁྲོད་དུ་ལག་བྲིས་དཀོན་པོ་པར་གཞི་ཆིག་རྐྱང་མ་དང་། དཔེ་རྒྱུན་རྩ་ཆེན། རྒྱུན་ཆད་པའི་པར་གཞི་སོགས་མི་ཉུང་བ་ཞིག་འདུས་ཡོད།

《ཀྲུང་གོའི་བོད་ལུགས་གསོ་རིག་རྩ་ཆེའི་དཔེ་རྙིང་ཀུན་བཏུས》ཞེས་པའི་ནང་གི་ལྡེབས་ངོས་ཤིག
           ཞིབ་འཇུག་ཚོ་ཆུང་གིས་པར་གཞི་གཙང་མ100བདམས་ནས་སྲོལ་རྒྱུན་ལྟར་གླེགས་ཤིང་དང་། གླེགས་ཐུམ། གླེགས་ཐག་སོགས་བཟོས་ནས་གླེགས་བམ་ཆ་ཚང་གཅིག་ཏུ་བྱས་ཤིང་། གླེགས་བམ་དེ་བཟོ་སྟངས་དང་ཆེ་ཆུང་། སྣག་ཚ། ཤོག་བུ་སོགས་གང་ཐད་ནས་སྔ་མའི་དེབ་དང་གཅིག་རྐྱང་དུ་བཟོས་པས། གནའ་དཔེ་ཡང་བསྐྱར་སྤྱོད་པར་རིགས་ལམ་གསར་པ་ཞིག་ཆགས་ཡོད། སྔོན་དཔག་བྱས་པ་ལྟར་ན་གླེགས་བམ61ནས70བར་ད་ལོར་པར་དུ་བསྐྲུན་ཐུབ་པ་དང་། དུས་མཚུངས་སུ་མིག་སྔར་པར་དུ་བསྐྲུན་ཟིན་པའི་གླེགས་བམ60ཅན་ལ་ནང་ཁུལ་ནས་སྤྱོད་རུང་བའི་གློག་རྡུལ་པར་གཞི་ཡང་བཟོས་ནས་མཁོ་འདོན་བྱ་རྒྱུ་རེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1