གཙོ་ངོས།>> དམངས་སྲོལ།>>བཤད་པ།

རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཁམས་པའི་རིག་གནས་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༡༡ཚེས་༡༧ཉིན།

༄༅།།འབའ་ཡི་དར་བཤད་ཐོས་པ་ཀུན་དགའ།

འབའ་ཡི་དར་བཤད་ཐོས་པ་ཀུན་དགའ།

 དེ་རིང་ནམ་ལངས་ཀྱི་དང་པོ།  ཉི་ཤར་གྱི་རྩེ་མོ།  བཀྲ་ཤིས་པའི་ཉི་མ།  ཕུན་སུམ་ཚོགས་པའི་ཟླ་བ། རྒྱལ་ཕུར་འཛོམས་པའི་འཕྲོད་སྦྱོར།  གནམ་ལ་བཀྲ་ཤིས་པའི་བཻཌཱརྱའི་འཁོར་ལོ་རྩིབས་བརྒྱད་བཀྲ་བ། ས་ལ་བཀྲ་ཤིས་པད་མ་འདབ་བརྒྱད་ཀྱི་ཟེའུ་འབྲུ་བཞད་པ། ཕྱོགས་མཚམས་བཀྲ་ཤིས་པ་བཀྲ་ཤིས་རྟགས་བརྒྱད་ཀྱི་ར་བས་བསྐོར་བ། ཡུལ་ལ་བཀྲ་ཤིས་གཡང་ཆགས་ནོར་བུའི་ཆར་པ་འབེབས་པ། ཁྱིམ་ལ་བཀྲ་ཤིས་པའི་ཕུན་ཚོགས་འདོད་དགུའི་ཕྱཱ་གཡང་ཆགས་པ། མི་ལ་བཀྲ་ཤིས་པ་དགྲ་ལྷ་ཝེར་མའི་དགྱེས་ཞལ་བརྩེ་བ། ཕྱུགས་ལ་བཀྲ་ཤིས་པ་མ་དྲོས་ཀླུ་ཡི་དམུ་ཞགས་ཆགས་པ། ཟས་ལ་བཀྲ་ཤིས་པ་བཅུད་ལྡན་ཟད་པ་མེད་པའི་དཔལ་དང་ལྡན་པ་སོགས།  བཀྲ་ཤིས་ཤིང་ཕུན་སུམ་ཚོགས་པའི་སྐྱིད་ཀྱི་ཉི་མ་ཡར་ཤར་གྱི་དང་པོ་འདི་ལ། རྟགས་དང་རྟེན་འབྲེལ་གྱི་ཆེ་བ། ཆོས་དང་འཇིག་རྟེན་གྱི་འགྲོ་ལུགས། བཀྲ་ཤིས་སྨོན་ལམ་གྱི་ཐོག་མ།  དབུ་ནག་བོད་ཀྱི་དར་ལུགས།  མེ་ཏོག་ཆུང་ཡང་མཆོད་རྫས།  གུར་ཀུམ་ཉུང་ཡང་བུམ་རྫས་ཟེར་བ་ལྟར།  ཁ་རྗེ་དར་བའི་དར་དཀར།  དབང་ཐང་དར་བའི་དར་དཀར།  རླུང་རྟ་དར་བའི་དར་དཀར། ལག་དར་དཀར་གྱི་བརྒྱུད་ནས་རྟེན་འབྲེལ་སྒྲིག  ཁ་བདེན་ཚིག་གི་ངང་ནས་བཀྲ་ཤིས་བོས་ཏེ། (བུ་བུ་མོ་གཉིས་ལ་དར་དཀར་བསྒྲོན།)(ཆང་གི་དཀར་ཡོལ་ལག་ལ་བཟུང་།)

 

ངས་ལག་ལ་བཟུང་བའི་དཀར་ཡོལ་འདི།

 

སྨད་རྒྱ་ནག་ཡུལ་གྱི་ཁྱད་ནོར།

 

གངས་ཅན་བོད་ཀྱི་འཕགས་ནོར།

 

དཀར་ཡོལ་བཀྲ་ཤིས་ཡུ་རིང་ཟེར།

 

འདིའི་ཁ་ལ་བཀྲ་ཤིས་རྟགས་བརྒྱད།

 

བར་ལ་རྒྱལ་སྲིད་སྣ་བདུན།

 

འདབས་ན་པད་མ་འདབ་བརྒྱད།

 

ནང་ལ་འཁོར་ལོ་རྩིབས་བརྒྱད།

 

སེར་པོ་གསེར་གྱི་ཁ་ཤན།

 

དཀར་པོ་དངུལ་གྱི་ར་མདོག

 

དམར་པོ་བྱུ་རུའི་མཚལ་མདོག

 

དྲུག་དཀར་གཡུ་ཡི་སྔོ་མདོག

 

འཇའ་ཚོན་སྣ་ལྔ་ཤར་འདྲ།

 

དགེ་མཚན་དུ་མ་དང་ལྡན་ཞིང་།

 

ནང་གི་སྐྱེམས་ཆང་འདི་ནི།

 

 

འབའ་ཡི་དར་བཤད་ཐོས་པ་ཀུན་དགའ།

 

སྟོད་རྒྱ་གར་ཡུལ་གྱི་འབྲས་ཆང་དཀར་པོ་དང་།

 

སྨད་རྒྱ་ནག་ཡུལ་གྱི་རྒུན་ཆང་སྨུག་པོ།

 

བར་དབུ་ནག་བོད་ཀྱི་ནས་ཆང་ཁམ་པ།

 

ལོ་ལ་བསྙལ་བའི་ལོ་ཆང་།

 

ཞག་ལ་བསྙལ་བའི་ཞག་ཆང་ཡིན།

 

དཀར་ཆང་བདུད་རྩི་ཟེགས་མ།

 

སེང་ཆང་སྨན་དང་བཟང་དྲུག

 

ཞིབ་ཆང་ཀ་ར་བུ་རམ།

 

བཀྲ་ཤིས་པའི་བཀྲ་ཆང་།

 

དོན་འགྲུབ་པའི་དོན་ཆང་།

 

ཚེ་རིང་བའི་ཚེ་ཆང་ཡིན་པས།

 

སྐུ་མགྲོན་རྣམ་པ་ཚོས་ཐུགས་དགྱེས་ཐོག་ནས་བཞེས་རོགས་མཛོད།

 

ཕ་རྒྱུད་གངས་རི་ཏི་སི།

 

གངས་ཕྲན་གཞན་གྱི་འགྲན་ཡ་མེད།

 

མ་རྒྱུད་མ་ཕམ་གཡུ་མཚོ།

 

མཚོ་ཕྲན་གཞན་ལ་བསྡུར་ས་མེད།

 

བུ་ཕ་ལས་ལྷག་པའི་རྟེན་འབྲེལ།

 

བུ་མོ་མ་ལས་རྒྱལ་བའི་སྨོན་ལམ།

 

 

འབའ་ཡི་དར་བཤད་ཐོས་པ་ཀུན་དགའ།

 

བུ་ཚ་རབས་རྒྱུད་ནས་ཕུན་སུམ་ཚོགས་པའི་སྨོན་ལམ།

 

མི་ཕྱུག་གི་ཇ་ཆང་འཐུང་ས་ཡོང་བའི་རྟེན་འབྲེལ།

 

མི་ཆད་ཀྱི་བེར་ག་བཞག་ས་ཡོང་བའི་སྨོན་ལམ།

 

རྟ་ཆད་ཀྱི་སྒ་ཆས་བཞག་ས་ཡོང་བའི་རྟེན་འབྲེལ།

 

བྱ་བརྒྱ་འཁོར་བའི་ལྕང་མ་ཡོང་བའི་སྨོན་ལམ།

 

བྱེའུ་བརྒྱ་འཁོར་བའི་ཚེར་ཕུང་ཡོང་བའི་སྨོན་ལམ།

 

སྐྱེས་ཐོབ་ཀྱི་ཤེས་རབ་རྒྱས་པའི་སྨོན་ལམ།

 

སྦྱངས་སྟོབས་ཀྱི་ཡོན་ཏན་ཟབ་པའི་སྨོན་ལམ།

 

ཐོས་རྒྱ་ཡི་རྣ་ལམ་ཡངས་པའི་སྨོན་ལམ།

 

ཤེས་བྱ་ཡི་གོ་རྟོགས་ལྡན་པའི་སྨོན་ལམ།

 

ལོ་བརྒྱ་འཐོབ་པར་གྱུར་ཅིག

 

སྟོན་བརྒྱ་འཐོང་བར་གྱུར་ཅིག

 

ཕུ་ལ་སྒྲུབ་པའི་སྒོམ་ཆེན་དང་།

 

མདའ་ལ་བཞུགས་པའི་ཡོན་བདག་གཉིས།

 

འཚང་མཉམ་པོར་རྒྱ་བའི་བཀྲ་ཤིས་ཤོག།

 

བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས།

 

ཨེ་མ་བག་དྲོ་སྐུ་ཁམས་བཟང་།

 

གཏན་དུ་བདེ་བ་འཐོབ་པར་ཤོག

 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1