ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་ཆོད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 11-17


ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་ཆོད། 
(2021ལོའི་ཟླ་11ཚེས་11ཉིན་ཀྲུང་གོའི་གུང་ཁྲན་ཏང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་གྲོས་འཆམ་བྱུང་།)

གླེང་གཞི།
    ཀྲུང་གོའི་གུང་ཁྲན་ཏང་1921ལོར་དབུ་བརྙེས་པ་ནས་བཟུང་། ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་དོན་གཉེར་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་དོན་གཉེར་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་རང་ཉིད་ཀྱི་ཐོག་མའི་བསམ་འདུན་དང་འགན་འཁྲིར་བརྩིས་པ་དང་། གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་དང་སྤྱི་ཚོགས་རིང་ལུགས་ཀྱི་དད་སེམས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཤིང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ་བརྩོན་ལེན་དང་། རྒྱལ་ཁབ་སྟོབས་འབྱོར་ལྡན་པ་དང་མི་དམངས་བདེ་སྐྱིད་ཡོང་བ་བཅས་ཀྱི་ཆེད་དུ་འབད་བརྩོན་ལྷོད་མེད་བྱས་ཏེ། ལོ་ངོ་བརྒྱ་ཡི་འོད་སྟོང་འབར་བའི་བརྒྱུད་རིམ་བརྒྱུད་མྱོང་།
    ལོ་ངོ་བརྒྱའི་རིང་། ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་ཁྲག་བཏོན་དམར་འཛིང་བྱས་པ་དང་ལན་བརྒྱར་ཕམ་རུང་དཔའ་མི་ཞུམ་པར་དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེའི་གྲུབ་འབྲས་རླབས་པོ་ཆེ་གསར་གཏོད་བྱས་ཤིང་། རང་སྟོབས་རང་སྤེལ་དང་ཤུགས་སྐྱེད་སྟོབས་སྤེལ་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་གྱི་གྲུབ་འབྲས་རླབས་པོ་ཆེ་གསར་གཏོད་བྱས་པ་དང་། བསམ་བློ་བཅིངས་འགྲོལ་དང་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱས་ཏེ། སྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་གྲུབ་འབྲས་རླབས་པོ་ཆེ་གསར་གཏོད་བྱས། རང་ཚུགས་རང་དར་དང་། བདེན་སྲུང་གསར་གཏོད་བྱས་ཏེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གྲུབ་འབྲས་རླབས་པོ་ཆེ་གསར་གཏོད་བྱས་ཡོད། ཏང་དང་མི་དམངས་ཀྱིས་ལོ་བརྒྱར་འབད་འཐབ་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་འགའི་ལོ་རྒྱུས་ཐོག་ཆེས་རྒྱ་ཆེ་བའི་ལོ་རྒྱུས་སྙན་ངག་བརྩམས་ཡོད།  
    ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་བསྡོམས་བྱ་རྒྱུ་ནི། གཅིག་ནས་ཏང་བཙུགས་ནས་ལོ་བརྒྱ་འཁོར་བའི་ལོ་རྒྱུས་ཀྱི་ཆ་རྐྱེན་འོག་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་པ་གཏོད་པ་དང་། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་དགོས་མཁོ་ཡིན། གཉིས་ནས་ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་འཛིན་ཤུགས་ཆེ་རུ་གཏོང་བ། འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་བརྟན་དུ་གཏོང་བ། བློ་མཐུན་ཞི་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པའི་གོ་གནས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས། ཏང་ཡོངས་གོམ་སྟབས་གཅིག་གྱུར་ངང་མདུན་དུ་སྐྱོད་པར་འགན་ལེན་ཏན་ཏིག་བྱེད་པའི་དགོས་མཁོ་ཡིན། གསུམ་ནས་ཏང་གི་རང་ངོས་གསར་བརྗེ་ལ་སྐུལ་འདེད་གཏོང་བ་དང་། ཏང་ཡོངས་ཀྱི་འཐབ་རྩོད་ཀྱི་འཇོན་ཐང་དང་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་འཇལ་བའི་ནུས་པ་ཆེ་རུ་གཏོང་བ། ཏང་གི་སྐྱེ་སྟོབས་དང་གསོན་ཤུགས་ནམ་ཡང་མི་ཉམས་པར་བྱེད་པ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་མུ་མཐུད་འབད་འཐབ་བྱེད་པའི་དགོས་མཁོ་ཡིན། ཏང་ཡོངས་ཀྱིས་དངོས་གཙོའི་ལོ་རྒྱུས་ལྟ་བ་དང་ཡང་དག་པའི་ཏང་གི་ལོ་རྒྱུས་ལྟ་བ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་ལོ་བརྒྱའི་འབད་འཐབ་ཁྲོད་ནས་སྔོན་ཆད་ང་ཚོར་ལེགས་གྲུབ་བྱུང་དོན་ཅི་ཡིན་པ་དང་། མ་འོངས་པར་ང་ཚོས་ཇི་ལྟར་བྱས་ན་ད་གཟོད་མུ་མཐུད་ལེགས་གྲུབ་འབྱུང་ཐུབ་པ་གསལ་པོ་ཤེས་པར་བྱས་ཏེ། སྔར་བས་བློ་རྩ་བརྟན་པོ་དང་སྔར་བས་རང་རྟོགས་ཀྱི་སྒོ་ནས་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་དུ་བསྟར་ནས། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་སྔར་བས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་དགོས།  
    1945ལོར་ཏང་གི་སྐབས་དྲུག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་ཐོག་གྲོས་འཆམ་བྱུང་བའི་《ལོ་རྒྱུས་ཀྱི་གནད་དོན་འགའ་ཞིག་སྐོར་གྱི་གྲོས་ཆོད་》དང་། 1981ལོར་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་གྲོས་འཆམ་བྱུང་བའི་《རྒྱལ་ཁབ་བཙུགས་ཚུན་གྱི་ཏང་གི་ལོ་རྒྱུས་ཀྱི་གནད་དོན་འགའ་ཞིག་སྐོར་གྱི་གྲོས་ཆོད་》ནང་། དངོས་ཐོག་བདེན་འཚོལ་གྱི་སྒོ་ནས་ཏང་གི་ལོ་རྒྱུས་ཀྱི་དོན་རྐྱེན་གལ་ཆེན་དང་ཉམས་མྱོང་དང་བསླབ་བྱ་གལ་ཆེན་ཕྱོགས་བསྡོམས་བྱས་ཏེ། ལོ་རྒྱུས་ཀྱི་འགག་རྩའི་དུས་སུ་ཏང་ཡོངས་ཀྱི་བསམ་བློ་དང་བྱ་སྤྱོད་གཅིག་གྱུར་བྱས་པས། ཏང་དང་མི་དམངས་ཀྱི་བྱ་གཞག་སྐུལ་འདེད་གཏོང་བར་སྣེ་ཁྲིད་ཀྱི་ནུས་པ་གལ་ཆེན་ཐོན་ཡོད་ཅིང་། དེའི་གཞི་རྩའི་རྣམ་བཤད་དང་བསྡོམས་ཚིག་དུས་ད་ལྟའང་སྤྱོད་གོ་ཆོད་པ་ཡིན།

གཅིག དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེར་རྒྱལ་ཁ་རླབས་པོ་ཆེ་བླངས་པ།
    དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེའི་དུས་སྐབས་སུ། ཏང་གི་མདུན་དུ་ལྷགས་པའི་ལས་འགན་གཙོ་བོ་ནི། བཙན་རྒྱལ་རིང་ལུགས་དང་། བཀས་བཀོད་རྒྱུད་འཛིན་རིང་ལུགས། དཔོན་ངན་མ་རྩའི་རིང་ལུགས་བཅས་ལ་ངོ་རྒོལ་བྱེད་པ་དང་། མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ་འཐོབ་རྒྱུ་བརྩོན་ལེན་བྱས་ཏེ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བ་མངོན་འགྱུར་བྱེད་པར་རྩ་བའི་སྤྱི་ཚོགས་ཀྱི་ཆ་རྐྱེན་བསྐྲུན་རྒྱུ་དེ་ཡིན། 
    ཀྲུང་ཧྭ་མི་རིགས་ནི་འཛམ་གླིང་ཐོག་ལོ་རྒྱུས་རིང་ཞིང་རླབས་ཆེན་གྱི་མི་རིགས་ཤིག་ཡིན་ཞིང་། ལོ་ངོ་ལྔ་སྟོང་ལྷག་གི་འོད་སྟོང་འཕྲོ་བའི་ཤེས་དཔལ་བསྐྲུན་ཏེ་མིའི་རིགས་ཀྱི་ཤེས་དཔལ་དར་རྒྱས་ཡོང་བར་བསུབ་ཐབས་མེད་པའི་མཛད་རྗེས་ཆེན་པོ་བཞག་ཡོད། 1840ལོའི་ཉལ་ཐའི་དམག་འཁྲུག་གི་རྗེས་སུ། ནུབ་ཕྱོགས་བཙན་དབང་རྒྱལ་ཁབ་ཀྱིས་བཙན་འཛུལ་དང་བཀས་བཀོད་རྒྱུད་འཛིན་དབང་སྒྱུར་རུལ་སུངས་སུ་གྱུར་པའི་རྐྱེན་གྱིས། ཀྲུང་གོ་ནི་རིམ་གྱིས་མི་སེར་སྤེལ་ཡུལ་ཕྱེད་ཙམ་དང་བཀས་བཀོད་རྒྱུད་འཛིན་ཕྱེད་ཙམ་གྱི་སྤྱི་ཚོགས་སུ་གྱུར་ནས་རྒྱལ་ཁབ་ལ་བརྙས་བཅོས་ཐེབས་པ་དང་། མི་དམངས་ལ་གོད་ཆག་བྱུང་ལ། ཤེས་དཔལ་ལ་ཉམས་ཆག་ཐེབས་ནས་ཀྲུང་ཧྭ་མི་རིགས་ལ་སྔར་བྱུང་མྱོང་མེད་པའི་ཆག་སྒོ་ཆེན་པོ་བྱུང་བ་རེད། མི་རིགས་འཇིག་ཉེན་ལས་སྐྱོབ་པའི་ཆེད་དུ། ཀྲུང་གོའི་མི་དམངས་ཀྱིས་དཔའ་ངར་ཆེན་པོས་རྒོལ་བ་བརྩམས་ཤིང་། སྐྱེས་ཆེན་བུ་རྒོད་མང་པོ་རེ་འབོད་ཀྱི་ལས་ལ་བྲེལ་ནས་དགའ་སྐྱོ་གཉིས་ལྡན་གྱི་འཐབ་རྩོད་བྱས། ཐའེ་ཕིན་ཐེན་གོའི་ལས་འགུལ་དང་། ཕྱི་ལུགས་གཉེར་བའི་ལས་འགུལ། ས་ཁྱི་ལོའི་ལུགས་སྒྱུར། དབྱི་ཧོ་ཐོན་གྱི་ལས་འགུལ་བཅས་གཅིག་རྗེས་གཉིས་མཐུད་དུ་བྱུང་ནས། རྒྱལ་ཁབ་སྐྱོབ་པའི་ཇུས་གཞི་རེས་མོས་སུ་བཤམས་མོད་ཀྱང་ཚང་མ་ཕམ་ཉེས་སུ་སོང་བ་རེད། སྐུ་ཞབས་སུན་ཀྲུང་ཧྲན་གྱིས་འགོ་ཁྲིད་གནང་བའི་ལྕགས་ཕག་ལོའི་གསར་བརྗེ་ཡིས་ཀྲུང་གོར་དབང་སྒྱུར་ལོ་སྟོང་ཕྲག་ཁ་ཤས་བྱས་པའི་གོང་མའི་སྲིད་དབང་སྒེར་གཅོད་ལམ་ལུགས་མགོ་རྟིང་བསློགས་མོད། འོན་ཀྱང་ཀྲུང་གོའི་མི་སེར་སྤེལ་ཡུལ་ཕྱེད་ཙམ་དང་བཀས་བཀོད་རྒྱུད་འཛིན་ཕྱེད་ཙམ་གྱི་སྤྱི་ཚོགས་ཀྱི་ངོ་བོ་དང་ཀྲུང་གོའི་མི་དམངས་ཀྱི་ཡ་ང་བའི་ལས་དབང་བསྒྱུར་ཐུབ་མེད། ཀྲུང་གོར་འཇིག་སྐྱོབ་ལས་འགུལ་གྱི་སྣ་ནས་འཁྲིད་མཁན་གྱི་བསམ་བློ་གསར་པ་དགོས་གཏུག་ཆེ་བར་གྱུར་ལ། གསར་བརྗེའི་སྟོབས་ཤུགས་གཅིག་སྒྲིལ་བྱེད་མཁན་གྱི་རྩ་འཛུགས་གསར་པ་དགོས་གཏུག་ཆེ་བར་གྱུར།
    ཟླ་བཅུ་པའི་གསར་བརྗེའི་མེ་སྒྱོགས་ཀྱི་སྒྲ་གྲགས་པ་དེས་ཀྲུང་གོར་མར་ཁེ་སི་ལེ་ཉིན་རིང་ལུགས་བསྐྱལ་ཡོང་བ་རེད། ལྔ་བཞིའི་ལས་འགུལ་གྱིས་ཀྲུང་གོར་མར་ཁེ་སིའི་རིང་ལུགས་དར་ཁྱབ་འགྲོ་བར་སྐུལ་འདེད་བཏང་བ་རེད། ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་རྟོགས་སད་རླབས་པོ་ཆེའི་ཁྲོད། མར་ཁེ་སི་ལེ་ཉིན་རིང་ལུགས་དང་ཀྲུང་གོའི་བཟོ་པའི་ལས་འགུལ་ཟུང་འབྲེལ་དམ་ཟབ་བྱེད་པའི་ཁྲོད། 1921ལོའི་ཟླ་7པར་ཀྲུང་གོའི་གུང་ཁྲན་ཏང་དུས་ཐོག་ཏུ་དབུ་བརྙེས་པ་རེད། ཀྲུང་གོར་གུང་ཁྲན་ཏང་དབུ་བརྙེས་པ་དེ་ནི་གནམ་ས་གོ་ཕྱེས་པ་ལྟ་བུའི་དུས་འགྱུར་ཆེན་པོ་ཞིག་ཡིན་པ་དང་། ཀྲུང་གོའི་གསར་བརྗེའི་རྣམ་པ་དེ་ནས་བཟུང་གསར་པ་གསར་རྐྱང་དུ་གྱུར་ཡོད།
    ཏང་ལ་ངོས་འཛིན་གཏིང་ཟབ་བྱུང་དོན། ཉེ་རབས་ཀྲུང་གོའི་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་ནི་བཙན་རྒྱལ་རིང་ལུགས་དང་ཀྲུང་ཧྭ་མི་རིགས་བར་གྱི་འགལ་བ་དང་། བཀས་བཀོད་རྒྱུད་འཛིན་རིང་ལུགས་དང་མི་དམངས་མང་ཚོགས་བར་གྱི་འགལ་བ་ཡིན། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པར་ངེས་པར་དུ་བཙན་རྒྱལ་རིང་ལུགས་ལ་ངོ་རྒོལ་དང་བཀས་བཀོད་རྒྱུད་འཛིན་རིང་ལུགས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་བྱེད་དགོས།
    ཏང་བཙུགས་མ་ཐག་དང་གསར་བརྗེ་ཆེན་པོའི་དུས་སྐབས་སུ། ཏང་གིས་དམངས་གཙོའི་གསར་བརྗེའི་རྩ་འཛིན་གཏན་འབེབས་བྱས་ཏེ། བཟོ་པའི་ལས་འགུལ་དང་། གཞོན་ནུའི་ལས་འགུལ། ཞིང་པའི་ལས་འགུལ། བུད་མེད་ཀྱི་ལས་འགུལ་བཅས་བསླངས་ཤིང་། གོ་མིན་ཏང་བཅོས་སྒྲིག་དང་རྒྱལ་དམངས་གསར་བརྗེའི་དམག་གསར་འཛུགས་བྱེད་པར་སྐུལ་འདེད་དང་རོགས་རམ་བྱས་ཤིང་། རྒྱལ་ཡོངས་ཀྱི་འགོ་ཁྲིད་དེ་བཙན་རྒྱལ་རིང་ལུགས་ལ་ངོ་རྒོལ་དང་བཀས་བཀོད་རྒྱུད་འཛིན་རིང་ལུགས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་རླབས་པོ་ཆེ་བྱས་ནས་གསར་བརྗེ་ཆེན་པོའི་མཐོ་རླབས་འཕྱུར་ཡོད། 1927ལོར་གོ་མིན་ཏང་ནང་གི་ལོག་སྤྱོད་ཚོགས་ཁག་གིས་གསར་བརྗེར་ངོ་ལོག་བྱས་ནས་གུང་ཁྲན་ཏང་མི་དང་གསར་བརྗེའི་མི་དམངས་གདུག་རྩུབ་ཆེན་པོས་དམར་གསོད་བཏང་བ་དང་། ཏང་ནང་དུ་ཁྲེན་ཏུའུ་ཞིའུ་ཡིས་མཚོན་པའི་གཡས་ལྷུང་གི་བསམ་བློ་འཕེལ་བ་དེ་གཡས་ལྷུང་སྐབས་འཚོལ་རིང་ལུགས་ཀྱི་ནོར་འཁྲུལ་དུ་གྱུར་པའི་ཁར། ཏང་གི་འགོ་ཁྲིད་ལས་ཁུངས་ནང་དུ་དབང་སྒྱུར་གྱི་གོ་གནས་བཟུང་ཡོད་པས། ཏང་དང་མི་དམངས་ཀྱིས་རྒོལ་ལན་ནུས་ལྡན་སྤྲོད་རྒྱུའི་སྒྲིག་འཛུགས་བྱེད་མི་ཐུབ་པར་གྱུར་སྟབས། དགྲ་བོའི་འཇབ་རྒོལ་དྲག་པོའི་འོག་གསར་བརྗེ་ཆེན་པོར་ཕམ་ཉེས་ཚབས་ཆེན་བྱུང་བ་རེད།
    ས་ཞིང་གསར་བརྗེའི་དམག་འཁྲུག་གི་དུས་སྐབས་སུ། ཏང་གིས་གདུག་རྩུབ་ཆེ་བའི་དོན་དངོས་ཁྲོད་ངོས་འཛིན་བྱུང་ཡོད་དེ། གསར་བརྗེའི་དྲག་ཤུགས་མེད་ན་དྲག་ཆས་སྤྲས་པའི་གསར་བརྗེར་ངོ་རྒོལ་མཁན་ཕམ་པར་བཟོ་ཐབས་མེད་ཅིང་། ཀྲུང་གོའི་གསར་བརྗེར་རྒྱལ་ཁབ་ཐོབ་ཐབས་མེད་ལ། ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་ལས་དབང་ལ་འགྱུར་ལྡོག་གཏོང་ཐབས་ཀྱང་མེད་པས། ངེས་པར་དུ་དྲག་པོའི་གསར་བརྗེ་ལ་བརྟེན་ནས་དྲག་ཆས་སྤྲས་པའི་གསར་བརྗེར་ངོ་རྒོལ་མཁན་ལ་ངོ་རྒོལ་བྱེད་དགོས། ནན་ཁྲང་འོས་ལངས་ཀྱིས་དྲག་ཆས་ལ་བརྟེན་ནས་གོ་མིན་ཏང་ལོག་སྤྱོད་ཕྱོགས་ཁག་ལ་ངོ་རྒོལ་བྱེད་པའི་མེ་མདའ་དང་པོ་བརྒྱབ་པ་དེས་ཀྲུང་གོའི་གུང་ཁྲན་ཏང་གིས་རང་ཚུགས་ཀྱིས་གསར་བརྗེའི་དམག་འཁྲུག་ལ་འགོ་ཁྲིད་དང་། མི་དམངས་དམག་དཔུང་གསར་འཛུགས། དྲག་ཆས་ལ་བརྟེན་ནས་སྲིད་དབང་འཕྲོག་ལེན་བཅས་བྱེད་འགོ་བརྩམས་པ་མཚོན་ཡོད། བརྒྱད་པའི་ཚེས་བདུན་གྱི་གྲོས་ཚོགས་ཐོག་ས་ཞིང་གསར་བརྗེ་དང་དྲག་པོའི་འོས་ལངས་བྱ་རྒྱུའི་བྱེད་ཕྱོགས་གཏན་འབེབས་བྱས་ཡོད། ཏང་གིས་འགོ་ཁྲིད་དེ་སྟོན་བསྡུའི་འོས་ལངས་དང་། ཀོང་ཀྲོའུ་འོས་ལངས། ས་ཁུལ་གཞན་དག་མང་པོའི་འོས་ལངས་བཅས་བྱས་མོད། འོན་ཀྱང་དགྲ་དང་རང་ཕྱོགས་བར་གྱི་སྟོབས་ཤུགས་ལ་ཧེ་བག་ཆེན་པོ་ཡོད་པའི་རྐྱེན་གྱིས་འོས་ལངས་དེ་དག་མང་ཆེ་བ་ཕམ་ཉེས་སུ་གྱུར་པ་རེད། སྐབས་དེའི་ཕྱི་རོལ་ཡུལ་གྱི་ཆ་རྐྱེན་འོག  ཀྲུང་གོའི་གུང་ཁྲན་ཏང་མིས་ཨུ་རུ་སུའི་ཟླ་བཅུ་པའི་གསར་བརྗེ་ལྟར། སྔོན་ལ་ལྟེ་བའི་གྲོང་ཁྱེར་བཟུང་བར་བརྟེན་ནས་གསར་བརྗེར་རྒྱལ་ཡོངས་སུ་རྒྱལ་ཁ་ཐོབ་མི་སྲིད་པས། ཏང་གིས་ཀྲུང་གོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་གསར་བརྗེའི་འགྲོ་ལམ་ཞིག་རྙེད་རྒྱུ་ཁ་ཚ་དགོས་གཏུག་ཏུ་གྱུར་ཡོད་པ་དོན་དངོས་ལས་བདེན་དཔང་བྱས་ཡོད།
    གྲོང་ཁྱེར་ཆེན་པོར་རྒོལ་བ་ནས་གྲོང་གསེབ་ཏུ་དཔུང་འཇུག་བྱེད་པར་བསྒྱུར་བ་ནི་ཀྲུང་གོའི་གསར་བརྗེར་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་པའི་འགོ་ཚུགས་ས་གསར་པ་ཞིག་རེད། བློ་མཐུན་མའོ་ཙེ་ཏུང་གིས་དམག་དམངས་ཀྱི་འགོ་ཁྲིད་དེ་ཅིན་ཀང་རི་བོར་གྲོང་གསེབ་ཀྱི་གསར་བརྗེའི་གནས་གཞིའི་ས་ཁུལ་ཐོག་མ་བཙུགས་ཤིང་། ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་ཡུལ་གྱི་གཤེད་མ་ཕམ་པར་བརྒྱབ་ཅིང་ས་ཞིང་བགོས་པ་རེད། ཀུའུ་ཐེན་གྲོས་ཚོགས་ཐོག་བསམ་བློའི་ཐོག་ནས་ཏང་འཛུགས་སྐྲུན་དང་ཆབ་སྲིད་ཐོག་ནས་དམག་དཔུང་འཛུགས་སྐྲུན་བྱེད་པའི་རྩ་དོན་གཏན་འཁེལ་བྱས། འཐབ་རྩོད་འཕེལ་རྒྱས་བྱུང་བ་དང་བསྟུན་ནས། ཏང་གིས་ཀྲུང་དབྱང་གསར་བརྗེའི་གནས་གཞིའི་ས་ཁུལ་དང་། ཧུའུ་ནན་དང་ཧུའུ་པེའི་ནུབ་རྒྱུད། ཧའེ་ཧྥེང་དང་ལུའུ་ཧྥེང་། ཧུའུ་པེ་དང་ཧོ་ནན་དང་ཨན་ཧུའེ། ཆུང་ཡ། ཧྥུ་ཅན་དང་ཀྲེ་ཅང་དང་ཅང་ཞི། ཧུའུ་ནན་དང་ཧུའུ་པེ་དང་ཅང་ཞི། ཧུའུ་ནན་དང་ཅང་ཞི། ཙུའོ་ཡིའུ་ཅང་། སི་ཁྲོན་དང་ཧྲའན་ཞི། ཧྲའན་ཞི་དང་ཀན་སུའུ། ཧུའུ་ནན་དང་ཧུའུ་པེ་དང་སི་ཁྲོན་དང་ཀུའེ་ཀྲོའུ་སོགས་གནས་གཞིའི་ས་ཁུལ་བཙུགས། ཏང་གིས་གོ་མིན་ཏང་གི་དབང་སྒྱུར་འོག་གི་དཀར་པོའི་ས་ཁུལ་དུའང་ཏང་དང་གསར་བརྗེའི་རྩ་འཛུགས་གཞན་དག་འཕེལ་རྒྱས་བཏང་བ་དང་། མང་ཚོགས་ཀྱི་གསར་བརྗེའི་འཐབ་རྩོད་སྤེལ། ཡིན་ན་ཡང་། ཝང་མིང་གི་“གཡོན་”ལྷུང་ལུང་འཛིན་རིང་ལུགས་ཀྱིས་ཏང་ནང་དུ་ནོར་འཁྲུལ་གྱི་འགོ་ཁྲིད་བྱས་པས། ཀྲུང་དབྱང་གསར་བརྗེའི་གནས་གཞིའི་ས་ཁུལ་དུ་“བསྐོར་བཅོམ་”ལ་ངོ་རྒོལ་ཐེངས་ལྔ་པ་ཕམ་པ་དང་། དམར་དམག་གིས་འཐབ་ཇུས་ཐོག་ནས་སྤོ་སྐྱོད་མི་བྱེད་ཀ་མེད་བྱུང་ཞིང་། དཀའ་སྤྱད་ཚད་མེད་ཀྱི་རྒྱང་སྐྱོད་བྱས་ནས་ཧྲའན་པའེ་ལ་བསྐྱོད་ཡོད། “གཡོན་”ལྷུང་ལམ་ཕྱོགས་ཀྱི་ནོར་འཁྲུལ་དེས་གསར་བརྗེའི་གནས་གཞིའི་ས་ཁུལ་དང་དཀར་པོའི་ས་ཁུལ་གྱི་གསར་བརྗེའི་སྟོབས་ཤུགས་ལ་གྱོང་གུན་ཧ་ཅང་ཆེན་པོ་བཟོས།
    1935ལོའི་ཟླ་དང་པོར། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་རྒྱང་སྐྱོད་ལམ་བར་དུ་ཙུན་དབྱིའི་གྲོས་ཚོགས་འཚོགས་ཤིང་། དོན་དངོས་ཀྱི་ཐོག་ནས་ཏང་ཀྲུང་དབྱང་དང་དམར་དམག་ནང་གི་བློ་མཐུན་མའོ་ཙེ་ཏུང་གི་འགོ་ཁྲིད་ཀྱི་གོ་གནས་གཏན་འཁེལ་བྱས་པ་དང་། བློ་མཐུན་མའོ་ཙེ་ཏུང་གིས་སྐུ་ཚབ་གཙོ་བོ་གནང་བའི་མར་ཁེ་སིའི་རིང་ལུགས་ཀྱི་ལམ་ཕྱོགས་ཡང་དག་ཏང་ཀྲུང་དབྱང་གི་འགོ་ཁྲིད་གོ་གནས་སུ་གཏན་འཁེལ་བྱེད་འགོ་ཚུགས་ཤིང་། བློ་མཐུན་མའོ་ཙེ་ཏུང་གིས་སྲོག་ཤིང་གནང་བའི་ཏང་གི་ཀྲུང་དབྱང་འགོ་ཁྲིད་ཚན་པ་རབས་དང་པོ་གྲུབ་འགོ་ཚུགས་ནས། ཏང་གིས་རང་བཙན་རང་བདག་ངང་ཀྲུང་གོའི་གསར་བརྗེའི་གནད་དོན་དངོས་ཐག་གཅོད་བྱེད་པའི་དུས་རིམ་གསར་པ་བཏོད་ཅིང་། ཉེན་ཁ་ཤིན་ཏུ་ཆེ་བའི་འགག་རྩར་ཐུག་དུས། ཏང་དང་། དམར་དམག ཀྲུང་གོའི་གསར་བརྗེ་བཅས་བསྐྱབས་པར་མ་ཟད། དེའི་རྗེས་སུ་ཏང་ཉིད་ཀྲང་གོ་ཐའོ་ཡི་ཁ་བྲལ་རིང་ལུགས་ལས་རྣམ་པར་རྒྱལ་ཐུབ་པ་བྱུང་བ་དང་། རྒྱང་སྐྱོད་རྒྱལ་ཁའི་ངང་ལེགས་གྲུབ་བྱུང་ནས་ཀྲུང་གོའི་གསར་བརྗེའི་རྣམ་པ་གསར་པ་བཏོད་ཡོད། དེ་ནི་ཏང་གི་ལོ་རྒྱུས་ཐོག་ཤི་གསོན་ལ་ཐུག་པའི་དཀྱོགས་མཚམས་ཤིག་རེད།
    ལྗར་འགོག་དམག་འཁྲུག་གི་སྐབས་སུ། དགུ་པའི་བཅོ་བརྒྱད་ཀྱི་དུས་འགྱུར་བྱུང་རྗེས་ཀྲུང་ལྗར་མི་རིགས་བར་གྱི་འགལ་བ་རིམ་བཞིན་རྒྱལ་ནང་གི་གྲལ་རིམ་འགལ་བ་ལས་བརྒལ་ཏེ་འགལ་བ་གཙོ་བོར་གྱུར་པ་རེད། ལྗར་པན་བཙན་རྒྱལ་རིང་ལུགས་ཀྱིས་རང་རྒྱལ་དུ་བཙན་འཛུལ་སྔར་ལས་ཤུགས་ཆེན་བྱེད་པ་དང་། སྔར་བྱུང་མ་མྱོང་བའི་མི་རིགས་འཇིག་ཉེན་ཚབས་ཆེན་བྱུང་བའི་འགག་རྩར་ཐུག་དུས། ཏང་གིས་སྔོན་ལ་དྲག་ཆས་ལ་བརྟེན་ནས་ལྗར་འགོག་གི་དར་ཆ་མཐོན་པོར་བསྒྲེངས་ཏེ། ལྗར་འགོག་རྒྱལ་སྐྱོབ་ཀྱི་ལས་འགུལ་རྒྱ་ཁྱབ་ཏུ་སྤེལ། ཞི་ཨན་དུས་འགྱུར་ཞི་བའི་སྒོ་ནས་ཐག་བཅད་ཅིང་། གོ་གུང་གཉིས་ཀྱིས་ཡང་བསྐྱར་མཉམ་ལས་བྱེད་པ་དང་མཐུན་སྒྲིལ་སྒོས་ལྗར་འགོག་ལ་སྐུལ་འདེད་གཏོང་བར་ལོ་རྒྱུས་ཀྱི་ནུས་པ་གལ་ཆེན་ཐོན་ཡོད། བདུན་པའི་ཚེས་བདུན་གྱི་དུས་འགྱུར་བྱུང་རྗེས། ཏང་གིས་ལྗར་འགོག་མི་རིགས་འཐབ་ཕྱོགས་གཅིག་གྱུར་གྱི་སྲིད་ཇུས་ཡང་དག་པ་ལག་ལེན་བྱས་ཏེ། ཕྱོགས་ཡོངས་ནས་ལྗར་འགོག་ལམ་ཕྱོགས་རྒྱུན་འཁྱོངས་སྒོས་རྒྱུན་སྲིང་དམག་འཁྲུག་གི་འཐབ་ཇུས་ཀྱི་སྤྱིའི་བྱེད་ཕྱོགས་དང་མི་དམངས་དམག་འཁྲུག་གི་འཐབ་ཇུས་དང་འཐབ་རྩལ་ཆ་ཚང་བ་ཞིག་བཏོན་པ་དང་ལག་ལེན་དུ་བསྟར་ཏེ། དགྲ་བོའི་རྒྱབ་ཕྱོགས་ཀྱི་གཡུལ་ས་དང་ལྗར་འགོག་གནས་གཞིའི་ས་ཁུལ་རྒྱ་ཆེན་པོ་གསར་དུ་བཏོད། པ་ལུའུ་ཅུན་དང་། ཞིན་སི་ཅུན། བྱང་ཤར་ལྗར་འགོག་མཉམ་འབྲེལ་དམག་དཔུང་། མི་དམངས་ཀྱི་ལྗར་འགོག་དྲག་དཔུང་གཞན་དག་བཅས་ཀྱི་འགོ་ཁྲིད་དེ་དཔའ་མཛངས་རྟུལ་ཕོད་ཀྱིས་དམག་འཐབ་བྱས་ནས། ཀྲུང་གོའི་མི་དམངས་ལ་ལྗར་འགོག་དམག་འཁྲུག་གི་རྒྱལ་ཁ་མཐར་ཐུག་ཐོབ་རག་བར་མི་རིགས་ཡོངས་ཀྱིས་ལྗར་འགོག་གི་སྟོབས་ཤུགས་ཆེན་པོ་ཆུ་གཞུང་གི་གཞོམ་མེད་བྲག་རི་ལྟ་བུར་གྱུར། འདི་ནི་ཉེ་རབས་ནས་བཟུང་ཀྲུང་གོའི་མི་དམངས་ཀྱིས་ཕྱི་དགྲའི་བཙན་འཛུལ་ལ་འགོག་རྒོལ་བྱས་ནས་རྒྱལ་ཁ་ཡོངས་སུ་ཐོབ་པའི་མི་རིགས་བཅིངས་འགྲོལ་གྱི་འཐབ་རྩོད་ཐེངས་དང་པོ་ཡིན་ལ། འཛམ་གླིང་གིས་ཧྥ་ཞི་སིར་རྒོལ་བའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པའི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན།
བཅིངས་འགྲོལ་དམག་འཁྲུག་གི་དུས་སྐབས་སུ། གོ་མིན་ཏང་ལོག་སྤྱོད་ཕྱོགས་ཁག་གིས་མངོན་སུམ་འཛེམ་མེད་ཀྱིས་ཕྱོགས་ཡོངས་ཀྱི་ནང་འཁྲུག་བསླངས་པའི་སྐབས་ལ་ཏང་གིས་རྒྱ་ཆེའི་དམག་དམངས་ཀྱི་འགོ་ཁྲིད་དེ་རིམ་བཞིན་ཧུར་ཐག་གིས་འགོག་སྲུང་བྱེད་པ་ནས་འཐབ་ཇུས་ཐོག་གི་ཕར་རྒོལ་བྱེད་པར་བསྒྱུར་བ་དང་། ལིའོ་ཧྲེན་དང་། ཧོའེ་ཧའེ། ཕིང་ཅིན་བཅས་གཡུལ་འགྱེད་ཆེན་པོ་གསུམ་དང་འབྲི་ཆུ་བརྒལ་བའི་གཡུལ་འགྱེད་ལ་རྒྱལ་ཁ་བླངས་ཤིང་། དབུས་ལྷོ་དང་། ནུབ་བྱང་། ལྷོ་ནུབ་བཅས་སུ་རྒྱལ་ཁའི་ངང་དཔུང་འཇུག་བྱས་ཏེ། གོ་མིན་ཏང་ལོག་སྤྱོད་ཕྱོགས་ཁག་གི་དམག་དཔུང་ས་ཡ་བརྒྱད་རྩ་མེད་དུ་བཏང་ནས་གོ་མིན་ཏང་ལོག་སྤྱོད་སྲིད་གཞུང་མགོ་རྟིང་བསློགས་པ་དང་། བཙན་རྒྱལ་རིང་ལུགས་དང་། བཀས་བཀོད་རྒྱུད་འཛིན་རིང་ལུགས། དཔོན་ངན་མ་རྩའི་རིང་ལུགས་བཅས་རི་བོ་ཆེན་པོ་གསུམ་མགོ་རྟིང་བསློགས། ཏང་གིས་འགོ་ཁྲིད་བྱས་པའི་མི་དམངས་དམག་དཔུང་ལ་མི་དམངས་ཀྱིས་རྒྱབ་སྐྱོར་བྱས་པར་བརྟེན།  ཞུམ་མེད་མདུན་སྐྱོད་ཀྱི་དཔའ་བོའི་བློ་སྟོབས་ལ་བརྟེན་ནས་གདུག་རྩུབ་ཤིན་ཏུ་ཆེ་བའི་དགྲ་བོ་དང་སྲོག་བསྡོས་འཐབ་རྩོད་བྱས་ཏེ། དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེར་རྒྱལ་ཁ་ཐོབ་པར་ལོ་རྒྱུས་ཀྱི་བྱས་རྗེས་བཞག་ཡོད།
    གསར་བརྗེའི་འཐབ་རྩོད་ནང་བློ་མཐུན་མའོ་ཙེ་ཏུང་གིས་སྐུ་ཚབ་གཙོ་བོ་གནང་བའི་ཀྲུང་གོའི་གུང་ཁྲན་ཏང་མིས་མར་ཁེ་སི་ལེ་ཉིན་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དང་ཀྲུང་གོའི་བྱེ་བྲག་གི་དོན་དངོས་ཟུང་འབྲེལ་བྱས་ཏེ། དཀའ་སྤྱད་འཚོལ་ཞིབ་བྱས་པ་དང་བློས་གཏོང་ཧ་ཅང་ཆེན་པོ་བྱས་ནས་བསགས་པའི་རང་ཚུགས་ཀྱི་གསར་གཏོད་རང་བཞིན་ལྡན་པའི་ཉམས་མྱོང་རབ་དང་རིམ་པར་རིགས་པའི་གཞུང་ལུགས་ཐོག་ནས་སྙིང་བསྡུས་བྱས་པ་དང་། གྲོང་གསེབ་ལ་བརྟེན་ནས་གྲོང་ཁྱེར་བསྐོར་བ་དང་དྲག་ཤུགས་ལ་བརྟེན་ནས་སྲིད་དབང་འཕྲོག་ལེན་བྱེད་པའི་གསར་བརྗེའི་འགྲོ་ལམ་ཡང་དག་བཏོད་པ་དང་། མའོ་ཙེ་ཏུང་གི་དགོངས་པ་གསར་གཏོད་བྱས་ནས། དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེར་རྒྱལ་ཁ་ལེན་པར་ཁ་ཕྱོགས་ཡང་དག་བསྟན་པ་རེད།  
    གསར་བརྗེའི་འཐབ་རྩོད་ནང་ཏང་གིས་བདེན་དོན་རྒྱུན་འཁྱོངས་བྱེད་པ་དང་། ཕུགས་བསམ་བརྟན་པོར་འཆང་བ། ཐོག་མའི་བསམ་འདུན་ཉམས་སུ་ལེན་པ། འགན་འཁྲི་འཁུར་དུ་ལེན་པ། བློས་གཏོང་རྒྱུར་མི་འཛེམ་པ། དཔའ་ངར་གྱིས་འཐབ་རྩོད་བྱེད་པ། ཏང་ལ་བློ་དཀར་བ། མི་དམངས་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་བ་བཅས་ཀྱི་ཏང་འཛུགས་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་བཏང་ཞིང་། ཏང་འཛུགས་སྐྲུན་བྱ་རྒྱུའི་ལས་གྲྭ་རླབས་པོ་ཆེ་ལག་བསྟར་དང་སྐུལ་འདེད་བཏང་སྟེ། བསམ་བློའི་ཐོག་ཏང་འཛུགས་སྐྲུན་བྱ་རྒྱུའི་རྩ་དོན་གནད་ཆེན་པོར་བཟུང་ནས་བཏོན་ཏེ། དམངས་གཙོ་གཅིག་སྡུད་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ། མང་ཚོགས་དང་འབྲེལ་འདྲིས་དམ་ཟབ། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བཅས་ཀྱི་སྤྱོད་ཚུལ་བཟང་པོ་ཆེན་པོ་གསུམ་རྒྱུན་འཁྱོངས་བྱས་ནས། འཐབ་ཕྱོགས་གཅིག་གྱུར་དང་། དྲག་པོའི་འཐབ་རྩོད། ཏང་འཛུགས་སྐྲུན་བཅས་ཀྱི་ཐབས་མཆོག་ཆེན་པོ་གསུམ་ཆགས་ཡོད། རྒྱལ་ཡོངས་ཀྱི་ཁྱབ་ཁོངས་དང་། རྒྱ་ཆེའི་མང་ཚོགས་ཀྱི་རང་བཞིན་ལྡན་པ། བསམ་བློ་དང་། ཆབ་སྲིད། རྩ་འཛུགས་བཅས་ཀྱི་ཐད་ཡོངས་སུ་སྲ་བརྟན་ཡིན་པའི་མར་ཁེ་སིའི་རིང་ལུགས་ཀྱི་སྲིད་ཏང་འཛུགས་སྐྲུན་ཧུར་ཐག་བྱས་ཡོད། ཏང་གིས་1942ལོ་ནས་བཟུང་ཏང་ཡོངས་སུ་ཀུན་སྤྱོད་དག་ཐེར་བྱེད་འགོ་བརྩམས་ཤིང་། མར་ཁེ་སིའི་རིང་ལུགས་ཀྱི་བསམ་བློའི་སློབ་གསོའི་ལས་འགུལ་དེར་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ཡོད། ཏང་གིས་《ལོ་རྒྱུས་ཀྱི་གནད་དོན་འགའ་ཞིག་སྐོར་གྱི་གྲོས་ཆོད་》བཟོས་ནས་ཏང་ཡོངས་ཀྱིས་ཀྲུང་གོའི་གསར་བརྗེའི་གཞི་རྩའི་གནད་དོན་ལ་ངོས་འཛིན་གཅིག་མཐུན་ཡོང་བ་བྱས་ཡོད། ཏང་གི་ཚོགས་ཆེན་བདུན་པས་དམངས་གཙོ་རིང་ལུགས་གསར་པའི་ཀྲུང་གོ་གསར་པ་འཛུགས་པར་ཡང་དག་པའི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་བཅས་གཏན་ལ་ཕབ་པས། ཏང་ཡོངས་བསམ་བློ་དང་། ཆབ་སྲིད། རྩ་འཛུགས་བཅས་ཀྱི་ཐོག་སྔར་བྱུང་མ་མྱོང་བའི་གཅིག་གྱུར་དང་མཐུན་སྒྲིལ་བྱུང་དུ་བཅུག་ཡོད།
    ལོ་ངོ་ཉེར་བརྒྱད་རིང་ཁྲག་བཏོན་དམར་འཛིང་བྱས་པ་བརྒྱུད་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ། དམངས་གཙོའི་ཏང་ཤོག་ཁག་དང་ཏང་ཤོག་གང་ལའང་མི་གཏོགས་པའི་དམངས་གཙོའི་མི་དྲག་རྣམས་ཀྱིས་མཉམ་ལས་ཧུར་ཐག་བྱས་པར་བརྟེན། 1949ལོའི་ཟླ་10ཚེས་1ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་ཁྱབ་བསྒྲགས་བྱས་པ་དང་། མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ་མངོན་འགྱུར་བྱུང་སྟེ། ཀྲུང་གོ་རྙིང་པའི་མི་སེར་སྤེལ་ཡུལ་ཕྱེད་ཙམ་དང་བཀས་བཀོད་རྒྱུད་འཛིན་ཕྱེད་ཙམ་གྱི་སྤྱི་ཚོགས་ཀྱི་ལོ་རྒྱུས་རྦད་དེ་མཇུག་བསྒྲིལ་བ་དང་། བཤུ་གཞོག་བྱེད་མཁན་ཆེས་ཉུང་ཤས་ཀྱིས་རྒྱ་ཆེའི་ངལ་རྩོལ་མི་དམངས་ལ་དབང་སྒྱུར་བའི་ལོ་རྒྱུས་རྦད་དེ་མཇུག་བསྒྲིལ། ཀྲུང་གོ་རྙིང་པའི་ཁ་ཐོར་དགུ་ཐོར་གྱི་རྣམ་པ་རྦད་དེ་མཇུག་བསྒྲིལ། བཙན་དབང་རྒྱལ་ཁབ་ཀྱིས་ཀྲུང་གོར་བཙན་འགེལ་བྱས་པའི་འདྲ་མཉམ་མིན་པའི་ཆིངས་ཡིག་དང་ཀྲུང་གོར་ཡོད་པའི་བཙན་རྒྱལ་རིང་ལུགས་ཀྱི་དམིགས་བསལ་དབང་ཆ་མཐའ་དག་རྦད་དེ་མེད་པར་བཟོས། ཀྲུང་གོ་འདི་ཉིད་ལོ་ངོ་སྟོང་ཕྲག་ཁ་ཤས་རིང་གི་བཀས་བཀོད་རྒྱུད་འཛིན་སྒེར་གཅོད་ཀྱི་ཆབ་སྲིད་ནས་མི་དམངས་དམངས་གཙོའི་ཕྱོགས་སུ་འཕུར་མཆོང་རླབས་པོ་ཆེ་བྱུང་ཡོད་ལ། འཛམ་གླིང་གི་ཆབ་སྲིད་རྣམ་པ་ལའང་འགྱུར་ལྡོག་ཆེན་པོ་བཏང་བ་དང་། འཛམ་གླིང་ཡོངས་ཀྱི་གཉའ་གནོན་མྱོང་མཁན་མི་རིགས་དང་གཉའ་གནོན་མྱོང་མཁན་མི་དམངས་ཀྱིས་བཅིངས་འགྲོལ་བརྩོན་ལེན་བྱེད་པའི་འཐབ་རྩོད་ལ་སྐུལ་མ་ཐེབས་པ་རེད།
    ལག་ལེན་གྱི་ཐོག་ནས་གསལ་བཤད་གང་ལེགས་བྱས་དོན། ལོ་རྒྱུས་དང་མི་དམངས་ཀྱིས་ཀྲུང་གོའི་གུང་ཁྲན་ཏང་བདམས་པ་དང་། ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་མེད་ན། མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ་མངོན་འགྱུར་བྱེད་མི་ཐུབ། ཀྲུང་གོའི་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་ཀྱིས་དཔའ་མཛངས་རྟུལ་ཕོད་ཀྱིས་འབད་འཐབ་བྱས་ཏེ་འཛམ་གླིང་ལ་དུས་ད་ནས་བཟུང་ཀྲུང་གོའི་མི་དམངས་ཡར་ལངས་ཟིན། ཀྲུང་ཧྭ་མི་རིགས་ལ་གཞན་གྱིས་རང་སྣང་གང་ཤར་གྱིས་མནར་གཅོད་གཏོང་བ་དང་བརྙས་བཅོས་ཚད་མེད་བྱེད་པའི་དུས་རབས་ཕར་འདས་ཏེ་ཕྱིར་ལྡོག་མེད་པ་དང་། དུས་ད་ནས་བཟུང་ཀྲུང་གོའི་འཕེལ་རྒྱས་དུས་རབས་གསར་པ་ཞིག་གི་འགོ་བརྩམས་པ་ཡིན་པ་བརྗིད་ཉམས་ལྡན་པའི་ངང་ནས་ཁྱབ་བསྒྲགས་བྱས་ཡོད།

གཉིས། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེར་ལེགས་གྲུབ་བྱུང་ཞིང་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ།
    སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་གྱི་དུས་སྐབས་སུ། ཏང་གི་མདུན་དུ་ལྷགས་པའི་ལས་འགན་གཙོ་བོ་ནི། དམངས་གཙོ་རིང་ལུགས་གསར་པ་ནས་སྤྱི་ཚོགས་རིང་ལུགས་སུ་སྒྱུར་བ་མངོན་འགྱུར་བྱས་ནས། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་རྩ་བའི་ཆབ་སྲིད་ཀྱི་སྔོན་འགྲོའི་ཆ་རྐྱེན་དང་ལམ་ལུགས་ཀྱི་རྨང་གཞི་འདིང་རྒྱུ་དེ་ཡིན།
    ཀྲུང་གོ་གསར་པ་དབུ་བརྙེས་རྗེས། ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་ཆབ་སྲིད་དང་དཔལ་འབྱོར། དམག་དོན་སོགས་ཐད་ཀྱི་འགྲན་སློང་དྲག་པོ་རབ་དང་རིམ་པ་ལས་རྣམ་པར་རྒྱལ་ཏེ། གོ་མིན་ཏང་ལོག་སྤྱོད་ཕྱོགས་ཁག་གི་དྲག་པོའི་སྟོབས་ཤུགས་ལྷག་རོ་དང་ཇག་པ་གཙང་སེལ་བྱས་པ་དང་། བོད་ཞི་བས་བཅིངས་འགྲོལ་བཏང་ནས་མེས་རྒྱལ་སྐམ་ས་ཆེན་པོ་རྦད་དེ་གཅིག་གྱུར་བྱུང་བ། ཟོག་གོང་བརྟན་པོ་ཡོང་བ་དང་། ནོར་སྲིད་དཔལ་འབྱོར་གྱི་ལས་ཀ་གཅིག་གྱུར་ཡོང་བ། ས་ཞིང་བཅོས་བསྒྱུར་ལེགས་གྲུབ་བྱུང་བ། སྤྱི་ཚོགས་ཀྱི་ཕྱོགས་སོ་སོ་དམངས་གཙོ་ཅན་གྱི་སྒྱུར་བཅོས་བཅས་བྱས་ཏེ། ཕོ་མོའི་ཁེ་དབང་འདྲ་མཉམ་ལག་བསྟར་དང་། གསར་བརྗེར་ངོ་རྒོལ་པར་དྲག་གནོན་བྱས་པ། “ངོ་རྒོལ་གསུམ་”དང་“ངོ་རྒོལ་ལྔའི་”ལས་འགུལ་སྤེལ་ཏེ། སྤྱི་ཚོགས་རྙིང་པ་ལ་ལུས་པའི་འདམ་རྫབ་ཆུ་རྙོག་གཙང་ཕྱགས་བྱས་ནས་སྤྱི་ཚོགས་ཀྱི་རྣམ་པ་གསར་རྐྱང་དུ་གྱུར། ཀྲུང་གོའི་མི་དམངས་དང་བླངས་དམག་གིས་དཔའ་ཉམས་དང་རྔམ་རྫིག་ལྡན་པའི་ངང་ཡ་ལུའུ་ཅང་གཙང་པོ་བརྒལ་ཞིང་། ཁྲའོ་ཞན་མི་དམངས་དང་དམག་དཔུང་དང་དཔུང་པ་མཉམ་གཤིབ་ཀྱིས་འཐབ་འཛིང་བྱས་ཏེ། མགོ་ནས་མཇུག་བར་དྲག་ཆས་སྤྲས་པའི་དགྲ་བོ་སྟོབས་ལྡན་ལས་རྣམ་པར་རྒྱལ་ནས་རྒྱལ་ཁབ་དང་དམག་དཔུང་གི་གཟི་རྔམ་བསྟན་པ་དང་། ཀྲུང་གོའི་མི་དམངས་ཀྱི་བློ་སྟོབས་དང་སྙིང་རུས་མཚོན་པ། ཨ་འགོག་ཁྲའོ་རོགས་དམག་འཁྲུག་ལ་རྒྱལ་ཁ་རླབས་པོ་ཆེ་ཐོབ་པས། ཀྲུང་གོ་གསར་པའི་བདེ་འཇགས་སྲུང་སྐྱོང་བྱས་པ་དང་ཀྲུང་གོ་གསར་པའི་རྒྱལ་ཁབ་ཆེན་པོའི་གོ་གནས་མངོན་ཡོད། རྙོག་འཛིང་ཆེ་བའི་རྒྱལ་ནང་དང་རྒྱལ་སྤྱིའི་ཁོར་ཡུག་ཁྲོད་ཀྲུང་གོ་གསར་པས་རྐང་པ་བརྟན་པོར་བཙུགས་པ་རེད།
    ཏང་གིས་བཟོ་པའི་གྲལ་རིམ་གྱིས་འགོ་ཁྲིད་བྱེད་པ་དང་བཟོ་ཞིང་མནའ་འབྲེལ་གྱིས་རྨང་གཞི་བྱེད་པའི་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱི་རྒྱལ་ཁབ་སྲིད་དབང་འཛུགས་པ་དང་སྲ་བརྟན་དུ་བཏང་ནས། རྒྱལ་ཁབ་འཕེལ་རྒྱས་མགྱོགས་མྱུར་ཡོང་བར་ཆ་རྐྱེན་བསྐྲུན་ཡོད། 1949ལོར། ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་ཚང་འཛོམས་གྲོས་ཚོགས་སྐབས་དང་པོའི་ཐོག་《ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་ཐུན་མོང་རྩ་འཛིན་》ཞེས་པ་གཏན་འབེབས་བྱས་པ་རེད། 1953ལོར། ཏང་གིས་བར་བརྒལ་དུས་སྐབས་ཀྱི་སྤྱིའི་ལམ་ཕྱོགས་དངོས་སུ་བཏོན་པ་སྟེ། དུས་ཡུན་ཧ་ཅང་རིང་པོ་ཞིག་གི་ནང་དུ་རྒྱལ་ཁབ་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བཟོ་ལས་ཅན་རིམ་བཞིན་མངོན་འགྱུར་བྱ་རྒྱུ་དང་། རྒྱལ་ཁབ་ཀྱིས་ཞིང་ལས་དང་། ལག་ཤེས་བཟོ་ལས། མ་རྩའི་རིང་ལུགས་ཀྱི་བཟོ་ཚོང་ལས་རིགས་བཅས་ལ་སྤྱི་ཚོགས་རིང་ལུགས་ཀྱི་བསྒྱུར་བཀོད་རིམ་བཞིན་མངོན་འགྱུར་བྱ་རྒྱུ་དེ་ཡིན། 1954ལོར། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་དང་པོའི་གྲོས་ཚོགས་ཐེངས་དང་པོ་འཚོགས་ནས་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་》ལ་གྲོས་འཆམ་བྱུང་།
    956ལོར། རང་རྒྱལ་གྱིས་ཐོན་སྐྱེད་རྒྱུ་ཆ་སྒེར་ལ་དབང་བའི་ལམ་ལུགས་ལ་སྤྱི་ཚོགས་རིང་ལུགས་ཀྱི་བསྒྱུར་བཀོད་གཞི་རྩའི་ཆ་ནས་ལེགས་གྲུབ་བྱུང་བ་དང་། ཐོན་སྐྱེད་རྒྱུ་ཆ་སྤྱི་ལ་དབང་བའི་ལམ་ལུགས་དང་རྩོལ་བསྟུན་ཐོབ་སྤྲོད་གཞི་རྩའི་ཐོག་མངོན་འགྱུར་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་ལམ་ལུགས་བཙུགས། ཏང་གིས་འགོ་ཁྲིད་དེ་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་དང་། ཀྲུང་གོའི་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་བཅས་གཏན་འཁེལ་བྱས་ཏེ། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པར་ལམ་ལུགས་ཀྱི་འགན་ལེན་འདོན་སྤྲོད་བྱས་ཡོད། ཏང་གིས་འགོ་ཁྲིད་དེ་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་ཆེན་མོ་མངོན་འགྱུར་དང་སྲ་བརྟན་དུ་བཏང་བ་དང་། མི་རིགས་ཁག་བར་འདྲ་མཉམ་རོགས་རེས་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་ཆགས་པ་དང་འཕེལ་རྒྱས་བཏང་། རྒྱལ་ཡོངས་ཀྱི་བཟོ་པ་དང་། ཞིང་པ། ཤེས་ཡོན་ཅན་བཅས་དང་རིམ་གྲས་གཞན་དག་ཁག་གི་མི་དམངས་བར་གྱི་མཐུན་སྒྲིལ་ཆེན་པོ་མངོན་འགྱུར་དང་སྲ་བརྟན་དུ་བཏང་སྟེ།  འཐབ་ཕྱོགས་གཅིག་གྱུར་རྒྱ་ཆེན་པོར་ཤུགས་སྣོན་པ་དང་རྒྱ་ཆེ་རུ་བཏང་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བཙུགས་པ་དེས་རང་རྒྱལ་གྱི་ཡར་ཐོན་དང་འཕེལ་རྒྱས་ཡོད་ཚད་ལ་རྨང་གཞི་གལ་ཆེན་བཏིང་ཡོད།
    ཏང་གི་ཚོགས་ཆེན་བརྒྱད་པས་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་བསྒྱུར་བཀོད་གཞི་རྩའི་ཆ་ནས་ལེགས་འགྲུབ་བྱུང་རྗེས་ཀྱི་གནས་བབ་ལ་གཞིགས་ཏེ། རྒྱལ་ནང་གི་འགལ་བ་གཙོ་བོ་དེ་ད་ནས་བཟུང་བཟོ་པའི་གྲལ་རིམ་དང་འབྱོར་ལྡན་གྲལ་རིམ་བར་གྱི་འགལ་བ་མིན་པར། མི་དམངས་ཀྱིས་དཔལ་འབྱོར་དང་རིག་གནས་མགྱོགས་མྱུར་དུ་འཕེལ་རྒྱས་གཏོང་དགོས་པའི་དགོས་མཁོ་དང་མིག་སྔའི་དཔལ་འབྱོར་དང་རིག་གནས་ཀྱིས་མི་དམངས་ཀྱི་དགོས་མཁོ་སྐོང་མི་ཐུབ་པའི་གནས་ཚུལ་བར་གྱི་འགལ་བ་ཡིན་པ་བཏོན་པ་དང་། རྒྱལ་ཡོངས་མི་དམངས་ཀྱི་ལས་འགན་གཙོ་བོ་ནི་སྟོབས་ཤུགས་གཅིག་སྡུད་བྱས་ནས་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་རྒྱུ་དང་། རྒྱལ་ཁབ་ཀྱི་བཟོ་ལས་ཅན་མངོན་འགྱུར་བྱུང་ནས་མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བཞིན་པའི་དངོས་པོ་དང་རིག་གནས་ཀྱི་དགོས་མཁོ་རིམ་བཞིན་བསྐང་རྒྱུ་དེ་ཡིན། ཏང་གིས་རང་རྒྱལ་འདི་ཉིད་རིམ་བཞིན་དེང་རབས་ཀྱི་ཞིང་ལས་དང་། དེང་རབས་ཀྱི་བཟོ་ལས། དེང་རབས་ཀྱི་རྒྱལ་སྲུང་། དེང་རབས་ཀྱི་ཚན་རིག་ལག་རྩལ་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་སྟོབས་ལྡན་ཞིག་ཏུ་འཛུགས་སྐྲུན་ཧུར་ཐག་བྱེད་དགོས་ཞེས་བཏོན་པ་དང་། མི་དམངས་ཀྱི་འགོ་ཁྲིད་དེ་ཕྱོགས་ཡོངས་ནས་གཞི་རྒྱ་ཆེ་བའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱས། ལོ་ལྔའི་འཆར་གཞི་ཁ་ཤས་ལག་ལེན་བསྟར་བ་བརྒྱུད། རང་རྒྱལ་གྱིས་རང་ཚུགས་དང་ཅུང་ཆ་ཚང་བའི་བཟོ་ལས་ཀྱི་མ་ལག་དང་རྒྱལ་དམངས་དཔལ་འབྱོར་གྱི་མ་ལག་བཙུགས་ཤིང་། ཞིང་ལས་ཐོན་སྐྱེད་ཀྱི་ཆ་རྐྱེན་ལ་འགྱུར་ལྡོག་མངོན་གསལ་བྱུང་བ་དང་། སློབ་གསོ་དང་། ཚན་རིག རིག་གནས། འཕྲོད་བསྟེན། ལུས་རྩལ་བཅས་ཀྱི་བྱ་གཞག་ལ་འཕེལ་རྒྱས་ཧ་ཅང་ཆེན་པོ་བྱུང་ཡོད། “འབར་མདེལ་གཉིས་དང་འཁོར་སྐར་གཅིག་”སོགས་རྒྱལ་སྲུང་གི་རྩེར་སོན་ཚན་རྩལ་རྒྱུན་ཆད་མེད་པར་ཐོད་བརྒལ་བྱུང་བ་དང་། རྒྱལ་སྲུང་བཟོ་ལས་མེད་པ་ནས་ཡོད་པར་རིམ་བཞིན་འཕེལ་རྒྱས་བྱུང་ཡོད། མི་དམངས་བཅིངས་འགྲོལ་དམག་རྒྱ་སྐྱེད་དང་འཕེལ་རྒྱས་བྱུང་བ་དང་། སྐམ་དམག་རྐྱང་པ་ཞིག་ནས་མཚོ་དམག་དང་། མཁའ་དམག  ལག་རྩལ་དཔུང་རིགས་གཞན་དག་བཅས་ཚུད་པའི་མཉམ་སྡེབ་དམག་དཔུང་ཞིག་ཏུ་འཕེལ་རྒྱས་ཕྱིན་ནས་གསར་བྱུང་གི་མི་དམངས་སྲིད་དབང་སྲ་བརྟན་དུ་གཏོང་བ་དང་། ཀྲུང་གོའི་རྒྱལ་ཁབ་ཆེན་པོའི་གོ་གནས་བརྟན་དུ་གཏོང་བ། ཀྲུང་ཧྭ་མི་རིགས་ཀྱི་ལ་རྒྱ་སྲུང་སྐྱོང་བཅས་བྱ་ཆེད་རྒྱབ་རྟེན་སྲ་བརྟན་འདོན་སྤྲོད་བྱས་ཡོད།
    ཏང་གིས་རང་བཙན་རང་བདག་བྱེད་པའི་ཞི་བདེའི་ཕྱི་འབྲེལ་སྲིད་ཇུས་རྒྱུན་འཁྱོངས་དང་། ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་དར་སྤེལ་དང་རྒྱུན་འཁྱོངས། རྒྱལ་ཁབ་ཀྱི་རང་བཙན་དང་། བདག་དབང་། ལ་རྒྱ་བཅས་མཐའ་གཅིག་ཏུ་སྲུང་སྐྱོང་བཅས་བྱས་ནས། འཛམ་གླིང་ཐོག་གཉའ་གནོན་མྱོང་མཁན་མི་རིགས་ཀྱི་བཅིངས་འགྲོལ་བྱ་གཞག་དང་། གསར་དུ་རང་བཙན་བྱས་པའི་རྒྱལ་ཁབ་ཀྱི་འཛུགས་སྐྲུན་བྱ་གཞག  རྒྱལ་ཁབ་ཁག་གི་མི་དམངས་ཀྱི་དྲང་བདེན་འཐབ་རྩོད་བཅས་ལ་རྒྱབ་སྐྱོར་དང་རོགས་སྐྱོར་བྱས་ཏེ། བཙན་རྒྱལ་རིང་ལུགས་དང་། བཙན་དབང་རིང་ལུགས། མི་སེར་སྤེལ་བའི་རིང་ལུགས། རིགས་རྒྱུད་རིང་ལུགས་བཅས་ལ་ངོ་རྒོལ་བྱས་ནས་ཀྲུང་གོ་རྙིང་པའི་བརྙས་བཅོས་མྱོང་བའི་ཕྱི་འབྲེལ་རྦད་དེ་མཇུག་བསྒྲིལ་བ་རེད། ཏང་གིས་དུས་དཔག་བབ་བསྟུན་གྱིས་ཕྱི་འབྲེལ་འཐབ་ཇུས་ལེགས་སྒྲིག་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་སུ་ཡོད་པའི་རང་རྒྱལ་གྱི་ཁྲིམས་མཐུན་ཁེ་དབང་ཡོད་ཚད་སླར་གསོ་བྱེད་པར་སྐུལ་འདེད་བཏང་ནས། ཕྱི་ཕྱོགས་ལས་དོན་གྱི་རྣམ་པ་གསར་པ་བཏོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོ་གཅིག་ལས་མེད་པའི་རྩ་དོན་རྒྱུན་འཁྱོངས་བྱེད་པའི་རྣམ་པ་ཆགས་པར་སྐུལ་འདེད་བཏང་། ཏང་གིས་འཛམ་གླིང་གསུམ་དུ་དབྱེ་བའི་འཐབ་ཇུས་བཏོན་ཞིང་། ཀྲུང་གོས་ནམ་ཡང་བཙན་དབང་མི་སྤྱོད་པའི་བརྗིད་ཉམས་ལྡན་པའི་དམ་བཅའ་བཞག་པར་རྒྱལ་སྤྱིའི་སྤྱི་ཚོགས་དང་ལྷག་པར་དུ་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་བརྩི་འཇོག་དང་བསྔགས་བརྗོད་ཐོབ་ཡོད།
    ཏང་གིས་རྒྱལ་ཡོངས་སུ་སྲིད་སྐྱོང་བའི་མདུན་དུ་ལྷགས་པའི་འགྲན་སློང་གསར་པ་སྔོན་དཔག་གང་ལེགས་བྱས་ཡོད་ཅིང་།བཅིངས་འགྲོལ་དམག་འཁྲུག་ལ་རྒྱལ་ཡོངས་ཀྱི་རྒྱལ་ཁ་ཐོབ་པའི་སྔ་རོལ་དུ་འཚོགས་པའི་ཏང་གི་སྐབས་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག ཏང་ཡོངས་ལ་ངེས་པར་དུ་ཁེངས་སྐྱུང་དང་། གཟབ་ནན། ང་རྒྱལ་མེད་པ། འཚབ་འཚུབ་མེད་པ་བཅས་ཀྱི་སྤྱོད་ཚུལ་མུ་མཐུད་མཐའ་འཁྱོངས་བྱེད་པ་དང་། ངེས་པར་དུ་དཀའ་སྤྱད་འབད་བརྩོན་གྱི་སྤྱོད་ཚུལ་མུ་མཐུད་མཐའ་འཁྱོངས་བྱེད་དགོས་པ་བཏོན་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་རྗེས། ཏང་གིས་སྲིད་སྐྱོང་ཆ་རྐྱེན་འོག་ཏང་འཛུགས་སྐྲུན་བྱ་རྒྱུའི་གནད་དོན་གལ་ཆེན་གཙོ་གནད་དུ་བཟུང་ནས་བསམ་བློ་དང་། རྩ་འཛུགས། སྤྱོད་ཚུལ་བཅས་ཀྱི་ཐོག་ནས་ཏང་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཏང་གི་འགོ་ཁྲིད་སྲ་བརྟན་དུ་གཏོང་དགོས་པ་བཏོན། ཏང་གིས་ལས་བྱེད་པར་རིགས་པའི་གཞུང་ལུགས་ལ་སློབ་སྦྱོང་དང་ཤེས་བྱ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཏང་གི་འགོ་ཁྲིད་ཆུ་ཚད་མཐོ་རུ་བཏང་ཞིང་། ཏང་ཡོངས་དང་ལྷག་པར་དུ་ཏང་གི་མཐོ་རིམ་ལས་བྱེད་པས་ཏང་གི་མཐུན་སྒྲིལ་གཅིག་གྱུར་སྲུང་སྐྱོང་བྱེད་པའི་རང་རྟོགས་རང་བཞིན་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད། ཏང་གིས་སྤྱོད་ཚུལ་དག་ཐེར་དང་ཏང་དག་ཐེར་བྱས་པ་དང་། ཏང་ནང་གི་སློབ་གསོར་ཤུགས་བརྒྱབ་པ། གཞི་རིམ་ཏང་རྩ་འཛུགས་ལ་དག་ཐེར་བྱས་པ། ཏང་ཡོན་གྱི་ཆ་རྐྱེན་ལེགས་སུ་བཏང་བ་དང་། དཔོན་ཉམས་རིང་ལུགས་དང་། བཀའ་འབེབས་རིང་ལུགས། ལྐོག་ཟ་ཆུད་ཟོས་བཅས་ལ་ངོ་རྒོལ་བྱས་ཡོད། ཏང་གིས་ཏང་ཡོན་ལས་བྱེད་པ་རུལ་སུངས་དང་ངོ་བོ་འགྱུར་བར་དོགས་ཟོན་དང་འབད་བརྩོན་ཆེན་པོ་བྱས་ནས་རུལ་སུངས་ལ་ཆད་གཅོད་མཐའ་གཅིག་ཏུ་བྱས་ཡོད། བྱེད་ཐབས་གལ་ཆེན་འདི་དག་གིས་ཏང་གི་དྭངས་གཙང་རང་བཞིན་དང་ཏང་ཡོངས་ཀྱི་མཐུན་སྒྲིལ་ཇེ་དམ་དུ་བཏང་བ་དང་། ཏང་དང་མི་དམངས་མང་ཚོགས་བར་གྱི་འབྲེལ་བ་ཇེ་དམ་དུ་བཏང་ནས། སྲིད་འཛིན་ཏང་འཛུགས་སྐྲུན་བྱེད་པའི་ཐོག་མའི་ཉམས་མྱོང་བསགས་ཡོད། 
    དུས་སྐབས་དེའི་རིང་། བློ་མཐུན་མའོ་ཙེ་ཏུང་གིས་མར་ཁེ་སི་ལེ་ཉིན་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་བྱེ་བྲག་གི་དོན་དངོས་དང་“ཟུང་འབྲེལ་ཐེངས་གཉིས་པ་”བྱེད་དགོས་ཞེས་བཏོན་པ་དང་། བློ་མཐུན་མའོ་ཙེ་ཏུང་གིས་སྐུ་ཚབ་གཙོ་བོ་གནང་བའི་ཀྲུང་གོའི་གུང་ཁྲན་ཏང་མིས། དོན་དངོས་གསར་པ་དང་ཟུང་འབྲེལ་བྱས་ནས་མའོ་ཙེ་ཏུང་གི་དགོངས་པ་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་བཏང་སྟེ། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱ་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་རབ་དང་རིམ་པ་བཏོན་པ་དེར། སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ནི་ལོ་རྒྱུས་ཀྱི་དུས་རིམ་ཧ་ཅང་རིང་པོ་ཞིག་ཡིན་པ་དང་། དགྲ་དང་རང་ཕྱོགས་བར་གྱི་འགལ་བ་དང་མི་དམངས་ནང་ཁུལ་གྱི་འགལ་བ་དབྱེ་འབྱེད་ནན་པོ་དང་ཐག་གཅོད་ཡང་དག་བྱེད་པ། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་འབྲེལ་བ་ཆེན་པོ་བཅུ་ཐག་གཅོད་ཡང་དག་པ་བྱས་ནས། རང་རྒྱལ་གྱི་གནས་ཚུལ་དང་མཐུན་པའི་བཟོ་ལས་ཅན་དུ་འགྱུར་བའི་འགྲོ་ལམ་ཞིག་བཏོད་པ། རིན་ཐང་གི་ཆོས་ཉིད་ལ་བརྩི་འཇོག་དང་། ཏང་དང་དམངས་གཙོའི་ཏང་ཤོག་བར་གྱི་འབྲེལ་བའི་ཐོག་“ཡུན་རིང་མཉམ་གནས་དང་། ཕན་ཚུན་ལྟ་སྐུལ་”བྱ་རྒྱུའི་བྱེད་ཕྱོགས་དང་། ཚན་རིག་རིག་གནས་ཀྱི་ལས་ཀའི་ནང་“མེ་ཏོག་མཉམ་བཞད་དང་མཁས་བརྒྱ་འགྲན་གླེང་”གི་བྱེད་ཕྱོགས་ལག་ལེན་བྱེད་པ་སོགས་ཚུད་ཡོད། རང་ཚུགས་ཀྱི་གསར་གཏོད་རང་བཞིན་ལྡན་པའི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་དེ་དག་དུས་ད་ལྟ་ལའང་མཛུབ་སྟོན་གྱི་དོན་སྙིང་གལ་ཆེན་ལྡན།
    མའོ་ཙེ་ཏུང་གི་དགོངས་པ་ནི་མར་ཁེ་སི་ལེ་ཉིན་རིང་ལུགས་ཀྲུང་གོར་རང་ཚུགས་ཀྱི་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་བེད་སྤྱོད་དང་འཕེལ་རྒྱས་བཏང་བ་ཞིག་ཡིན་ཞིང་། ལག་ལེན་གྱི་ཐོག་ནས་ར་འཕྲོད་པའི་ཀྲུང་གོའི་གསར་བརྗེ་དང་འཛུགས་སྐྲུན་སྐོར་གྱི་རིགས་པའི་གཞུང་ལུགས་ཀྱི་རྩ་དོན་ཡང་དག་པ་དང་ཉམས་མྱོང་ཕྱོགས་བསྡོམས་བྱས་པ་ཞིག་ཡིན་པ་དང་། མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ལོ་རྒྱུས་རང་བཞིན་གྱི་འཕུར་མཆོང་ཐེངས་དང་པོ་རེད། མའོ་ཙེ་ཏུང་གི་དགོངས་པའི་ཉམས་མེད་བླ་སྲོག་ནི་གྲུབ་ཆ་སོ་སོར་ཁྱབ་པའི་ལངས་ཕྱོགས་དང་། ལྟ་བ། བྱེད་ཐབས་བཅས་ཡིན་ཞིང་། དངོས་ཐོག་བདེན་འཚོལ་དང་། མང་ཚོགས་ལམ་ཕྱོགས། རང་བཙན་རང་བདག་བཅས་གཞི་རྩའི་ཕྱོགས་གསུམ་དུ་མཚོན་པ་དང་། ཏང་དང་མི་དམངས་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བར་ཚན་རིག་དང་མཐུན་པའི་ཁྲིད་སྟོན་འདོན་སྤྲོད་བྱས་ཡོད།
    བློ་ཕམ་པ་ཞིག་ལ་ཏང་གི་ཚོགས་ཆེན་བརྒྱད་པའི་ཐོག་ཏུ་གྲུབ་པའི་ཡང་དག་པའི་ལམ་ཕྱོགས་དེ་ཡོངས་སུ་རྒྱུན་འཁྱོངས་བྱས་ཐུབ་མེད་དེ། སྔ་ཕྱིར་“མཆོང་སྐྱོད་ཆེན་པོའི་”ལས་འགུལ་དང་མི་དམངས་ཀུང་ཧྲེ་ཅན་གྱི་ལས་འགུལ་སོགས་ཀྱི་ནོར་འཁྲུལ་བྱུང་བ་དང་། གཡས་ཕྱོགས་པ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱང་བསྐྱེད་ཐལ་དྲགས་པར་གྱུར་བ་རེད། སྐབས་དེའི་ཛ་དྲག་དང་རྙོག་འཛིང་ཆེ་བའི་ཕྱིའི་ཁོར་ཡུག་གི་མདུན་དུ། ཏང་གིས་སྤྱི་ཚོགས་རིང་ལུགས་ཀྱི་སྲིད་དབང་སྲ་བརྟན་ཡོང་བར་དོ་ཁུར་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད་པས། ཕྱོགས་མང་པོའི་ཐད་ནས་འབད་བརྩོན་བྱས་ཡོད། འོན་ཀྱང་། བློ་མཐུན་མའོ་ཙེ་ཏུང་གི་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་ཀྱི་གྲལ་རིམ་འཐབ་རྩོད་སྐོར་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་ཐད་ཀྱི་ནོར་འཁྲུལ་ཉིན་རེ་བཞིན་ཚབས་ཆེ་རུ་ཕྱིན་པ་དང་། ཏང་ཀྲུང་དབྱང་གིས་ནོར་འཁྲུལ་དེ་དག་དུས་ཐོག་ཏུ་ཡོ་བསྲང་བྱེད་ཐུབ་མེད། བློ་མཐུན་མའོ་ཙེ་ཏུང་གིས་སྐབས་དེའི་རང་རྒྱལ་གྱི་གྲལ་རིམ་གནས་བབ་དང་དེ་བཞིན་ཏང་དང་རྒྱལ་ཁབ་ཀྱི་ཆབ་སྲིད་གནས་ཚུལ་ལ་རྦད་དེ་ནོར་འཁྲུལ་གྱི་ཚོད་དཔག་བྱས་ཏེ། “རིག་གནས་གསར་བརྗེ་ཆེན་པོ་”བསླངས་པ་དང་འགོ་ཁྲིད་བྱས། ལིན་པིའོ་དང་ཅང་ཆིན་གསར་བརྗེར་ངོ་རྒོལ་ཚོགས་ཁག་གཉིས་ཀྱིས་བློ་མཐུན་མའོ་ཙེ་ཏུང་གི་ནོར་འཁྲུལ་ལ་བརྟེན་ནས་རྒྱལ་ཕུང་དམངས་གནོད་ཀྱི་ནག་ཉེས་ཆེ་བའི་བྱེད་སྒོ་འབོར་ཆེན་སྤེལ་ཏེ་ལོ་བཅུའི་ནང་ཟིང་བཟོས་པས། ཏང་དང་། རྒྱལ་ཁབ། མི་དམངས་བཅས་ལ་ཀྲུང་གོ་གསར་པ་དབུ་བརྙེས་ཚུན་གྱི་བར་ཆད་དང་གྱོང་གུན་ཚབས་ཆེ་ཤོས་བཟོས་ཏེ་ཧ་ཅང་ཡ་ང་བའི་བསླབ་བྱ་འཐོབ་ཏུ་བཅུག་ཡོད། 1976ལོའི་ཟླ་10པར། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཏང་དང་མི་དམངས་ཀྱི་འདོད་བློ་ལག་བསྟར་བྱས་ཏེ། བློ་ཐག་ཆོད་པོས་“མི་བཞི་ཤོག་ཁག་”རྡུལ་དུ་བརླགས་ནས་“རིག་གནས་གསར་བརྗེ་ཆེན་པོའི་”གོད་ཆག་དེའི་མཇུག་བསྒྲིལ་བ་རེད།
    ཀྲུང་གོ་གསར་པ་དབུ་བརྙེས་པ་ནས་སྒྱུར་བཅོས་སྒོ་འབྱེད་མ་བྱས་གོང་དུ། ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་ལེགས་གྲུབ་བྱས་ཤིང་། བཤུ་གཞོག་ལམ་ལུགས་ཡོད་ཚད་རྩ་མེད་དུ་བཏང་བས། ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ཐོག་སྤྱི་ཚོགས་ཀྱི་འཕོ་འགྱུར་རྒྱ་ཆེ་ཤོས་དང་གཏིང་ཟབ་ཤོས་མངོན་འགྱུར་བྱུང་ཞིང་། དབུལ་ཞིང་ཕོངས་པ་དང་མི་གྲངས་མང་བའི་ཤར་ཕྱོགས་ཀྱི་རྒྱལ་ཁབ་ཆེན་པོ་གོམ་སྟབས་ཆེན་པོས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་སུ་བསྐྱོད་པའི་འཕུར་མཆོང་རླབས་པོ་ཆེ་མངོན་འགྱུར་བྱུང་བ་རེད། འཚོལ་ཞིབ་བྱེད་རིམ་ཁྲོད་དུ་བར་ཆད་ཚབས་ཆེན་བྱུང་མྱོང་མོད། འོན་ཀྱང་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་ཁྲོད་ཏང་ལ་རང་ཚུགས་ཀྱི་གསར་གཏོད་རང་བཞིན་ལྡན་པའི་རིགས་པའི་གཞུང་ལུགས་ཀྱི་འབྲས་བུ་དང་གྲུབ་འབྲས་ཆེན་པོ་ཐོབ་པ་དེས་ལོ་རྒྱུས་ཀྱི་དུས་སྐབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་གསར་གཏོད་བྱེད་པར་ཉམས་མྱོང་རྩ་ཆེན་དང་། རིགས་པའི་གཞུང་ལུགས་ཀྱི་གྲ་སྒྲིག  དངོས་པོའི་རྨང་གཞི་བཅས་འདོན་སྤྲོད་བྱས་ཡོད། 
    ཀྲུང་གོའི་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་ཀྱིས་དཔའ་མཛངས་རྟུལ་ཕོད་ཀྱིས་འབད་འཐབ་བྱས་ཏེ་འཛམ་གླིང་ལ་ཀྲུང་གོའི་མི་དམངས་འཇིག་རྟེན་རྙིང་པ་གཏོར་བར་མཁས་པོ་ཡོད་པར་མ་ཟད། འཇིག་རྟེན་གསར་པ་འཛུགས་སྐྲུན་ཡག་པོ་བྱེད་པར་ཡང་མཁས་པོ་ཡོད་པ་དང་།  སྤྱི་ཚོགས་རིང་ལུགས་ཁོ་ནས་ད་གཟོད་ཀྲུང་གོ་སྐྱོབ་ཐུབ་ལ། སྤྱི་ཚོགས་རིང་ལུགས་ཁོ་ནས་ད་གཟོད་ཀྲུང་གོ་འཕེལ་རྒྱས་གཏོང་ཐུབ་པ་བརྗིད་ཉམས་ལྡན་པའི་ངང་ནས་ཁྱབ་བསྒྲགས་བྱས་ཡོད།

གསུམ། སྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱས་པ།
    སྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་དུས་སྐབས་གསར་པར་ཏང་གི་མདུན་དུ་ལྷགས་པའི་ལས་འགན་གཙོ་བོ་ནི། ཀྲུང་གོས་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་འགྲོ་ལམ་ཡང་དག་པ་མུ་མཐུད་འཚོལ་ཞིབ་བྱེད་པ་དང་། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་བཏང་སྟེ། མི་དམངས་དབུལ་ཕོངས་ཀྱི་གནས་ལས་བསྒྲལ་ནས་མགྱོགས་མྱུར་ཕྱུག་པོར་འགྱུར་བར་བྱས་ནས། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པར་གསོན་ཤུགས་གསར་པས་ཁེངས་པའི་སྒྲིག་སྲོལ་གྱི་འགན་ལེན་དང་མགྱོགས་མྱུར་འཕེལ་རྒྱས་སུ་འགྲོ་བའི་དངོས་པོའི་ཆ་རྐྱེན་འདོན་སྤྲོད་བྱ་རྒྱུ་དེ་ཡིན།
    “རིག་གནས་གསར་བརྗེ་ཆེན་པོ་”མཇུག་བསྒྲིལ་རྗེས། ཏང་དང་རྒྱལ་ཁབ་གང་ནས་གང་དུ་འགྲོ་དགོས་པའི་ལོ་རྒྱུས་ཀྱི་འགག་རྩའི་དུས་སྐབས་སུ་སླེབས་ཡོད་པས། སྒྱུར་བཅོས་སྒོ་འབྱེད་བྱེད་པ་ནི་ཐར་ལམ་ཉག་ཅིག་ཡིན་ཞིང་། དེ་ལྟར་མ་བྱས་ན་ང་ཚོའི་དེང་རབས་ཅན་གྱི་བྱ་གཞག་དང་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ཕུང་ངེས་ཡིན་པ་ཏང་ལ་ངོས་འཛིན་གཏིང་ཟབ་བྱུང་། 
     1978ལོའི་ཟླ་12པར། ཏང་གིས་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཏེ་བློ་ཐག་ཆོད་པོས་“གྲལ་རིམ་འཐབ་རྩོད་ཀྱིས་རྐང་བྱེད་པ་”འདི་མཇུག་བསྒྲིལ་ཞིང་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་ལྟེ་གནས་ལ་འཐབ་ཇུས་ཐོག་གི་འགྱུར་བ་བཏང་བས། སྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་དུས་སྐབས་གསར་པ་འགོ་བཙུགས་པ་དང་། ཀྲུང་གོ་གསར་པ་དབུ་བརྙེས་ཚུན་ཏང་གི་ལོ་རྒྱུས་ཐོག་དོན་སྙིང་གཏིང་ཟབ་ལྡན་པའི་དཀྱོགས་མཚམས་རླབས་པོ་ཆེ་མངོན་འགྱུར་བྱུང་བ་རེད། ཏང་གིས་“རིག་གནས་གསར་བརྗེ་ཆེན་པོར་”ཡོངས་སུ་དགག་པ་རྒྱག་རྒྱུའི་ཐབས་ཇུས་གལ་ཆེན་བཏོན། ལོ་ངོ་བཞི་བཅུ་ལྷག་གི་རིང་། ཏང་གིས་ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཐོག་གཏན་འཁེལ་བྱས་པའི་ལམ་ཕྱོགས་དང་བྱེད་ཕྱོགས། སྲིད་ཇུས་བཅས་རྒྱུན་འཁྱོངས་ལྷོད་མེད་བྱས་པ་རེད།
     ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་རྗེས་སུ། བློ་མཐུན་ཏེང་ཞའོ་ཕིན་གྱིས་སྐུ་ཚབ་གཙོ་བོ་གནང་བའི་ཀྲུང་གོའི་གུང་ཁྲན་ཏང་མིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ། ཀྲུང་གོ་གསར་པ་དབུ་བརྙེས་ཚུན་གྱི་དྲང་ལྡོག་ཕྱོགས་གཉིས་ཀའི་ཉམས་མྱོང་ཕྱོགས་བསྡོམས་གཏིང་ཟབ་བྱས་ཤིང་། སྤྱི་ཚོགས་རིང་ལུགས་ཞེས་པ་ཇི་འདྲ་ཞིག་ཡིན་པ་དང་། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ཇི་ལྟར་བྱེད་དགོས་པའི་རྩ་བའི་གནད་དོན་འདིར་དམིགས་ཤིང་། འཛམ་གླིང་གི་སྤྱི་ཚོགས་རིང་ལུགས་ཀྱི་ལོ་རྒྱུས་ཉམས་མྱོང་དཔྱད་གཞིར་བཟུང་སྟེ། ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས་གསར་གཏོད་བྱས། བསམ་བློ་བཅིངས་འགྲོལ་དང་དངོས་ཐོག་བདེན་འཚོལ་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་ལྟེ་གནས་དེ་དཔལ་འབྱོར་འཛུགས་སྐྲུན་ཐད་ལ་བསྒྱུར་བ་དང་། སྒྱུར་བཅོས་སྒོ་འབྱེད་ལག་བསྟར་བྱ་རྒྱུའི་ལོ་རྒྱུས་རང་བཞིན་གྱི་ཇུས་ཐག་བཅད་ཅིང་། སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོ་གསལ་སྟོན་གཏིང་ཟབ་བྱས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་གྱི་གཞི་རྩའི་ལམ་ཕྱོགས་གཏན་འཁེལ་བྱས། རང་ཉིད་ཀྱི་འགྲོ་ལམ་དུ་བསྐྱོད་རྒྱུ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱ་རྒྱུ་གསལ་པོར་བཏོན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་གཞི་རྩའི་གནད་དོན་རབ་དང་རིམ་པར་ཚན་རིག་དང་མཐུན་པའི་སྒོ་ནས་ལན་བཏབ། དུས་རབས་ཉེར་གཅིག་པའི་དུས་དཀྱིལ་བར་དུ་གོམ་སྟབས་གསུམ་དུ་ཕྱེ་ནས་བསྐྱོད་དེ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་འཕེལ་རྒྱས་ཀྱི་འཐབ་ཇུས་གཏན་འཁེལ་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལེགས་གྲུབ་ངང་སྲོལ་བཏོད་པ་རེད།
     ཏང་གི་སྐབས་བཅུ་གསུམ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་རྗེས་སུ། བློ་མཐུན་ཅང་ཙེ་རྨིན་གྱིས་སྐུ་ཚབ་གཙོ་བོ་གནང་བའི་ཀྲུང་གོའི་གུང་ཁྲན་ཏང་མིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ། ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་གཞི་རྩའི་ལམ་ཕྱོགས་རྒྱུན་འཁྱོངས་བྱས་ཤིང་། སྤྱི་ཚོགས་རིང་ལུགས་ཞེས་པ་ཇི་འདྲ་ཞིག་ཡིན་པ་དང་། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ཇི་ལྟར་བྱེད་དགོས་པ། ཏང་ཇི་འདྲ་ཞིག་འཛུགས་སྐྲུན་བྱེད་དགོས་པ་དང་། ཏང་ཇི་ལྟར་འཛུགས་སྐྲུན་བྱེད་དགོས་པ་བཅས་ལ་ངོས་འཛིན་སྔར་བས་ཟབ་མོ་བྱུང་ནས། “མཚོན་བྱེད་གསུམ་”གྱི་དགོངས་པ་གལ་ཆེན་གྲུབ་པ་རེད། རྒྱལ་ཁབ་ཕྱི་ནང་གི་གནས་བབ་ཧ་ཅང་རྙོག་འཛིང་ཆེ་བ་དང་འཛམ་གླིང་གི་སྤྱི་ཚོགས་རིང་ལུགས་ལ་བར་ཆད་ཚབས་ཆེན་བྱུང་བའི་ཉམས་སད་དྲག་པོའི་མདུན་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་སྲུང་སྐྱོབ་བྱས་ཤིང་། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་བྱེད་པའི་དམིགས་འབེན་དང་གཞི་རྩའི་སྒྲོམ་གཞི་གཏན་འཁེལ་བྱས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་དུ་སྤྱི་ལ་དབང་བའི་ལམ་ལུགས་གཙོ་བོར་འཛིན་པ་དང་། དབང་བའི་ལམ་ལུགས་སྣ་མང་གི་དཔལ་འབྱོར་མཉམ་དུ་འཕེལ་རྒྱས་གཏོང་བའི་གཞི་རྩའི་དཔལ་འབྱོར་ལམ་ལུགས་དང་། རྩོལ་བསྟུན་ཐོབ་སྤྲོད་གཙོ་བོར་བྱེད་པ་དང་བགོ་བཤའ་རྒྱག་སྟངས་སྣ་མང་མཉམ་དུ་གནས་པའི་བགོ་བཤའི་ལམ་ལུགས་གཏན་འཁེལ་བྱས། ཕྱོགས་ཡོངས་ནས་སྒྱུར་བཅོས་སྒོ་འབྱེད་བྱེད་པའི་རྣམ་པ་གསར་པ་བཏོད་ཡོད། ཏང་འཛུགས་སྐྲུན་གྱི་ལས་གྲྭ་རླབས་པོ་ཆེ་གསར་པར་སྐུལ་འདེད་བཏང་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་ཉེར་གཅིག་པར་ལེགས་གྲུབ་ངང་སྤེལ་བ་རེད།
    ཏང་གི་ཚོགས་ཆེན་བཅུ་དྲུག་པའི་རྗེས་སུ། བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྐུ་ཚབ་གཙོ་བོ་གནང་བའི་ཀྲུང་གོའི་གུང་ཁྲན་ཏང་མིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་རིམ་ཁྲོད་དུ་ལག་ལེན་གསར་གཏོད་དང་། རིགས་པའི་གཞུང་ལུགས་གསར་གཏོད། ལམ་ལུགས་གསར་གཏོད་བཅས་བྱེད་པར་སྐུལ་འདེད་བཏང་བ་དང་། གནས་བབ་གསར་པའི་འོག་འཕེལ་རྒྱས་ཇི་འདྲ་ཞིག་མངོན་འགྱུར་བྱེད་དགོས་པ་དང་། འཕེལ་རྒྱས་ཇི་ལྟར་གཏོང་དགོས་པ་སོགས་ཀྱི་གནད་དོན་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་པ་དང་ལན་བཏབ་ནས། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་ཆགས་པ་རེད། འཐབ་ཇུས་ཀྱི་གོ་སྐབས་གལ་ཆེན་དམ་འཛིན་བྱས་ཏེ། བློ་རྩེ་གཅིག་སྒྲིམ་གྱིས་འཛུགས་སྐྲུན་དང་བློ་གཅིག་སེམས་གཅིག་གིས་འཕེལ་རྒྱས་དོན་གཉེར་བྱས། མི་གཙོ་བོར་འཛིན་པ་རྒྱུན་འཁྱོངས་དང་། རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་བར་ཕྱོགས་ཡོངས་ནས་མཐུན་སྦྱོར་བྱ་རྒྱུ་ནན་བཤད་བྱས་ཏེ། དམངས་འཚོ་འགན་སྲུང་དང་ལེགས་བཅོས་གང་ཐུབ་བྱས་ཡོད། སྤྱི་ཚོགས་དྲང་སྙོམས་དང་དྲང་བདེན་ཡོང་བར་སྐུལ་སྤེལ་དང་། ཏང་གི་སྲིད་སྐྱོང་ནུས་པ་དང་སྔོན་ཐོན་རང་བཞིན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་བས། གནས་བབ་གསར་པའི་འོག་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལེགས་གྲུབ་ངང་རྒྱུན་འཁྱོངས་དང་འཕེལ་རྒྱས་བཏང་བ་རེད།
    སྒྱུར་བཅོས་སྒོ་འབྱེད་ལ་སྐུལ་འདེད་གཏོང་ཆེད། ཏང་གིས་མར་ཁེ་སིའི་རིང་ལུགས་ཀྱི་བསམ་བློའི་ལམ་ཕྱོགས་དང་། ཆབ་སྲིད་ཀྱི་ལམ་ཕྱོགས། རྩ་འཛུགས་ཀྱི་ལམ་ཕྱོགས་བཅས་བསྐྱར་དུ་གཏན་འཁེལ་བྱས་ཏེ། “ཡིན་ཕྱིན་གཉིས་”ཀྱི་བྱེད་ཕྱོགས་ནོར་འཁྲུལ་ཅན་ལ་ཡོངས་སུ་དགག་པ་བརྒྱབ་པ་དང་། བློ་མཐུན་མའོ་ཙེ་ཏུང་གི་ལོ་རྒྱུས་གོ་གནས་དང་མའོ་ཙེ་ཏུང་གི་དགོངས་པའི་ཚན་རིག་དང་མཐུན་པའི་མ་ལག་ལ་གདེང་འཇོག་ཡང་དག་བྱས། ཏང་གིས་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་ནི་མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བཞིན་པའི་དངོས་པོ་དང་རིག་གནས་ཀྱི་དགོས་མཁོ་དང་རྗེས་སུ་ལུས་པའི་སྤྱི་ཚོགས་ཐོན་སྐྱེད་བར་གྱི་འགལ་བ་ཡིན་པ་ཁ་གསལ་བཟོས་ཤིང་། འགལ་བ་གཙོ་བོ་འདི་ཐག་གཅོད་བྱ་རྒྱུ་ནི་ང་ཚོའི་ལྟེ་བའི་ལས་འགན་ཡིན་པས། འབྱོར་འབྲིང་སྤྱི་ཚོགས་ཀྱི་དམིགས་འབེན་བཏོན། ཏང་གིས་ཕྱོགས་སོ་སོའི་ལས་དོན་སྒྲུབ་རིང་སྲིད་ཇུས་ཡང་དག་པ་རབ་དང་རིམ་པ་བསྐྱར་གསོ་དང་གཏན་འབེབས་བྱས་པ་དང་། རྒྱལ་དམངས་དཔལ་འབྱོར་ལེགས་སྒྲིག་བྱས། ཏང་གིས་ཕྱོགས་ཡོངས་ནས་བསམ་བློ་དང་། ཆབ་སྲིད། རྩ་འཛུགས་སོགས་ཀྱི་ཁྱབ་ཁོངས་སུ་ཟིང་བཅོས་ཡོ་བསྲང་བྱེད་པར་འགོ་ཁྲིད་དེ། རྒྱ་ཆེན་པོའི་སྒོ་ནས་ནག་མེད་ཉེས་འགེལ་གྱི་གྱོད་གཞི་དང་། གྱོད་གཞི་རྫུན་མ། ནོར་འཛོལ་བྱུང་བའི་གྱོད་གཞི་དག་སེལ་དང་སྤྱི་ཚོགས་ཀྱི་འབྲེལ་བ་ལེགས་སྒྲིག་བྱས། ཏང་གིས་《རྒྱལ་ཁབ་བཙུགས་ཚུན་གྱི་ཏང་གི་ལོ་རྒྱུས་ཀྱི་གནད་དོན་འགའ་ཞིག་སྐོར་གྱི་གྲོས་ཆོད་》གཏན་འབེབས་བྱས་པ་དེས་ཏང་གིས་སློབ་སྟོན་བསམ་བློའི་ཐད་ཀྱི་ཟིང་བཅོས་ཡོ་བསྲང་བྱས་པ་དེ་རྒྱལ་ཁའི་ངང་ལེགས་གྲུབ་བྱུང་བ་མཚོན་པ་རེད།
    སྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་རྣམ་པ་གསར་པ་གཏོད་པར་ངེས་པར་དུ་རིགས་པའི་གཞུང་ལུགས་གསར་གཏོད་ལ་བརྟེན་ནས་བྱ་གཞག་གོང་དུ་འཕེལ་བར་སྣེ་ཁྲིད་དགོས་པ་ཏང་ལ་ངོས་འཛིན་གཏིང་ཟབ་བྱུང་ཡོད། བློ་མཐུན་ཏེང་ཞའོ་ཕིན་གྱིས་ཏང་ཞིག་དང་། རྒྱལ་ཁབ་ཅིག མི་རིགས་ཤིག་ལ་ཆ་བཞག་ན། གལ་སྲིད་དེས་བྱ་བ་གང་བྱེད་དཔེ་དེབ་ཁོ་ན་གཞིར་བཟུང་བ་དང་། དེའི་བསམ་བློ་རེངས་པོར་གྱུར་བ། དེར་རྨོངས་དད་ཀྱིས་མྱོས་པ་བཅས་ཡིན་ན་དེ་མདུན་དུ་སྐྱོད་མི་ཐུབ་པ་དང་། དེའི་སྐྱེ་སྟོབས་འཕེལ་མཚམས་ཆད་ནས་ཏང་དང་རྒྱལ་ཁབ་རྩ་སྟོངས་སུ་འགྲོ་ངེས་རེད་ཅེས་བསྟན་ཡོད། ཏང་གིས་བདེན་དོན་གྱི་ཚད་གཞིའི་གནད་དོན་སྐོར་གྲོས་བསྡུར་ཆེན་པོ་བྱེད་པར་འགོ་ཁྲིད་པ་དང་རྒྱབ་སྐྱོར་བྱས་ཏེ། ལག་ལེན་དང་དུས་རབས་ཀྱི་ཁྱད་ཆོས་གསར་པར་གཞི་བཙུགས་ནས་མར་ཁེ་སིའི་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་བཏང་སྟེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་དང་། འཕེལ་རྒྱས་ཀྱི་དུས་རིམ། རྩ་བའི་ལས་འགན། འཕེལ་རྒྱས་ཀྱི་སྒུལ་ཤུགས། འཕེལ་རྒྱས་ཀྱི་འཐབ་ཇུས། ཆབ་སྲིད་ཀྱི་ཁག་ཐེག མེས་རྒྱལ་གཅིག་གྱུར། ཕྱི་འབྲེལ་དང་རྒྱལ་སྤྱིའི་འཐབ་ཇུས། འགོ་ཁྲིད་ཀྱི་སྟོབས་ཤུགས། རྒྱབ་རྟེན་གྱི་སྟོབས་ཤུགས་སོགས་གཞི་རྩའི་གནད་དོན་རབ་དང་རིམ་པར་ཚན་རིག་དང་མཐུན་པའི་སྒོ་ནས་ལན་བཏབ་སྟེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་ཆགས་པ་དང་། མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་འཕུར་མཆོང་གསར་པ་མངོན་འགྱུར་བྱུང་བ་རེད།
    ཏང་གི་ཚོགས་ཆེན་བཅུ་གཉིས་པ་དང་། ཚོགས་ཆེན་བཅུ་གསུམ་པ། ཚོགས་ཆེན་བཅུ་བཞི་པ། ཚོགས་ཆེན་བཅོ་ལྔ་པ། ཚོགས་ཆེན་བཅུ་དྲུག་པ། ཚོགས་ཆེན་བཅུ་བདུན་པ་བཅས་ཀྱི་ཐོག རྒྱལ་སྤྱི་རྒྱལ་ནང་གི་གནས་བབ་འཕེལ་རྒྱས་དང་འགྱུར་ལྡོག་བྱུང་ཚུལ་ལ་གཞིགས་ཤིང་། རང་རྒྱལ་འཕེལ་རྒྱས་ཀྱི་བླང་བྱ་གསར་པ་གཞིར་བཟུང་སྟེ། ཐོག་མཐའ་བར་གསུམ་དུ་སྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་མ་ཟད། ཀྲུང་དབྱང་ཚང་འཛོམས་གྲོས་ཚོགས་ཐེངས་མང་འཚོགས་ཏེ་སྒྱུར་བཅོས་གོང་སྤེལ་བརྟན་བརླིང་གསུམ་གྱི་གལ་ཆེའི་ལས་དོན་ལ་ཆེད་དོན་ཞིབ་འཇུག་དང་བཀོད་སྒྲིག་བྱས། རང་རྒྱལ་གྱི་སྒྱུར་བཅོས་དེ་གྲོང་གསེབ་ཏུ་ཁྱིམ་ཚང་གི་ཐོན་ཚད་དང་སྦྲེལ་བའི་འགན་གཙང་ལེན་གྱི་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱས་པ་ནས་སྔོན་ལ་ཐོད་བརྒལ་བྱུང་བ་དང་། དེ་ནས་རིམ་བཞིན་གྲོང་ཁྱེར་གྱི་དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་ཕྱོགས་སུ་བསྒྱུར་བ་དང་འབྲེལ་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྱུར་བཅོས་བྱེད་པའི་ཁ་ཕྱོགས་གཏན་འཁེལ་བྱས། ཐོན་ཁུངས་བགོ་སྒྲིག་ཁྲོད་ཚོང་རའི་རྨང་གཞིའི་རང་བཞིན་གྱི་ནུས་པ་སྔར་བས་གཏིང་ཟབ་པ་དང་སྔར་བས་ཁྱབ་ཆེ་བའི་སྒོ་ནས་འདོན་སྤེལ་བྱས། གཞི་རྩའི་དཔལ་འབྱོར་ལམ་ལུགས་དང་བགོ་བཤའི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་། ཏང་གིས་དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་བྱེད་པར་སྐུལ་སྤེལ་མཐའ་གཅིག་ཏུ་བྱེད་པ་དང་ཆབས་ཅིག་ཏུ་ཆབ་སྲིད་དང་། རིག་གནས། སྤྱི་ཚོགས་སོགས་ཁྱབ་ཁོངས་ཁག་གི་སྒྲིག་སྲོལ་སྒྱུར་བཅོས་བྱས། ཏང་གི་འཛུགས་སྐྲུན་ལམ་ལུགས་སྒྱུར་བཅོས་བྱེད་པར་སྐུལ་འདེད་བཏང་། དེང་རབས་ཀྲུང་གོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་ཞིང་སྐྱེ་སྟོབས་ཀྱི་དཔལ་འབར་བའི་སྒྲིག་སྲོལ་དང་ལམ་སྲོལ་རྒྱུན་ཆད་མེད་པར་ཆགས་པ་དང་འཕེལ་རྒྱས་བཏང་། ཏང་གིས་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པ་དེ་གཞི་རྩའི་རྒྱལ་ཇུས་སུ་གཏན་འཁེལ་བྱས་ཏེ། ཧྲེན་ཀྲེན་སོགས་དཔལ་འབྱོར་དམིགས་བསལ་ཁུལ་གསར་འཛུགས་དང་། ཕུའུ་ཏུང་གསར་སྤེལ་དང་སྒོ་འབྱེད། མཚོ་རྒྱུད་དང་མཐའ་རྒྱུད། འབྲི་ཆུའི་རྒྱུད། ལམ་རྒྱུད་བཅས་དང་སྐམ་སའི་དབུས་ཁུལ་གྱི་ལྟེ་བའི་གྲོང་ཁྱེར་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པ་ནས་འཛམ་གླིང་ཚོང་དོན་རྩ་འཛུགས་ནང་ཞུགས་པ་དང་། “ནང་དུ་འདྲེན་པ་”ནས་“ཕྱི་རུ་སྐྱོད་པ་”བཅས་ཀྱིས་རྒྱལ་སྤྱི་དང་རྒྱལ་ནང་གི་ཚོང་ར་གཉིས་དང་ཐོན་ཁུངས་གཉིས་བེད་སྤྱོད་གང་ལེགས་བྱས། སྒྱུར་བཅོས་སྒོ་འབྱེད་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་བར་བརྟེན། རང་རྒྱལ་དུ་གཅིག་སྡུད་ཚད་མཐོན་པོ་ཡིན་པའི་འཆར་ལྡན་དཔལ་འབྱོར་སྒྲིག་སྲོལ་ནས་གསོན་ཤུགས་ཀྱིས་ཁེངས་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་དང་། བཀག་སྡོམ་དང་བཀག་སྡོམ་ཕྱེད་ཙམ་ནས་ཕྱོགས་ཡོངས་ནས་སྒོ་མོ་འབྱེད་པའི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་མངོན་འགྱུར་བྱུང་ཡོད།  
    སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་མགྱོགས་སུ་གཏོང་ཆེད། ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྐྲུན། རིག་གནས་འཛུགས་སྐྲུན། སྤྱི་ཚོགས་འཛུགས་སྐྲུན་བཅས་བྱས་པ་དང་། དེར་གྲུབ་འབྲས་གལ་ཆེན་རབ་དང་རིམ་པ་ཐོབ་ཡོད། ཏང་གིས་དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་དང་། འཕེལ་རྒྱས་གཏོང་རྒྱུ་ནི་གནས་ལུགས་ཁུངས་བཙན་ཡིན་པ་རྒྱུན་འཁྱོངས་བྱས་ཏེ། ཚན་རིག་ལག་རྩལ་ནི་ཐོན་སྐྱེད་ནུས་ཤུགས་ཨང་དང་པོ་ཡིན་པ་བཏོན་པ་དང་། ཚན་རིག་སློབ་གསོར་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བ་དང་། རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་བ། ཤེས་ལྡན་མི་སྣར་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་སྒྱུར་བ་སོགས་ཀྱི་འཐབ་ཇུས་གལ་ཆེན་ལག་ལེན་བསྟར། ནུབ་རྒྱུད་གསར་སྤེལ་ཆེན་པོར་སྐུལ་འདེད་བཏང་བ་དང་། བྱང་ཤར་ས་ཁུལ་སོགས་བཟོ་ལས་རྟེན་གཞི་རྙིང་པ་དར་རྒྱས་བཏང་བ། དབུས་རྒྱུད་ས་ཁུལ་དར་རྒྱས་ཡོང་བར་སྐུལ་འདེད་བཏང་ཞིང་། ཤར་རྒྱུད་ས་ཁུལ་དམིགས་སུ་བཀར་ཏེ་སྔོན་ལ་འཕེལ་རྒྱས་ཡོང་བར་རྒྱབ་སྐྱོར་བྱས། གྲོང་ཁྱེར་དང་གྲོང་གསེབ་བར་དང་། ས་ཁོངས་བར་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་བ་དང་། གཞུང་དབང་ཁེ་ལས་ཀྱི་སྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ། སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བར་བསྔགས་སྐུལ་དང་རྒྱབ་སྐྱོར་བྱས། དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་གང་མགྱོགས་བསྒྱུར་བ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་བ། དཔལ་འབྱོར་རྒྱུན་མཐུད་དང་མགྱོགས་མྱུར་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་པས། ཕྱོགས་བསྡུས་རྒྱལ་སྟོབས་ཆེས་ཆེར་འཕེལ་བ་རེད། ཏང་གིས་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཞི་མཐུན་པར་གཅིག་གྱུར་ཡོང་བར་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་འཕེལ་རྒྱས་བཏང་བ་དང་།  སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་དཔལ་ཡོན་འཛུགས་སྐྲུན་བྱས་པ། ཆབ་སྲིད་ཀྱི་སྒྲིག་སྲོལ་སྒྱུར་བཅོས་ལ་བརྟན་པོའི་ངང་སྐུལ་འདེད་ཧུར་ཐག་བཏང་བ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་སྤྱོད་བཟང་ལ་བརྟེན་ནས་རྒྱལ་ཁབ་སྐྱོང་བ་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། རྩ་ཁྲིམས་གསར་པ་གཏན་ལ་ཕབ་པ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱས་པས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་ཆགས་པ་དང་། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱས་ཏེ། ཆེས་རྒྱ་ཆེ་བའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་བཏང་། ཏང་གིས་ཕུགས་བསམ་དང་དད་སེམས་སྐོར་གྱི་སློབ་གསོ་བྱེད་ཤུགས་ཆེ་རུ་བཏང་སྟེ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་འཛུགས་སྐྲུན་བྱ་རྒྱུ་སྐུལ་སྤེལ་བྱས། སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་འཕེལ་རྒྱས་བཏང་སྟེ། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་ཆེན་པོ་དང་དར་རྒྱས་ཆེན་པོ་ཡོང་བར་སྐུལ་འདེད་བཏང་། ཏང་གིས་དམངས་འཚོ་ལེགས་བཅོས་བྱེད་པ་གཙོ་གནད་དུ་འཛིན་པའི་སྤྱི་ཚོགས་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་བཏང་སྟེ། མི་དམངས་ཀྱི་འཚོ་བ་ལེགས་བཅོས་བྱས་པ་དང་ཞིང་ལས་ཀྱི་དཔྱ་ཁྲལ་མེད་པར་བཟོས། སློབ་སྦྱོང་ལ་འཁྲིད་མཁན་ཡོད་པ་དང་། ངལ་རྩོལ་ལ་ཐོབ་ཆ་ཡོད་པ། ན་དུས་སྨན་བཅོས་ཐུབ་པ། རྒས་དུས་འཚོ་རྟེན་ཡོད་པ། སྡོད་སའི་ཁང་པ་ཡོད་པ་བཅས་ཀྱི་ཐད་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ནས་སྤྱི་ཚོགས་ཞི་མཐུན་བརྟན་བརླིང་ཡོང་བར་སྐུལ་སྤེལ་བྱས། ཏང་གིས་དེང་རབས་ཅན་དང་དངོས་གཞི་ཅན་གྱི་གསར་བརྗེའི་དམག་དཔུང་སྟོབས་ལྡན་ཞིག་འཛུགས་སྐྲུན་བྱ་རྒྱུའི་སྤྱིའི་དམིགས་འབེན་བཏོན་ཞིང་། དམག་དོན་འཐབ་རྩོད་གྲ་སྒྲིག་བྱེད་པའི་རྨང་གཞི་དེ་ཆ་འཕྲིན་ཅན་གྱི་ཆ་རྐྱེན་འོག་ཏུ་ཆ་ཤས་དམག་འཐབ་ལ་རྒྱལ་ཁ་ལེན་ཐུབ་པར་བཞག་སྟེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དམག་དོན་འཕོ་འགྱུར་ལ་སྐུལ་འདེད་བཏང་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དམག་དཔུང་ཧྲག་སྒྲུག་གི་འགྲོ་ལམ་དུ་བསྐྱོད་པ་རེད།
    འགྱུར་ལྡོག་ཆེ་བའི་རྒྱལ་སྤྱིའི་གནས་བབ་ཀྱི་མདུན་དུ། ཏང་གིས་གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་གཞི་རྩའི་རྩ་དོན་བཞི་རྒྱུན་འཁྱོངས་བྱས་ཤིང་། འགལ་རྐྱེན་སྣ་ཚོགས་ཁྱད་བསད་མཐའ་གཅིག་ཏུ་བྱས་ཏེ་རང་རྒྱལ་གྱི་སྒྱུར་བཅོས་གོང་སྤེལ་བརྟན་བརླིང་གསུམ་གྱི་སྤྱི་ཡོངས་དང་འབྲེལ་བའི་ཉེན་ཁ་དང་ཚོད་བགམ་རབ་དང་རིམ་པར་བབ་ལྷིང་ངང་ཁ་གཏད་འཇལ། དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་པའི་དུས་མཇུག་དང་ལོ་རབས་དགུ་བཅུ་པའི་དུས་འགོར། སུའུ་ལེན་ཁ་ཐོར་དུ་སོང་བ་དང་། ཡོ་རོབ་ཤར་མར་འགྱུར་བ་ཆེན་པོ་བྱུང་། རྒྱལ་སྤྱིའི་སྟེང་གུང་ཁྲན་ཏང་ལ་ངོ་རྒོལ་དང་སྤྱི་ཚོགས་རིང་ལུགས་ལ་ངོ་རྒོལ་བྱེད་པའི་དགྲར་འཛིན་སྟོབས་ཤུགས་ཀྱིས་རྒྱབ་སྐྱོར་དང་ངན་སྐུལ་བྱས་པའི་དབང་གིས་རྒྱལ་སྤྱིའི་ཁོར་ཡུག་ཆེན་པོ་དང་རྒྱལ་ནང་གི་ཁོར་ཡུག་ཆུང་ངུས་1989ལོའི་དབྱར་དཔྱིད་གཉིས་ཀྱི་བར་མཚམས་སུ་རང་རྒྱལ་དུ་ཆབ་སྲིད་ཀྱི་ཟིང་ཆ་ཚབས་ཆེན་ཞིག་བསླངས་པ་རེད། ཏང་དང་སྲིད་གཞུང་གིས་མི་དམངས་ལ་བརྟེན་པ་དང་དར་ཆ་གསལ་སྟོན་གྱིས་ཟིང་ཆར་ངོ་རྒོལ་བྱས་ཏེ། སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཀྱི་སྲིད་དབང་སྲུང་སྐྱོབ་བྱེད་པ་དང་མི་དམངས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་བྱས། ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་ཨེ་ཤ་ཡའི་དངུལ་རྩའི་ཉམས་ཉེན་དང་རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་སོགས་དཔལ་འབྱོར་གྱི་ཉེན་ཁར་ལེགས་གྲུབ་ངང་ཁ་གཏད་འཇལ་བ་དང་། 2008ལོའི་པེ་ཅིན་ཨའོ་རྩལ་འགྲན་ཚོགས་དང་དབང་པོ་སྐྱོན་ཅན་གྱི་ཨའོ་རྩལ་འགྲན་ཚོགས་ལེགས་གྲུབ་ངང་གཉེར་བ་དང་། འབྲི་ཆུ་དང་ནེན་ཅང་གཙང་པོ། སུང་ཧྭ་ཅང་གཙང་པོ་འབབ་རྒྱུད་ཀྱི་ཆུ་ལོག་དང་ཞོད་སྐྱོན་ཚབས་ཆེན་དང་། ཝུན་ཁྲོན་གྱི་ས་ཡོམ་ཆེན་པོ་སོགས་ཀྱི་རང་བྱུང་གནོད་འཚེ་ལས་རྣམ་པར་རྒྱལ་ཞིང་། དམིགས་བསལ་གློ་ཚད་རིམས་ནད་ལས་རྣམ་པར་རྒྱལ་བས་ཏང་གིས་ཉེན་ཁ་འགོག་པ་དང་རྙོག་འཛིང་ཆེ་བའི་གནས་བབ་ལ་ཁ་ལོ་སྒྱུར་བའི་ནུས་པ་མངོན་ཡོད།
    ཏང་གིས་མེས་རྒྱལ་གོང་བུ་གཅིག་གྱུར་ཡོང་བའི་བྱ་གཞག་ཆེན་པོ་ལེགས་སྒྲུབ་བྱ་རྒྱུ་དེ་ལོ་རྒྱུས་ཀྱི་ལས་འགན་ལྗིད་པོ་ཞིག་ཏུ་བརྩིས་ནས་དེའི་ཆེད་དུ་འབད་བརྩོན་ལྷོད་མེད་བྱས། བློ་མཐུན་ཏེང་ཞའོ་ཕིན་གྱིས་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”ཀྱི་ཚན་རིག་དང་མཐུན་པའི་བསམ་བཀོད་བཏོན་པ་འདིས་ཞི་བའི་ཐབས་ལ་བརྟེན་ནས་མེས་རྒྱལ་གོང་བུ་གཅིག་གྱུར་ཡོང་བར་བྱེད་པའི་ཐབས་ལམ་གསར་པ་བཏོད་ཡོད། དཀའ་ཚེགས་ཆེ་བའི་ལས་ཀ་དང་འཐབ་རྩོད་བྱས་པར་བརྟེན། རང་རྒྱལ་སྲིད་གཞུང་གིས་སྔ་རྗེས་སུ་ཞང་ཀང་དང་ཨའོ་མོན་ལ་བདག་དབང་སྤྱད་རྒྱུ་སླར་གསོ་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ལོ་བརྒྱའི་ངོ་ཚ་ཡོངས་སུ་དག་པར་བྱས། ཞང་ཀང་དང་ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་རྗེས། ཀྲུང་དབྱང་སྲིད་གཞུང་གིས་གཟབ་ནན་གྱིས་རྩ་ཁྲིམས་དང་དམིགས་བསལ་སྲིད་འཛིན་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས་གཞིར་བཟུང་སྟེ་ལས་དོན་ནན་པོ་བསྒྲུབས་ཏེ། ཞང་ཀང་དང་ཨའོ་མོན་ཡུན་རིང་དར་རྒྱས་བརྟན་བརླིང་ཡོང་བ་མཐའ་འཁྱོངས་བྱས། ཏང་གིས་ཐའེ་ཝན་གནད་དོན་ཐག་གཅོད་བྱེད་པའི་སྤྱི་ཡོངས་ཁོང་དུ་ཆུད་པ་དང། “ཞི་བས་གཅིག་གྱུར་དང་། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”ཀྱི་གཞི་རྩའི་བྱེད་ཕྱོགས་གཏན་འཁེལ་བྱས་ཏེ། ངོགས་གཉིས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་མཚོན་པའི་“གོ་གཉིས་ངོས་འཛིན་གཅིག་མཐུན་”ཡོང་བར་སྐུལ་འདེད་བཏང་བ་དང་། ངོགས་གཉིས་ཀྱིས་གྲོས་བསྡུར་གླེང་མོལ་བྱེད་པར་སྐུལ་འདེད་བཏང་། ཕྱོགས་ཡོངས་དང་ཐད་ཀ་དང་ཕྱོགས་གཉིས་སུ་“ཤར་གཏོང་གསུམ་”མངོན་འགྱུར་བྱས་ཏེ། ངོགས་གཉིས་ཀྱི་སྲིད་ཏང་བར་སྤེལ་རེས་བྱེད་འགོ་བཙུགས། རྒྱལ་ཁབ་ཁ་བྲལ་དུ་གཏོང་བར་ངོ་རྒོལ་བྱ་རྒྱུའི་སྐོར་གྱི་བཅའ་ཁྲིམས་གཏན་ལ་ཕབ་སྟེ། “ཐའེ་ཝན་རང་བཙན་”གྱི་སྟོབས་ཤུགས་བཀག་འགོག་མཐའ་གཅིག་ཏུ་བྱས་པ་དང་། མེས་རྒྱལ་གོང་བུ་གཅིག་གྱུར་ཡོང་བར་སྐུལ་འདེད་བཏང་མཐར། “ཀྲུང་གོ་གཉིས་”དང་“ཀྲུང་གོ་གཅིག་དང་ཐའེ་ཝན་གཅིག” “ཐའེ་ཝན་རང་བཙན་”བཅས་བཟོ་བའི་ལྐོག་ཇུས་སྣ་ཚོགས་གཏོར་ཕམ་ནུས་ལྡན་བཏང་བ་རེད།
    ཏང་གིས་དུས་རབས་ཀྱི་ཁྱད་ཆོས་དང་རྒྱལ་སྤྱིའི་གནས་བབ་ལ་ཚན་རིག་དང་མཐུན་པའི་སྒོ་ནས་བརྡར་ཤ་བཅད་དེ། ཞི་བདེ་དང་འཕེལ་རྒྱས་ནི་ད་ལྟའི་དུས་རབས་ཀྱི་བརྗོད་དོན་གཙོ་བོ་ཡིན་པ་བཏོན། ཏང་གིས་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་དང་མཉམ་དུ་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་གཏོང་བའི་ཕྱི་འབྲེལ་སྲིད་ཇུས་ཀྱི་དམིགས་ཡུལ་རྒྱུན་འཁྱོངས་བྱས་པ་དང་། རྒྱལ་ཁབ་ཆེན་པོ་གཙོ་བོ་དང་འབྲེལ་བ་ལེགས་སྒྲིག་བྱས། མཐའ་སྐོར་རྒྱལ་ཁབ་བར་ཁྱིམ་མཚེས་མཛའ་མཐུན་གྱི་འབྲེལ་བ་འཕེལ་རྒྱས་བཏང་། རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་མཛའ་མཐུན་མཉམ་ལས་གཏིང་ཟབ་ཏུ་སྤེལ། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ནང་ཧུར་ཐག་ཞུགས་པས་ཕྱོགས་མཐའ་ཀུན་དང་རིམ་པ་མང་བའི་ཕྱི་ཕྱོགས་འབྲེལ་བའི་རྣམ་པ་གསར་པ་བཙུགས་ཡོད། ཏང་གིས་འཛམ་གླིང་སྣེ་མང་ཅན་དང་རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་དུ་འགྱུར་བར་སྐུལ་འདེད་ཧུར་ཐག་བཏང་བ་དང་། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དེ་མཉམ་དུ་དར་རྒྱས་ཡོང་བར་ཕན་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་། དར་ཆ་གསལ་སྟོན་གྱིས་བཙན་དབང་རིང་ལུགས་དང་བཙན་དབང་ཆབ་སྲིད་ལ་ངོ་རྒོལ་བྱས། རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁེ་ཕན་བློ་རྩ་བརྟན་པོས་སྲུང་སྐྱོང་བྱས། དྲང་གཞག་ལུགས་མཐུན་གྱི་རྒྱལ་སྤྱིའི་ཆབ་སྲིད་དང་དཔལ་འབྱོར་གྱི་སྒྲིག་ལམ་གསར་པ་འཛུགས་པར་སྐུལ་འདེད་བཏང་བ་དང་། འཛམ་གླིང་ཡུན་རིང་ཞི་བདེ་དང་མཉམ་དུ་དར་རྒྱས་ཡོང་བར་སྐུལ་འདེད་བཏང་བ་རེད།
    ཏང་གིས་ཐོག་མཐའ་བར་གསུམ་དུ་ནན་བཤད་བྱས་དོན། རྒྱལ་ཁབ་སྐྱོང་བར་ངེས་པར་དུ་སྔོན་ལ་ཏང་སྐྱོང་དགོས་པ་དང་། ཏང་སྐྱོང་བར་ངེས་པར་དུ་ནན་སྐྱོང་བྱེད་དགོས། བློ་རྩེ་གཅིག་སྒྲིམ་གྱིས་ཏང་འཛུགས་སྐྲུན་བྱེད་པར་དམ་འཛིན་ཡག་པོ་བྱས་པ་དང་ཏང་འཛུགས་སྐྲུན་གྱི་ལས་གྲྭ་རླབས་པོ་ཆེ་གསར་པ་བཏོད་པ་དང་སྐུལ་སྤེལ་བཏང་སྟེ། ཏང་གིས་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་སྐོར་གྱི་ཚད་གཞི་འགའ་ཞིག་བཟོས་ཏེ། དམངས་གཙོ་གཅིག་སྡུད་ལམ་ལུགས་འཐུས་ཚང་དུ་བཏང་ཞིང་། ཏང་ནང་ཁུལ་གྱི་དམངས་གཙོ་དར་སྤེལ་བཏང་བས། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་རྒྱུན་ལྡན་ཅན་དུ་གྱུར་བ་དང་། འཆར་གཞི་ཡོད་པ་དང་གོ་རིམ་ལྡན་པའི་སྒོ་ནས་ཏང་དག་ཐེར་བྱས་ཏེ། ཏང་ནང་ཁུལ་གྱི་བསམ་བློ་རྣམ་དག་མིན་པ་དང་། སྤྱོད་ཚུལ་རྣམ་དག་མིན་པ། རྩ་འཛུགས་རྣམ་དག་མིན་པ་བཅས་ཀྱི་གནད་དོན་ཐག་གཅོད་གང་ཐུབ་བྱས།  གསར་བརྗེ་ཅན་དང་། ན་གཞོན་ཅན། ཤེས་ཡོན་ཅན། ཆེད་ལས་ཅན་བཅས་ཀྱི་བྱེད་ཕྱོགས་གཞིར་བཟུང་སྟེ་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་བརྒྱབ་པ་དང་། ལས་བྱེད་པ་དར་གཞོན་འདེམས་སྒྲུག་ཤུགས་ཆེན་བྱས་ནས་ལས་བྱེད་པའི་དཔུང་སྡེ་རྙིང་ཚབ་གསར་མཐུད་ཡོང་བར་སྐུལ་འདེད་བཏང་། ཏང་གིས་ཏང་གི་འགོ་ཁྲིད་ཆུ་ཚད་དང་སྲིད་སྐྱོང་ཆུ་ཚད་མཐོ་རུ་གཏོང་རྒྱུ་དང་། རུལ་འགོག་འགྱུར་ཟོན་དང་ཉེན་ཁ་འགོག་པའི་ནུས་པ་ཆེ་རུ་གཏོང་རྒྱུའི་ལོ་རྒྱུས་རང་བཞིན་གྱི་བརྗོད་གཞི་ཆེན་པོ་འདི་གཉིས་ཐག་གཅོད་ཡག་པོ་བྱེད་པར་དམིགས་ཤིང་། སྲིད་སྐྱོང་ནུས་པ་འཛུགས་སྐྲུན་དང་སྔོན་ཐོན་རང་བཞིན་འཛུགས་སྐྲུན་བྱེད་པ་གཙོ་རྐང་དུ་བྱས་ཏེ། སྔ་རྗེས་སུ་ཏང་དང་མི་དམངས་མང་ཚོགས་བར་གྱི་འབྲེལ་འདྲིས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། ཏང་གི་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་རྒྱག་པ་དང་ལེགས་བཅོས་བྱ་རྒྱུ། ཏང་གི་སྲིད་སྐྱོང་ནུས་པ་འཛུགས་སྐྲུན་ལ་ཤུགས་རྒྱག་རྒྱུ་སོགས་ཀྱི་གནད་དོན་གལ་ཆེན་ཐག་གཅོད་བྱས་ཡོད།  “སློབ་སྦྱོང་ལ་མཐོང་ཆེན་དང་། ཆབ་སྲིད་ལ་དང་དོད། སྤྱོད་བཟང་དར་སྤེལ་”བྱེད་པའི་སློབ་གསོ་དང་། “མཚོན་བྱེད་གསུམ་”གྱི་དགོངས་པ་གལ་ཆེན་གྱི་སློབ་སྦྱོང་དང་སློབ་གསོའི་བྱེད་སྒོ། གུང་ཁྲན་ཏང་ཡོན་གྱི་སྔོན་ཐོན་རང་བཞིན་མཐའ་འཁྱོངས་བྱེད་པའི་སློབ་གསོའི་བྱེད་སྒོ། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་ལྟ་བ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བྱེད་སྒོ་སོགས་གཅིག་སྡུད་རང་བཞིན་གྱི་སློབ་སྦྱོང་དང་སློབ་གསོ་སྒྲིག་འཛུགས་བྱས་ནས་སྤེལ་བ་རེད། ཏང་གིས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་རྒོལ་བའི་འཐབ་རྩོད་འདི་གཉིས་ཏང་དང་རྒྱལ་ཁབ་ཀྱི་ཤི་གསོན་ཆགས་འཇིག་ཇི་ཡོང་ལ་ཐུག་པའི་མཐོ་ཚད་དུ་བཟུང་སྟེ། རུལ་སུངས་ལ་ཆད་གཅོད་དང་སྔོན་འགོག་བྱེད་པའི་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་རེད།
    སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་ངོ་བཞི་བཅུ་འཁོར་བའི་སྐབས་སུ་ཏང་ཀྲུང་དབྱང་གིས་རྟེན་འབྲེལ་གྱི་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་ཤིང་། བློ་མཐུན་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་སྟེ། ཕྱོགས་ཡོངས་ནས་ལོ་ངོ་བཞི་བཅུ་རིང་གི་སྒྱུར་བཅོས་སྒོ་འབྱེད་ལས་ཐོབ་པའི་གྲུབ་འབྲས་རླབས་པོ་ཆེ་དང་ཉམས་མྱོང་རྩ་ཆེན་ཕྱོགས་བསྡོམས་བྱས་པ་དང་། སྒྱུར་བཅོས་སྒོ་འབྱེད་ནི་ཏང་གི་གོ་རྟོགས་སད་ཐེངས་རླབས་པོ་ཆེ་ཞིག་ཡིན་ཞིང་། ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་འཕེལ་རྒྱས་འགྲོ་བའི་ལོ་རྒྱུས་ཐོག་གི་གསར་བརྗེ་རླབས་པོ་ཆེ་ཞིག་ཀྱང་ཡིན་པ་ནན་བཤད་བྱས། སྒྱུར་བཅོས་སྒོ་འབྱེད་མཐར་ཕྱིན་པ་བྱེད་དགོས་པའི་འབོད་སྐུལ་རླབས་པོ་ཆེ་བཏང་བ་རེད། སྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱས་པའི་གྲུབ་འབྲས་རླབས་པོ་ཆེ་བླངས་ཡོད་ཅིང་། རང་རྒྱལ་དུ་ཐོན་སྐྱེད་ནུས་ཤུགས་བལྟོས་བཅས་ཀྱིས་རྗེས་ལུས་ཡིན་པའི་གནས་བབ་ནས་དཔལ་འབྱོར་བསྡོམས་འབོར་འཛམ་གླིང་གི་ཨང་གཉིས་པར་སླེབས་པའི་ལོ་རྒྱུས་རང་བཞིན་གྱི་འགག་སྒྲོལ་མངོན་འགྱུར་བྱུང་བ་དང་། མི་དམངས་ཀྱི་འཚོ་བ་ནི་ལྟོ་གོས་མི་འདང་བ་ནས་སྤྱིའི་ཆ་ནས་འབྱོར་འབྲིང་དུ་གྱུར་བ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་དུ་སྐྱོད་པའི་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་མངོན་འགྱུར་བྱུང་སྟེ། ཀྲུང་ཧྭ་མི་རིགས་ཡར་ལངས་པ་ནས་ཕྱུག་པོར་འགྱུར་པའི་བར་གྱི་འཕུར་མཆོང་རླབས་པོ་ཆེ་ལ་སྐུལ་འདེད་བཏང་བ་རེད།

    ཀྲུང་གོའི་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་ཀྱིས་དཔའ་མཛངས་རྟུལ་ཕོད་ཀྱིས་འབད་འཐབ་བྱས་ཏེ་འཛམ་གླིང་ལ་སྒྱུར་བཅོས་སྒོ་འབྱེད་ནི་དེང་རབས་ཀྲུང་གོའི་མདུན་ལམ་དང་ལས་དབང་ཐག་གཅོད་བྱེད་པའི་གནད་འགག་གི་བྱེད་ཐབས་ཤིག་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ནི་ཀྲུང་གོ་དར་རྒྱས་གོང་འཕེལ་ཡོང་བར་ཁྲིད་སྟོན་བྱེད་པའི་འགྲོ་ལམ་ཡང་དག་ཡིན་ཞིང་། ཀྲུང་གོས་གོམ་སྟབས་ཆེན་པོས་དུས་རབས་ཀྱི་རྗེས་ཟིན་ཡོད་པ་བརྗིད་ཉམས་ལྡན་པའི་ངང་ནས་ཁྱབ་བསྒྲགས་བྱས་ཡོད།

བཞི། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པ་བཏོད་པ།
    ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ།  ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་ཡོད། ཏང་གི་མདུན་དུ་ལྷགས་པའི་ལས་འགན་གཙོ་བོ་ནི། ལོ་བརྒྱ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་འཐབ་ལམ་གསར་པ་བཏོད་དེ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བ་མངོན་འགྱུར་བྱེད་པའི་བརྗིད་ཆེའི་དམིགས་འབེན་གྱི་ཕྱོགས་སུ་མུ་མཐུད་མདུན་སྐྱོད་བྱེད་དགོས་པ་དེ་ཡིན།
    བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་འཐབ་ཇུས་ཀྱི་ཁྱོན་ཡོངས་དང་འཛམ་གླིང་ལ་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོར་གཅིག་འདོམས་ཀྱིས་ཁ་ལོ་བསྒྱུར་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པ་ནི། སྔ་མཐུད་ཕྱི་སྐྱོང་དང་། སྔར་སོང་རྒྱུན་འཛིན་གྱིས་མ་འོངས་གསར་དུ་གཏོད་པ་དང་། ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་མུ་མཐུད་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་རྒྱལ་ཁ་རླབས་པོ་ཆེ་བརྩོན་ལེན་བྱེད་པའི་དུས་རབས་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཚར་བའི་རྒྱལ་ཁ་ཕུ་ཐག་ཆོད་པར་བླངས་ཐོག་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་སྐྲུན་པའི་དུས་རབས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་དང་། དགའ་སྐྱིད་ལྡན་པའི་འཚོ་བ་རྒྱུན་ཆད་མེད་པར་བསྐྲུན་ཏེ་མི་དམངས་ཡོངས་རྫོགས་རིམ་བཞིན་མཉམ་དུ་ཕྱུག་པོར་འགྱུར་བར་བྱེད་པའི་དུས་རབས། ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱིས་སེམས་མཐུན་ཤུགས་སྒྲིལ་བྱས་ཏེ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་བརྩོན་པའི་དུས་རབས། རང་རྒྱལ་གྱིས་རྒྱུན་ཆད་མེད་པར་མིའི་རིགས་ལ་བྱས་རྗེས་སྔར་ལས་ཆེ་བ་འཇོག་པའི་དུས་རབས་བཅས་ཡིན་པ་ནན་བཤད་བྱས་ཡོད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པ་ནི་རང་རྒྱལ་འཕེལ་རྒྱས་འགྲོ་བའི་ལོ་རྒྱུས་ཀྱི་གནས་ཕྱོགས་གསར་པ་ཡིན།
    བློ་མཐུན་ཞི་ཅིན་ཕིང་གིས་སྐུ་ཚབ་གཙོ་བོ་གནང་བའི་ཀྲུང་གོའི་གུང་ཁྲན་ཏང་མིས་མར་ཁེ་སིའི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་བྱེ་བྲག་གི་དོན་དངོས་དང་ཟུང་འབྲེལ་དང་། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་རྒྱུན་འཁྱོངས་དང་། མའོ་ཙེ་ཏུང་གི་དགོངས་པ་དང་། ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ་”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་རྒྱུན་འཁྱོངས་བྱས་པ་དང་། ཏང་དབུ་བརྙེས་པའི་ཚུན་གྱི་ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་བསྡོམས་གཏིང་ཟབ་དང་བེད་སྤྱོད་གང་ལེགས་བྱས་ཤིང་། དོན་དངོས་གསར་པ་ནས་འགོ་བརྩམས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གསར་གཏོད་བྱས་ཡོད་དེ། གཅིག་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་རྩ་བར་གྱུར་པའི་ཁྱད་ཆོས་ནི་ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དགེ་མཚན་ཆེ་ཤོས་ནི་ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་ཡིན་པ། ཀྲུང་གོའི་གུང་ཁྲན་ཏང་ནི་ཆབ་སྲིད་ཀྱི་འགོ་ཁྲིད་སྟོབས་ཤུགས་མཐོ་ཤོས་ཡིན་པ་བཅས་དང་། ཏང་ཡོངས་ཀྱིས་ངེས་པར་དུ་“འདུ་ཤེས་བཞི་”ཆེ་རུ་གཏོང་བ་དང་། “གདེང་ཚོད་བཞི་”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས་”ཐུབ་པ་བཅས་བྱེད་དགོས་པ་ཁ་གསལ་བཟོས་ཡོད། གཉིས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་སྤྱིའི་ལས་འགན་ནི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཚར་བར་བྱེད་པའི་རྨང་གཞིའི་ཐོག  གོམ་སྟབས་གཉིས་སུ་ཕྱེ་ནས་དུས་རབས་འདིའི་དུས་དཀྱིལ་དུ་སླེབས་སྐབས་འབྱོར་ཕྱུག་དང་། དམངས་གཙོ། དཔལ་ཡོན། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་ཚར་བར་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་སྐུལ་འདེད་གཏོང་དགོས་པ་ཁ་གསལ་བཟོས་ཡོད། གསུམ་ནས་དུས་རབས་གསར་པར་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་ནི་མི་དམངས་ཀྱིས་དགའ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་དགོས་མཁོ་ཉིན་བཞིན་ཆེ་རུ་འགྲོ་བཞིན་པ་དང་འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་བར་གྱི་འགལ་བ་ཡིན་པས། ངེས་པར་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་རྒྱུན་འཁྱོངས་དང་བརྒྱུད་རིམ་ཧྲིལ་པོར་མི་དམངས་དམངས་གཙོ་འཕེལ་རྒྱས་བཏང་སྟེ། མི་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བ་དང་མི་དམངས་ཡོངས་མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་འདེད་གཏོང་བར་མངོན་སུམ་གྱི་འཕེལ་ཀ་ཡོང་བར་བྱེད་དགོས་པ་ཁ་གསལ་བཟོས་ཡོད། བཞི་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་སྤྱིའི་བཀོད་པ་ནི་དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྐྲུན། རིག་གནས་འཛུགས་སྐྲུན། སྤྱི་ཚོགས་འཛུགས་སྐྲུན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བཅས་ཕྱོགས་ལྔ་གཞི་གཅིག་ཡིན་པ་དང་། འཐབ་ཇུས་བཀོད་པ་ནི་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་སྤེལ། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པ་བཅས་ཕྱོགས་ཡོངས་བཞི་ཡིན་པ་ཁ་གསལ་བཟོས་ཡོད། ལྔ་ནས་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་སྤེལ་བྱེད་པའི་སྤྱིའི་དམིགས་འབེན་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་འཐུས་ཚང་དང་གོང་འཕེལ་གཏོང་རྒྱུ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་སྤེལ་བྱ་རྒྱུ་ཡིན་པ་ཁ་གསལ་བཟོས་ཡོད། དྲུག་ནས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏོང་བའི་སྤྱིའི་དམིགས་འབེན་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྲུན་བྱ་རྒྱུ་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱ་རྒྱུ་ཡིན་པ་ཁ་གསལ་བཟོས་ཡོད། བདུན་ནས་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་ངེས་པར་དུ་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་ནས་ཐོན་ཁུངས་བགོ་སྒྲིག་ཁྲོད་ཚོང་རས་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་ཐུབ་པར་བྱེད་པ་དང་། སྲིད་གཞུང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། འཕེལ་རྒྱས་ཀྱི་དུས་རིམ་གསར་པ་ཁོད་དུ་ཆུད་པ། གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། རྒྱལ་ནང་གི་འཁོར་སྐྱོད་ཆེན་པོ་གཙོ་བོར་འཛིན་པ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་སྐྱོད་གཉིས་ཕན་ཚུན་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་བཙུགས་ཏེ། སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱེད་དགོས་པ་བཅས་ཁ་གསལ་བཟོས་ཡོད། བརྒྱད་ནས་དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དམིགས་འབེན་ནི་ཏང་གི་བཀོད་འདོམས་ལ་ཉན་པ་དང་། རྒྱལ་ཁ་ལེན་ཐུབ་པ། སྤྱོད་ཚུལ་བཟང་བ་བཅས་ཀྱི་མི་དམངས་དམག་དཔུང་ཞིག་འཛུགས་སྐྲུན་བྱས་ནས་མི་དམངས་དམག་དཔུང་འདི་ཉིད་འཛམ་གླིང་གི་དམག་དཔུང་རྩེ་གྲ་ཞིག་ཏུ་འཛུགས་སྐྲུན་བྱ་རྒྱུ་ཡིན་པ་ཁ་གསལ་བཟོས་ཡོད། དགུ་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་གྱིས་མི་རིགས་བསྐྱར་དར་ཡོང་བར་ཞབས་ཞུ་དང་མིའི་རིགས་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་དགོས་པ་དང་། རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་རྒྱུར་སྐུལ་འདེད་གཏོང་བ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་རྒྱུར་སྐུལ་འདེད་གཏོང་དགོས་པ་བཅས་ཁ་གསལ་བཟོས་ཡོད། བཅུ་ནས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་འཐབ་ཇུས་བྱེད་ཕྱོགས་ཁ་གསལ་བཟོས་ཤིང་དུས་རབས་གསར་པའི་ཏང་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་གསལ་པོར་བཏོན་པ་དང་། ཏང་གི་ཆབ་སྲིད་འཛུགས་སྐྲུན་དང་། བསམ་བློ་འཛུགས་སྐྲུན། རྩ་འཛུགས་འཛུགས་སྐྲུན། སྤྱོད་ཚུལ་འཛུགས་སྐྲུན། སྒྲིག་ཁྲིམས་འཛུགས་སྐྲུན་བཅས་ཕྱོགས་ཡོངས་ནས་སྐུལ་སྤེལ་དང་ལམ་ལུགས་འཛུགས་སྐྲུན་བྱ་རྒྱུ་དེ་དག་ཁྲོད་དུ་དཀྱུས་གཅིག་ཏུ་ཁྱབ་པར་བྱས་ཤིང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཟབ་སྤེལ་དང་། ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་གྱིས་རང་ངོས་གསར་བརྗེ་རླབས་པོ་ཆེ་བྱེད་པར་བརྟེན་ནས་སྤྱི་ཚོགས་ཀྱི་གསར་བརྗེ་རླབས་པོ་ཆེར་སྣེ་ཁྲིད་བྱས་ཡོད། འཐབ་ཇུས་ཀྱི་བསམ་བློ་དང་གསར་གཏོད་ཀྱི་འདུ་ཤེས་འདི་དག་ནི་ཏང་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ཆོས་ཉིད་ལ་ངོས་འཛིན་ཇེ་ཟབ་ཕྱིན་པ་དང་རིགས་པའི་གཞུང་ལུགས་གསར་གཏོད་བྱས་པའི་གྲུབ་འབྲས་གལ་ཆེན་ཡིན།
    བློ་མཐུན་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་དགོངས་པ་ཟབ་མོ་བཞེས་པ་དང་ཚན་རིག་དང་མཐུན་པའི་བརྡར་ཤ་བཅད་དེ། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཇི་འདྲ་ཞིག་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་རྒྱུ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཇི་ལྟར་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་རྒྱུ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཇི་འདྲ་ཞིག་འཛུགས་སྐྲུན་བྱ་རྒྱུ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཇི་ལྟར་འཛུགས་སྐྲུན་བྱ་རྒྱུ། ཡུན་རིང་སྲིད་དབང་སྐྱོང་བའི་མར་ཁེ་སིའི་རིང་ལུགས་ཀྱི་སྲིད་ཏང་ཇི་འདྲ་ཞིག་འཛུགས་སྐྲུན་བྱ་རྒྱུ་དང་། ཡུན་རིང་སྲིད་དབང་སྐྱོང་བའི་མར་ཁེ་སིའི་རིང་ལུགས་ཀྱི་སྲིད་ཏང་ཇི་ལྟར་འཛུགས་སྐྲུན་བྱ་རྒྱུ་སོགས་དུས་རབས་ཀྱི་ཞིབ་འཇུག་བྱ་གཞི་གལ་ཆེན་དག་ལ་ཐོག་མའི་གསར་གཏོད་རང་བཞིན་ལྡན་པའི་རྒྱལ་སྲིད་སྐྱོང་ལུགས་ཀྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་བཏོན་ཡོད་ལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གསར་གཏོད་བྱེད་མཁན་གཙོ་བོ་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་དེང་རབས་ཀྲུང་གོའི་མར་ཁེ་སིའི་རིང་ལུགས་དང་དུས་རབས་ཉེར་གཅིག་པའི་མར་ཁེ་སིའི་རིང་ལུགས་ཡིན་པ་དང་། ཀྲུང་ཧྭའི་རིག་གནས་དང་ཀྲུང་གོའི་སྙིང་སྟོབས་ཀྱི་དུས་རབས་ཀྱི་ཉིང་བཅུད་ཡིན་ཞིང་། མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་འཕུར་མཆོང་གསར་པ་མངོན་འགྱུར་བྱུང་བ་རེད། ཏང་གིས་བློ་མཐུན་ཞི་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པའི་གོ་གནས་གཏན་འཁེལ་བྱས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་སློབ་སྟོན་གོ་གནས་གཏན་འཁེལ་བྱས་པ་དེས་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱི་ཐུན་མོང་གི་རེ་འདུན་མཚོན་ཡོད་ལ། དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བར་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན།
    སྒྱུར་བཅོས་སྒོ་འབྱེད་བྱས་རྗེས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་གྲུབ་འབྲས་གལ་ཆེན་ཐོབ་པས་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་གོང་དུ་སྤེལ་བར་རྨང་གཞི་བརྟན་པོ་བཏིང་བ་དང་དགེ་མཚན་ལྡན་པའི་ཆ་རྐྱེན་བསྐྲུན་ཡོད། དུས་མཚུངས་སུ།  ཕྱི་ཕྱོགས་ཁོར་ཡུག་གི་འགྱུར་བ་ལས་ཉེན་ཁ་དང་འགྲན་སློང་གསར་པ་མང་པོ་ཐོན་གྱི་ཡོད་པས། རྒྱལ་ནང་གི་སྒྱུར་བཅོས་དང་། འཕེལ་རྒྱས། བརྟན་ལྷིང་གསུམ་གྱི་མདུན་དུ་ཡུན་རིང་ཐག་གཅོད་ཐུབ་མེད་པའི་གཏིང་རིམ་གྱི་འགལ་བ་དང་གནད་དོན་དང་དེ་བཞིན་གསར་དུ་ཐོན་པའི་འགལ་བ་དང་གནད་དོན་མི་ཉུང་བ་ལྷགས་པ་དང་། སྐབས་ཤིག་རིང་ཏང་དོ་དམ་དང་ཏང་བཅོས་སྐྱོང་ལ་ཡང་ལྷོད་འཇམ་གསུམ་གྱི་གནས་ཚུལ་ཐོན་པས་ཏང་ནང་ཁུལ་དུ་སྒྱིད་ལུག་རུལ་སུངས་ཀྱི་སྣང་ཚུལ་མཆེད་ཅིང་ཆབ་སྲིད་ཀྱི་སྐྱེ་ཁམས་ལ་གནད་དོན་ཚབས་ཆེན་བྱུང་བས། ཏང་དང་མང་ཚོགས་བར་དང་ལས་བྱེད་པ་དང་མང་ཚོགས་བར་གྱི་འབྲེལ་བར་གནོད་འཚེ་ཕོག་པ་དང་། ཏང་གི་གསར་གཏོད་བྱེད་ནུས་དང་། གོང་བུར་འགྲིལ་ཤུགས། འཐབ་འཛིང་གི་ནུས་ཤུགས་བཅས་ཉམས་དམས་སུ་སོང་ཡོད་པས། ཏང་གིས་རྒྱལ་སྲིད་སྐྱོང་བར་ཉམས་སད་གལ་ཆེན་འཕྲད་ཡོད་པའང་ཏང་གིས་གསལ་པོར་ཤེས་ཡོད།
    བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ལོ་རྒྱུས་ཀྱི་རང་འགུལ་སྙིང་སྟོབས་རླབས་པོ་ཆེ་དང་། ཆབ་སྲིད་ཀྱི་བློ་སྟོབས་ཆེན་པོ། འགན་འཁྲི་འཁུར་སེམས་དྲག་པོ་བཅས་ལ་བརྟེན་ནས་རྒྱལ་སྤྱི་རྒྱལ་ནང་གི་ཁྱོན་ཡོངས་གཉིས་གཅིག་གྱུར་འཆར་འགོད་བྱས་ཏེ། ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཇུས་གཞི་བཅས་ལག་ལེན་མཐར་ཕྱིན་བསྟར་བ་དང་། འཐབ་རྩོད་རླབས་པོ་ཆེ་དང་། ལས་གྲྭ་རླབས་པོ་ཆེ། བྱ་གཞག་རླབས་པོ་ཆེ། ཕུགས་འདུན་རླབས་པོ་ཆེ་བཅས་ལ་གཅིག་འདོམས་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱས་ཤིང་། བྱེད་ཕྱོགས་དང་སྲིད་ཇུས་གལ་ཆེན་རབ་དང་རིམ་པ་གཏན་འབེབས་བྱས་པ་དང་། བྱེད་ཐབས་གལ་ཆེན་རབ་དང་རིམ་པ་བཏོན་ཡོད། ལས་དོན་གལ་ཆེན་རབ་དང་རིམ་པར་སྐུལ་འདེད་བཏང་ཞིང་། ཉེན་ཁ་དང་འགྲན་སློང་ཆེན་པོ་རབ་དང་རིམ་པ་ལས་རྣམ་པར་རྒྱལ་བ་དང་། དུས་ཡུན་རིང་པོར་ཐག་གཅོད་བྱེད་འདོད་ཀྱང་ཐག་གཅོད་བྱེད་མ་ཐུབ་པའི་དཀའ་གནད་མང་པོ་ཐག་གཅོད་བྱས་པ་དང་། སྔོན་ཆད་སྒྲུབ་འདོད་ཀྱང་སྒྲུབ་མ་ཐུབ་པའི་དོན་ཆེན་མང་པོ་བསྒྲུབས་ཤིང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བར་སྐུལ་འདེད་བཏང་ཡོད།

 (གཅིག) ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པའི་ཐད།
    སྒྱུར་བཅོས་སྒོ་འབྱེད་བྱས་རྗེས། ཏང་གིས་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པར་རྒྱུན་མཐུད་ངང་འབད་བརྩོན་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཡོང་བར་རྩ་བའི་ཆབ་སྲིད་ཀྱི་འགན་ལེན་འདོན་སྤྲོད་བྱས་ཡོད། དུས་མཚུངས་སུ། ཏང་ནང་ཁུལ་དུའང་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པར་ངོས་འཛིན་གསལ་པོ་མེད་པ་དང་། བྱ་སྤྱོད་སྤེལ་ཤུགས་ཞན་པའི་གནད་དོན་མི་ཉུང་བ་གནས་པ་དང་། ཏང་གི་འགོ་ཁྲིད་ཞན་ལྷོད་ཅན་དང་། དོན་སྟོང་ཅན། ཉམས་དམས་ཅན། མཐར་ལུས་ཅན་བཅས་ཀྱི་གནད་དོན་མི་ཉུང་བ་ཐོན་ཡོད་ལ། ལྷག་པར་དུ་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་ལག་བསྟར་བྱེད་ཤུགགས་མི་འདང་བ་དང་། གོང་གི་སྲིད་ཇུས་ལ་འོག་ནས་གཡོལ་ཐབས་འཚོལ་མཁན་བྱུང་ཡོད་ཅིང་། ཐ་ན་ཁ་ཞེ་མི་མཐུན་པ་དང་རང་དགར་བྱ་བ་སྒྲུབ་པའི་གནས་ཚུལ་ཡང་ཐོན་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དར་ཆ་གསལ་སྟོན་གྱི་སྒོ་ནས། ཏང་གི་འགོ་ཁྲིད་ནི་ཏང་དང་རྒྱལ་ཁབ་ཀྱི་རྩ་བ་ཚུགས་ས་དང་ལས་དབང་ཇི་ཡོང་གི་རག་ལས་ས་ཡིན་པ་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཁེ་ཕན་དང་ལས་དབང་དང་འབྲེལ་བ་དམ་ཟབ་ཡོད་པས། ཏང་ཡོངས་ཀྱིས་ངེས་པར་དུ་རང་རྟོགས་ངང་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་ནས་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་མཐུན་བྱེད་པ་དང་། ཚན་རིག་དང་མཐུན་པར་སྲིད་སྐྱོང་དང་། དམངས་གཙོས་སྲིད་སྐྱོང་། ཁྲིམས་ལྟར་སྲིད་སྐྱོང་བཅས་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་བ། ཁ་ཕྱོགས་འཛིན་པ་དང་། ཁྱོན་ཡོངས་དོན་གཉེར། སྲིད་ཇུས་གཏན་འབེབས། སྒྱུར་བཅོས་ལ་སྐུལ་སྤེལ་བཅས་བྱེད་པའི་ནུས་པ་ཆེ་རུ་གཏོང་བ་བཅས་ཀྱིས་ཏང་གིས་ཁྱོན་ཡོངས་ཀྱི་གནས་ཚུལ་འཛིན་སྐྱོང་དང་ཕྱོགས་གང་ཅིའི་ཐད་མཐུན་སྦྱོར་བྱེད་པའི་འགོ་ཁྲིད་སྲོག་ཤིང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པར་འགན་ལེན་ཏན་ཏིག་བྱེད་དགོས་ཞེས་བཏོན་ཡོད།
    ཏང་གིས་གསལ་པོར་བསྟན་དོན། ཏང་གི་འགོ་ཁྲིད་ནི་ཕྱོགས་ཡོངས་ཅན་དང་། རྒྱུད་ཁོངས་ཅན། གཞི་གཅིག་ཅན་ཞིག་ཡིན་ཞིང་། ཏང་གི་མཐུན་སྒྲིལ་གཅིག་གྱུར་འགན་ལེན་བྱ་རྒྱུ་ནི་ཏང་གི་སྲོག་རྩ་ཡིན། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ནི་ཏང་གི་འགོ་ཁྲིད་ཀྱི་རྩ་དོན་མཐོ་ཤོས་ཡིན་པ་དང་། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་ཤུགས་སྣོན་དང་སྲུང་སྐྱོང་བྱ་རྒྱུ་ནི་ཏང་ཡོངས་ཐུན་མོང་གི་ཆབ་སྲིད་འགན་འཁྲི་ཡིན་ཞིང་། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པར་ཐོག་མར་དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་བྱས་ནས་ཏང་ཡོངས་ཀྱིས་ཀྲུང་དབྱང་ལ་བརྩི་བཀུར་ཞུ་བའི་འགན་ལེན་ཡོད་པར་བྱེད་དགོས། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་གནས་བབ་གསར་པའི་འོག་གི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་སྐོར་གྱི་ཚད་གཞི་འགའ་ཞིག་ལ་གྲོས་འཆམ་བྱུང་བ་དང་། ཏང་ཀྲུང་དབྱང་གིས་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་ཤུགས་སྣོན་དང་སྲུང་སྐྱོང་བྱེད་པའི་སྐོར་གྱི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གཏན་འབེབས་འགའ་དངོས་སུ་བཏོན་ཞིང་། ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་དམ་ནན་བཟོས་ཏེ། རང་དོན་རིང་ལུགས་དང་། ཁ་ཐོར་རིང་ལུགས། རང་མོས་རིང་ལུགས། རང་གནས་རིང་ལུགས། མི་བཟང་རིང་ལུགས་སོགས་སྔོན་འགོག་དང་ངོ་རྒོལ་དང་། དགེ་མཚན་ལྡན་ཞིང་སྐྱོན་དང་བྲལ་བའི་ཏང་ནང་གི་ཆབ་སྲིད་རིག་གནས་འཕེལ་རྒྱས་བཏང་ནས་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཀྱི་སྐྱེ་ཁམས་བཟང་པོ་བསྐྲུན་པར་སྐུལ་འདེད་བཏང་ཡོད། ཏང་ཀྲུང་དབྱང་གིས་ཏང་གི་འགོ་ཁྲིད་ལས་བྱེད་པས་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་ནུས་པ། ཆབ་སྲིད་ལག་ལེན་བསྟར་ནུས་བཅས་མཐོ་རུ་གཏོང་དགོས་པ་དང་། “རྒྱལ་ཁབ་ཀྱི་དོན་ཆེན་”སེམས་ལ་བཅངས་ནས་ཏང་ལ་བློ་དཀར་བ་དང་། ཏང་གི་བཀོད་འདོམས་ལ་ཉན་པ། ཏང་གི་དོན་དུ་རང་འགན་གཙང་སྒྲུབ་བཅས་བྱེད་དགོས་པའི་བླང་བྱ་བཏོན་ཡོད། ཏང་གིས་ཏང་གི་འགོ་ཁྲིད་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཏང་གིས་མི་དམངས་འཐུས་མིའི་ཚོགས་ཆེན་དང་། སྲིད་གཞུང་། སྲིད་གྲོས། ལྟ་ཞིབ་ལས་ཁུངས། འདྲི་གཅོད་ལས་ཁུངས། ཞིབ་དཔྱོད་ལས་ཁུངས། དྲག་པོའི་སྟོབས་ཤུགས། མི་དམངས་ཚོགས་པ། ཁེ་ལས་དང་བྱ་ལས་སྡེ་ཚན། གཞི་རིམ་མང་ཚོགས་ཀྱི་རང་སྐྱོང་རང་བཞིན་གྱི་རྩ་འཛུགས། སྤྱི་ཚོགས་ཀྱི་རྩ་འཛུགས་སོགས་ལ་འགོ་ཁྲིད་བྱེད་པའི་ལམ་ལུགས་འཐུས་ཚང་དུ་བཏང་ནས། རྩ་འཛུགས་སྣ་ཚོགས་ནང་ཏང་གི་འགོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་པར་འགན་ལེན་ཏན་ཏིག་བྱས་ཡོད། ཏང་གིས་དམངས་གཙོ་གཅིག་སྡུད་ལམ་ལུགས་རྒྱུན་འཁྱོངས་དང་། ཏང་གིས་ལས་དོན་གལ་ཆེན་ལ་འགོ་ཁྲིད་བྱེད་པའི་སྒྲིག་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། ཏང་ཀྲུང་དབྱང་གི་ཇུས་ཐག་གཅོད་པ་དང་། ལས་དོན་གྲོལ་མོལ། མཐུན་སྦྱོར་བཅས་བྱེད་པའི་སྒྲིག་གཞིའི་འགན་ནུས་ཆེ་རུ་གཏོང་བ། ཏང་ཀྲུང་དབྱང་གི་ཐབས་ཇུས་གལ་ཆེན་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཏང་ཀྲུང་དབྱང་ལ་དགོངས་སྐོར་སྙན་སེང་ཞུ་བའི་ལམ་ལུགས་ལག་བསྟར་ནན་པོ་བྱེད་པ། ཆབ་སྲིད་ཀྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། ཆབ་སྲིད་སྐོར་གཟིགས་ཟབ་སྤེལ། ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས་དང་འགལ་བ་དང་། ཏང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་གཏོར་བཤིག་གཏོང་བའི་གནད་དོན་ཞིབ་བཤེར་ཐག་གཅོད། “མགོ་གཉིས་མ་”གཙང་སེལ་བཅས་བྱས་ནས་ཏང་ཡོངས་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་འགྲོ་ལམ་བཅས་ཀྱི་ཐད་ནས་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱེད་པར་འགན་ལེན་བྱས་ཡོད།
    ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ།  ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་འགན་ལེན་ནུས་ལྡན་བྱུང་བ་དང་། ཏང་གི་འགོ་ཁྲིད་ལམ་ལུགས་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་། ཏང་གི་འགོ་ཁྲིད་བྱེད་སྟངས་སྔར་ལས་ཚན་རིག་དང་མཐུན། ཏང་ཡོངས་བསམ་བློའི་ཐོག་སྔར་བས་གཅིག་གྱུར་དང་། ཆབ་སྲིད་ཐོག་སྔར་བས་མཐུན་སྒྲིལ། བྱ་སྤྱོད་ཐོག་སྔར་བས་གཅིག་མཐུན་བཅས་བྱུང་བ་དང་། ཏང་གི་ཆབ་སྲིད་འགོ་ཁྲིད་བྱེད་ཤུགས་དང་། བསམ་བློའི་སྣེ་ཁྲིད་བྱེད་ཤུགས། མང་ཚོགས་སྒྲིག་འཛུགས་བྱེད་ཤུགས། སྤྱི་ཚོགས་འབོད་སྐུལ་བྱེད་ཤུགས་བཅས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།

(གཉིས།) ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་ཐད།
    སྒྱུར་བཅོས་སྒོ་འབྱེད་བྱས་རྗེས། ཏང་གིས་ཏང་དོ་དམ་བྱེད་པ་དང་ཏང་ནན་སྐྱོང་བྱེད་པ་རྒྱུན་འཁྱོངས་བྱས་ཤིང་། ཏང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། དུས་མཚུངས་སུ། སྐབས་ཤིག་རིང་ཏང་དོ་དམ་བྱེད་ཤུགས་མི་འདང་བ་དང་ཏང་ནན་སྐྱོང་མ་ཐུབ་པའི་གནད་དོན་བྱུང་བས། ཏང་ཡོན་དང་ལས་བྱེད་པ་ཁ་ཤས་ཀྱི་ཆབ་སྲིད་དད་མོས་ལ་ཉམས་ཉེན་ཚབས་ཆེན་བྱུང་བ་དང་། ས་གནས་དང་སྡེ་ཁག་ཁ་ཤས་སུ་མི་འདེམས་སྤྱོད་ཀྱི་དར་སྲོལ་མི་ལེགས་པ་ཐོན་ལ། ཕྱི་ཚུལ་རིང་ལུགས་དང་། དཔོན་ཉམས་རིང་ལུགས། སྐྱིད་འདོད་རིང་ལུགས། བག་མེད་ཆུད་ཟོས་ཀྱི་སྲོལ་ངན་བཅས་དར་ཁྱབ་ཆེན་པོ་བྱུང་བ་དང་། ཁྱད་དབང་གི་བསམ་བློ་དང་ཁྱད་དབང་གི་སྣང་ཚུལ་ཅུང་ཡོངས་ཁྱབ་ཏུ་གྱུར་པ་རེད། ལྷག་པར་དུ་རང་གི་དགའ་ཉེ་ཁོ་ན་བསྐོ་གཞག་དང་རང་ཁོངས་མིན་པ་ཟུར་འབུད་བྱེད་མཁན་ཡོད་པ་དང་། ཤོག་ཁག་སྒྲིག་པ་དང་ཚོགས་པ་ཁྱུ་སྒྲིག་བྱེད་མཁན་ཡོད་པ། མིང་གསང་ནས་སྙོན་འཛུགས་ཞུ་གཏུག་བྱེད་པ་དང་དཀྲོག་གཏམ་བཟོ་མཁན་ཡོད་པ། མི་སེམས་བསླུ་ཉོ་བྱེད་པ་དང་འདེམས་ཤོག་སྐུལ་ཁྲིད་བྱེད་མཁན་ཡོད་པ། གནས་སྤར་རེ་སྐོང་བྱས་པར་ཕན་ཚུན་རྟེན་འབྲེལ་ཞུ་མཁན་ཡོད་པ། རང་འདོད་རང་སྒྲུབ་དང་མངོན་བརྩི་ལྐོག་འགལ་བྱེད་མཁན་ཡོད་པ། མགོ་བོ་ཞྭ་ནང་དུ་མི་ཚུད་པ་དང་ཀྲུང་དབྱང་ལ་ཁ་གཏོང་མཁན་ཡང་ཡོད་པས། ཆབ་སྲིད་ཀྱི་གནད་དོན་དང་དཔལ་འབྱོར་གྱི་གནད་དོན་གཅིག་ཏུ་འདྲེས་པས་ལྐོག་ཟ་རུལ་སུངས་ཀྱི་གནས་ཚུལ་མཐོང་བ་ཙམ་གྱིས་ཧང་སངས་དགོས་པ་ཞིག་རེད། “ཡོད་པ་བདུན་”གྱི་གནད་དོན་དེས་ཏང་གི་སྣང་བརྙན་དང་སྙན་གྲགས་ལ་ཤུགས་རྐྱེན་ཚབས་ཆེན་བཟོས་པ་དང་། ཏང་དང་མང་ཚོགས་བར་དང་ལས་བྱེད་པ་དང་མང་ཚོགས་བར་གྱི་འབྲེལ་བར་གནོད་འཚེ་ཚབས་ཆེན་བཟོས་པས་རྒྱ་ཆེའི་ཏང་ཡོན་དང་། ལས་བྱེད་པ། མང་ཚོགས་བཅས་ཡེ་ནས་མི་དགའ་བར་གྱུར་ཅིང་དྲང་བདེན་གྱི་ཁོང་ཁྲོ་དྲག་པོ་ལངས་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ལྕགས་རྡུང་ན་རང་ལུས་ངེས་པར་དུ་བཀན་མོ་ཡིན་དགོས། ཀྲུང་གོའི་ལས་ཀ་ལེགས་པོར་སྒྲུབ་པར་འགག་རྩ་ཏང་ལ་ཐུག་པ་དང་ཏང་གིས་ཏང་ལ་དོ་དམ་དང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་ཐུག་ཡོད། ངེས་པར་དུ་ཏང་གི་དུས་ཡུན་རིང་པོར་སྲིད་དབང་སྐྱོང་བའི་ནུས་པ་འཛུགས་སྐྲུན་དང་། སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་འཛུགས་སྐྲུན་བྱེད་པར་ཤུགས་རྒྱག་རྒྱུ་གཙོ་རྐང་དུ་འཛིན་པ། ཏང་གི་ཆབ་སྲིད་འཛུགས་སྐྲུན་གྱིས་སྤྱི་འདོམས་བྱེད་པ། ཕུགས་བསམ་དང་དད་སེམས་བརྟན་པོ་ཡོང་བར་བྱེད་པའི་དམིགས་ཡུལ་གཞི་རྩར་བྱེད་པ་དང་། ཏང་ཡོངས་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐུལ་སློང་བྱ་རྒྱུ་ཤུགས་འདོན་སར་བྱེད་པ་བཅས་ཀྱིས་ཏང་འཛུགས་སྐྲུན་གྱི་སྤུས་ཚད་རྒྱུན་ཆད་མེད་པར་ཇེ་བཟང་དུ་བཏང་ནས། ཏང་འདི་ཉིད་ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་མདུན་གྲལ་དུ་སྐྱོད་ཅིང་། མི་དམངས་ཀྱིས་སྙིང་ཐག་པ་ནས་བརྩི་བཀུར་ཞུ་བ། རང་ངོས་གསར་བརྗེ་བྱེད་ཕོད་པ། དཀའ་ངལ་སྣ་ཚོགས་ཀྱི་ཉམས་སད་ཐེག་ཐུབ་པ། སྐྱེ་སྟོབས་ཀྱི་དཔལ་འབར་བ་བཅས་ཀྱི་མར་ཁེ་སིའི་རིང་ལུགས་ཀྱི་སྲིད་སྐྱོང་ཏང་ཞིག་ཏུ་འཛུགས་སྐྲུན་བྱེད་དགོས། ཏང་གིས་ནམ་ཡང་བྱེད་བཞིན་པའི་ལམ་ན་ཡོད་པའི་བློ་རིག་གསལ་པོ་དང་བརྟན་པོའི་སྒོ་ནས་ནན་པོར་སྐྱོང་བ་དགོངས་གཞི་གཙོ་བོར་བྱེད་པ་རྒྱུན་འཁྱོངས་བྱས་ཏེ་“འགག་རྩའི་ཉུང་ཤས་”ལ་དམ་འཛིན་བྱེད་པ་གནད་དུ་འཛིན་པ་དང་། བྱེད་པོའི་འགན་འཁྲི་དང་ལྟ་སྐུལ་འགན་འཁྲི་དོན་འཁྱོལ་བྱེད་པ། ལྟ་སྐུལ་དང་སྒྲིག་བསྟར་དང་འགན་འདེད་གསུམ་ལ་ཤུགས་རྒྱག་པ་བཅས་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་དེ་ཏང་འཛུགས་སྐྲུན་གྱི་ཕྱོགས་ཚང་མར་ཁྱབ་པར་བྱས་ཡོད། ཏང་ཀྲུང་དབྱང་གིས་ཁྱབ་ཁོངས་ཁག་གི་ཏང་འཛུགས་ལས་དོན་སྐོར་གྱི་ཚོགས་འདུ་འཚོགས་ཤིང་བཀོད་སྒྲིག་ནུས་ལྡན་བྱས་ཏེ་ཏང་འཛུགས་སྐྲུན་ཕྱོགས་ཡོངས་ནས་ཡར་ཐོན་ཡོང་བར་སྐུལ་འདེད་བཏང་ཡོད།
    ཏང་ཀྲུང་དབྱང་གིས་ང་ཚོའི་ཏང་ནི་མི་དམངས་ལས་བྱུང་བ་དང་། མི་དམངས་ཀྱི་ཁྲོད་དུ་རྩ་བ་ཚུགས་ལ། མི་དམངས་ལ་ཞབས་འདེགས་ཞུ་བ་ཡིན་པས། མང་ཚོགས་དང་ཁ་བྲལ་ཚེ་སྐྱེ་འཕེལ་གྱི་ནུས་པ་ཉམས་འགྲོ་བས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་དེ་ངེས་པར་དུ་མི་དམངས་མང་ཚོགས་ལ་བསམ་འཆར་ཆེན་པོ་ཡོད་པའི་སྤྱོད་ཚུལ་གྱི་གནད་དོན་ནས་དམ་འཛིན་བྱེད་དགོས་ཞེས་ནན་བཤད་བྱས་ཡོད། ཏང་ཀྲུང་དབྱང་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་གཏན་འབེབས་དང་དོན་འཁྱོལ་བྱེད་པ་ནས་འགོ་བརྩམས་ཤིང་། ཀྲུང་དབྱང་ཆབ་སྲིད་ཅུས་ནས་འགོ་རྩོམ་པ་དང་འགོ་ཁྲིད་ལས་བྱེད་པ་ནས་དམ་འཛིན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་གོང་གིས་འོག་ལ་སྣེ་ཁྲིད་པས་ལས་ཀའི་སྤྱོད་ཚུལ་ལེགས་སུ་བཏང་ཡོད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ལོ་ལྟར་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་ནས་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་བྱས་ཚུལ་གྱི་སྙན་ཞུར་ཉན་པ་དང་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱེད་ཀྱི་ཡོད། ཏང་ཀྲུང་དབྱང་གིས་ལྕགས་གཟེར་འདེབས་པའི་སྙིང་སྟོབས་དར་སྤེལ་བཏང་ནས། རྒྱུན་འཁྱོངས་ལྷོད་མེད་ཀྱི་སྒོ་ནས་“སྤྱོད་ཚུལ་བཞི་”ཡོ་བསྲང་དང་བཅོས་སྐྱོང་བྱས་པ་དང་། ཁྱད་དབང་གི་བསམ་བློ་དང་ཁྱད་དབང་གི་སྣང་ཚུལ་ལ་ངོ་རྒོལ་བྱས་ཏེ། གཞུང་དངུལ་སྤྱད་དེ་ལག་རྟགས་སྤྲོད་པ་དང་། གཞུང་དངུལ་སྤྱད་དེ་བཟའ་བཏུང་བྱེད་པ། གཞུང་དངུལ་སྤྱད་དེ་ཡུལ་སྐོར་བྱེད་པ། རྒྱས་སྤྲོས་ཆུད་ཟོས་བྱེད་པ་སོགས་ཀྱི་ཚུལ་མིན་སྤྱོད་ཡན་ནན་འགོག་བྱས། མང་ཚོགས་ཀྱིས་བསམ་འཆར་ཆེན་པོ་འདོན་པ་དང་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་གནད་དོན་མངོན་གསལ་ཅན་ཐག་གཅོད་བྱས་པ་དང་། གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བར་སྐུལ་འདེད་བཏང་། ཧུར་བརྩོན་གྲོན་ཆུང་དར་སྤེལ་དང་རྒྱས་སྤྲོས་ཆུད་ཟོས་ལ་ངོ་རྒོལ་བཅས་ལས་སྔོན་ཆད་འགོག་ཐབས་མེད་པ་སྙམ་པའི་སྤྱོད་ངན་ཁ་ཤས་བཀག་འགོག་བྱས་པ་དང་། ལོ་མང་རིང་སེལ་མ་ཐུབ་པའི་གཅོང་ནད་ཁ་ཤས་བཅོས་ཐབས་བྱས་ཏེ་ཏང་སྲོལ་སྲིད་སྲོལ་དང་སྤྱི་ཚོགས་ཀྱི་དར་སྲོལ་རྣམ་པ་གསར་རྐྱང་དུ་གྱུར་ཡོད།
ཏང་གིས་སྔར་ནས་བཟུང་ཏང་ཡོངས་ཀྱིས་ངེས་པར་དུ་ཕུགས་བསམ་དང་དད་སེམས་བརྟན་པོ་དང་། རྩ་འཛུགས་མ་ལག་ནན་པོ། སྒྲིག་ཁྲིམས་དང་སྒྲིག་ལམ་ནན་པོ་བཅས་ཡོང་བ་བྱེད་དགོས་ཞེས་ནན་བཤད་བྱེད་ཀྱི་ཡོད། མར་ཁེ་སིའི་རིང་ལུགས་ཀྱི་དད་མོས་དང་། གུང་ཁྲན་རིང་ལུགས་ཀྱི་རྒྱང་རིང་ཕུགས་བསམ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་བསམ་བཅས་ནི་ཀྲུང་གོའི་གུང་ཁྲན་ཏང་མིའི་བསམ་པའི་རྟེན་གཞི་དང་ཆབ་སྲིད་ཀྱི་བླ་སྲོག་ལྟ་བུ་ཡིན་ལ། ཏང་གི་མཐུན་སྒྲིལ་གཅིག་གྱུར་མཐའ་འཁྱོངས་བྱེད་པའི་བསམ་བློའི་རྨང་གཞིའང་ཡིན། ཏང་ཀྲུང་དབྱང་གིས་ཕུགས་བསམ་དང་དད་སེམས་ནི་གུང་ཁྲན་ཏང་མིའི་བསམ་པའི་“ཀལ་”ཡིན་པ་དང་། གུང་ཁྲན་ཏང་མིར་གལ་ཏེ་ཕུགས་བསམ་དང་དད་སེམས་མེད་ན་བསམ་པའི་“ཀལ་མི་འདང་”བས་“རུས་སྙིའི་ནད་”ཕོག་སྲིད་པས། ཆབ་སྲིད་ཐད་ངོ་བོ་འགྱུར་བ་དང་། དཔལ་འབྱོར་ཐད་འདོད་ཧམ་ཆེ་བར་འགྱུར་བ། ཀུན་སྤྱོད་ཐད་ངན་རུལ་དུ་འགྱུར་བ། འཚོ་བའི་ཐད་རུལ་སུངས་སུ་འགྱུར་བ་བཅས་ཡོང་ངེས་ཡིན་པ་ནན་བཤད་བྱས་ཡོད། ཏང་གིས་བསམ་བློའི་ཐོག་ནས་ཏང་འཛུགས་སྐྲུན་དང་ལམ་ལུགས་ཐོག་ནས་ཏང་བཅོས་སྐྱོང་བྱེད་པ་གཉིས་ཕྱོགས་གཅིག་ཏུ་ཤུགས་རྒྱག་པ་རྒྱུན་འཁྱོངས་བྱས་ཤིང་། སྔ་རྗེས་སུ་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་དང་ལག་ལེན་གྱི་བྱེད་སྒོ་དང་། “བློ་སྦྱོང་ནན་པོ་དང་། དབང་ཚོད་ནན་པོ། རང་གཅུན་ནན་པོ་བཅས་བྱེད་པ་དང་། ལས་ཀ་དྲང་པོ་དང་། ལས་འབྱེད་དྲང་པོ། མི་དྲང་པོ་བཅས་བྱེད་པ་”ཞེས་པའི་ཆེད་དོན་སློབ་གསོ། “ཏང་གི་སྒྲིག་ཡིག་དང་སྒྲིག་ལམ་སློབ་སྦྱོང་དང་གསུང་བཤད་ཞལ་བསྟར་མ་སློབ་སྦྱོང་བྱས་ཏེ་ཏང་ཡོན་ཚད་ལོན་ཞིག་བྱེད་པའི་”སློབ་སྦྱོང་དང་སློབ་གསོ། “ཐོག་མའི་བསམ་འདུན་མ་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཆང་བའི་”བརྗོད་དོན་གཙོ་བོའི་སློབ་གསོ། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་སོགས་རིམ་པར་སྤེལ་བ་དང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་ཏང་ཡོངས་ལ་དྲག་ཆས་སྤྲས་པ་དང་། སློབ་སྦྱོང་ཅན་གྱི་སྲིད་ཏང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ཞིང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་སྤྱི་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་བསམ་བློའི་ཐོག་ནས་གཞི་སྒྱུར་རྩ་སྒྱུར་དང་རྩ་བ་བརྟན་དུ་གཏོང་བ། དད་མོས་ཀྱི་རྨང་གཞི་བརྟན་དུ་གཏོང་བ་དང་། བསམ་པའི་ཀལ་གསབ་པ། བསམ་བློའི་ཁ་ཕྱོགས་བརྟན་པོ་འཛིན་པ་བཅས་བྱེད་པར་སློབ་གསོ་དང་ཁྲིད་སྟོན་བྱས་ནས། གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་རང་མདངས་སྲུང་ཞིང་གུང་ཁྲན་ཏང་མིའི་བསམ་པའི་གདུང་འདེགས་ཀ་བ་བཏེགས་ཡོད། ཏང་གིས་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་བཏོན་པ་དང་ལག་བསྟར་བྱས་ཤིང་། དད་སེམས་བརྟན་པ་དང་། མི་དམངས་ལ་ཞབས་འདེགས་ཞུ་བ། སྲིད་དོན་ལྷུར་ལེན་བྱེད་པ། འགན་འཁུར་ཕོད་པ། སྤྱོད་གཙང་གཞུང་དྲང་བཅས་ཀྱི་དུས་རབས་གསར་པའི་ལས་བྱེད་པ་བཟང་པོའི་ཚད་གཞི་ཁ་གསལ་བཟོས་པ་དང་། ཆབ་སྲིད་བྱང་ཚད་ཀྱི་བླང་བྱ་མངོན་གསལ་དོད་པོ་ཡོང་བ་དང་མི་སྣ་བཀོལ་སྤྱོད་ཀྱི་ཁྲིད་ཕྱོགས་ཡང་དག་པ་འཛུགས་པ། སྤྱོད་ཡོན་གཉིས་ལྡན་དང་ཀུན་སྤྱོད་ལ་གཙིགས་ཆེན་བྱེད་པ་རྒྱུན་འཁྱོངས། ཕྱོགས་བཞི་མཚམས་བརྒྱད་དང་སུ་བཟང་དེ་བསྐོ་བྱེད་པ་རྒྱུན་འཁྱོངས། བྱ་གཞག་མཆོག་འཛིན་དང་གཞུང་དྲང་ཚུལ་ལྡན་རྒྱུན་འཁྱོངས། འདེམས་ཤོག་ཐོབ་གྲངས་ཁོ་ནར་མི་ལྟ་བ་དང་། སྐར་གྲངས་ཁོ་ནར་མི་ལྟ་བ། ཐོན་སྐྱེད་རིན་ཐང་བསྡོམས་འབོར་ཁོ་ནར་མི་ལྟ་བ། ན་ཚོད་ཁོ་ནར་མི་ལྟ་བ་བཅས་རྒྱུན་འཁྱོངས། “མང་པོ་འོས་སྦྱོར་”དང་“མང་པོ་ལས་འདེམས་”རིགས་མི་བྱེད་པ། ཏང་རྩ་འཛུགས་ཀྱི་འགོ་ཁྲིད་དང་འགག་གནད་དམ་འཛིན་གྱི་ནུས་པ་ཆེ་རུ་གཏོང་བ་བཅས་ལས་མི་འདེམས་སྤྱོད་ཐད་ཀྱི་ཚུལ་མིན་སྤྱོད་ཚུལ་ཡོ་བསྲང་བྱས་ཡོད། ཏང་གིས་འགོ་ཁྲིད་ལས་བྱེད་རིམ་པ་ཁག་ལ་འཇིག་རྟེན་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་ལྟ་བ་བཅས་པའི་“སྤྱི་ཁྱབ་གློག་སྒོ་”འདིའི་གནད་དོན་ཐག་གཅོད་ཡག་པོ་བྱས་ཏེ། དབང་ཆར་གཅེས་འཛིན་དང་། དབང་ཆར་དོ་དམ་ཡག་པོ། དབང་ཆ་གཟབ་ནན་ངང་སྤྱོད་པ་བཅས་ཀྱི་སྒོ་ནས་ཕྱོགས་ཀུན་གྱི་ལྟ་སྐུལ་རང་རྟོགས་ངང་དང་ལེན་བྱེད་པ་དང་། དུས་དང་རྣམ་པ་ཀུན་ཏུ་ཏང་གི་དོན་དུ་སེམས་ཁྲལ་དང་། རྒྱལ་ཁབ་ཀྱི་དོན་དུ་བློས་གཏོང་བ། མི་དམངས་ལ་བདེ་སྐྱིད་སྐྲུན་པ་བཅས་བྱེད་དགོས་པའི་བླང་བྱ་བཏོན་ཡོད། ཏང་གིས་ཏང་གིས་ཤེས་ལྡན་མི་སྣར་དོ་དམ་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། ཤེས་ལྡན་མི་སྣའི་སྲིད་ཇུས་དགེ་མཚན་སྔར་ལས་ཆེ་བ་དང་། སྒོ་མོ་ཇེ་ཆེར་ཕྱེ་བ། ཕན་ནུས་སྔར་བས་ཆེ་བ་བཅས་ལག་ལེན་བསྟར་བ་དང་། དུས་རབས་གསར་པར་ཤེས་ལྡན་མི་སྣར་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ལ། འཛམ་གླིང་གི་ཤེས་ལྡན་མི་སྣ་གལ་ཆེན་གྱི་ལྟེ་གནས་དང་གསར་གཏོད་ཀྱི་མཐོ་ས་གང་མགྱོགས་བསྐྲུན་ནས། གནམ་འོག་གི་ཤེས་ལྡན་མི་སྣ་བཀུག་ནས་བཀོལ་སྤྱོད་བྱས་ཡོད། ཏང་གིས་རྩ་འཛུགས་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་བ་དང་། རྩ་འཛུགས་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུ་གཙོ་གནད་དུ་བཟུང་ནས་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་བྱེད་ལས་དང་རྩ་འཛུགས་ཀྱི་བྱེད་ལས་ཆེ་རུ་བཏང་བ། གཞི་རིམ་དམ་འཛིན་ཤུགས་ཆེན་བྱེད་པའི་ཁྲིད་ཕྱོགས་གསལ་པོ་བཙུགས་པ་བཅས་ཀྱི་ཐོག་ནས་ཏང་གི་རྩ་འཛུགས་དང་ཏང་གི་ལས་དོན་ཡོངས་སུ་ཁྱབ་པར་སྐུལ་འདེད་བཏང་ཡོད། ཏང་གིས་སྒྲིག་ཁྲིམས་བཅའ་ཁྲིམས་ལས་ནན་པ་དང་སྒྲིག་བསྟར་ཁྲིམས་བསྟར་མཉམ་སྦྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ཤིང་། ལྟ་སྐུལ་སྒྲིག་བསྟར་གྱི་“རྣམ་པ་བཞི་”བེད་སྤྱོད་གང་ལེགས་དང་། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་རྩ་འཛུགས་ཀྱི་སྒྲིག་ཁྲིམས་ལ་ཤུགས་བརྒྱབ་ནས་སྒྲིག་ཁྲིམས་ཁག་ཕྱོགས་ཡོངས་ནས་ནན་པོ་ཡོང་བར་སྐུལ་ཁྲིད་བྱས་ཡོད། ཏང་གིས་སྒྲིག་སྲོལ་ལྟར་ཏང་སྐྱོང་རྒྱུ་རྒྱུན་འཁྱོངས་བྱས་ནས་ཏང་གི་སྒྲིག་ཡིག་ལ་བརྩི་སྲུང་ནན་པོ་ཞུས་པས། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་མ་ལག་ཅུང་འཐུས་སྒོ་ཚང་བ་ཞིག་ཆགས་ཡོད་པ་དང་། ལམ་ལུགས་ལག་བསྟར་ནན་པོ་བྱས་པས། ཏང་འཛུགས་སྐྲུན་ཚན་རིག་ཅན་དང་། ལམ་ལུགས་ཅན། ཚད་ལྡན་ཅན་བཅས་སུ་སྒྱུར་བའི་ཆུ་ཚད་མངོན་གསལ་མཐོ་རུ་ཕྱིན་ཡོད།
ཏང་ཀྲུང་དབྱང་གིས་ནན་བཤད་བྱས་དོན། རུལ་སུངས་ནི་ཏང་གིས་དུས་ཡུན་རིང་པོར་སྲིད་སྐྱོང་བའི་འཇིགས་སྐུལ་ཆེ་ཤོས་ཡིན་པ་དང་། རུལ་སུངས་ལ་ངོ་རྒོལ་བྱེད་པ་ནི་ཕམ་ཁ་ཐེག་མི་ནུས་ལ་ཕམ་ཡང་མི་རུང་བའི་ཆབ་སྲིད་ཀྱི་འཐབ་རྩོད་གལ་ཆེན་ཞིག་ཡིན་ཞིང་། རུལ་སུངས་པ་ཁྲི་སྟོང་མང་པོར་ཕོག་ཐུག་མ་བཏང་ན། མི་དམངས་དུང་ཕྱུར་བཅུ་བཞི་ལ་ཕོག་ཐུག་གཏོང་སྲིད་པས། ངེས་པར་དུ་དབང་ཆ་ལམ་ལུགས་ཀྱི་གཟེབ་ནང་དུ་བཅུག་ནས། སྒྲིག་ཁྲིམས་དང་བཅའ་ཁྲིམས་ལྟར་དབང་ཆ་གཏན་འཁེལ་དང་། དབང་ཆ་ཚད་ལྡན་དུ་གཏོང་བ། དབང་ཆར་ཚོད་འཛིན། དབང་ཆར་ལྟ་སྐུལ་བཅས་བྱེད་དགོས། ཏང་གིས་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་གཞི་གཅིག་ཏུ་སྐུལ་སྤེལ་བཏང་བ་དང་། ཉེས་ཆད་ཀྱིས་ཟིལ་གནོན་བྱེད་པ་དང་། ལམ་ལུགས་ཀྱི་གཅུན་སྡོམ་བྱེད་པ། གོ་རྟོགས་ཇེ་མཐོར་གཏོང་བ་བཅས་ལ་མཉམ་དུ་ཤུགས་འདོན་པ་རྒྱུན་འཁྱོངས་བྱས་ཏེ། ཏང་དང་མི་དམངས་ཀྱིས་བསྩལ་བའི་དབང་ཆ་དེ་ཐོག་མཐའ་བར་གསུམ་དུ་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུར་སྤྱོད་ཐུབ་པའི་འགན་ལེན་ཏན་ཏིག་བྱས་ཡོད། བཀག་སྡོམ་ཁུལ་མེད་པ་དང་། ཡོངས་སུ་ཁྱབ་པ། བཟོད་སྒོམ་གཏན་ནས་མེད་པ་བཅས་རྒྱུན་འཁྱོངས་དང་། བཀག་སྡོམ་གལ་ཆེན་དང་། མཐོ་གནོན་དྲག་པོ། ཡུན་རིང་ཟིལ་གནོན་བཅས་རྒྱུན་འཁྱོངས། ལྐོག་རྔན་སྤྲོད་མཁན་དང་ལྐོག་རྔན་ལེན་མཁན་མཉམ་དུ་རྩད་གཅོད་པ་རྒྱུན་འཁྱོངས། གྱོད་གཞི་བྱུང་ཚེ་རྩད་གཅོད་བྱེད་ངེས་པ་དང་རུལ་སུངས་བྱུང་ཚེ་ཆད་པ་གཅོད་ངེས་པ་རྒྱུན་འཁྱོངས་བཅས་ཀྱིས་སྨན་གཉན་པོས་གཅོང་ནད་འཇོམས་པ་དང་ཁྲིམས་བཙན་པོས་དུས་ཟིང་བཅོས་པའི་ཆོད་སེམས་དང་། རུས་པ་བྲད་ནས་དུག་སེལ་བ་དང་དཔའ་བོས་རང་ལག་གཅོད་པའི་སྤོབས་སེམས་ཀྱིས་“སྟག་རྡུང་”དང་། “སྦྲང་གསོད།” “ཝ་རྔོན་”བཅས་གཡོ་མེད་མཐའ་འཁྱོལ་བྱས་ཡོད། མང་ཚོགས་ཉེ་འགྲམ་གྱི་རུལ་སུངས་གནད་དོན་མཐའ་གཅིག་ཏུ་བཅོས་སྒྲིག་བྱས་ཤིང་། རྒྱལ་སྤྱིའི་མི་འདེད་རྒྱུ་འདེད་གཏིང་ཟབ་བྱས་ཏེ་རུལ་སུངས་པ་མཐའ་དག་གཙང་སེལ་བྱས་ཡོད། ཏང་གིས་ཆབ་སྲིད་ཀྱི་གནད་དོན་དང་དཔལ་འབྱོར་གྱི་གནད་དོན་གཅིག་ཏུ་འདྲེས་པའི་རུལ་སུངས་གྱོད་དོན་ལ་དམིགས་ནས་ཏང་ནང་ཁུལ་དུ་ཁེ་ཕན་གྱི་ཚོགས་པ་ཆགས་པ་བཀག་འགོག་བྱས་ཤིང་། ཀྲོའུ་ཡུང་ཁང་དང་། པོ་ཞི་ལའེ། སུན་ཀྲེང་ཚའེ། ལིང་ཅི་ཧྭ་སོགས་ཀྱི་སྒྲིག་འགལ་ཁྲིམས་འགལ་གྱི་གྱོད་དོན་ཚབས་ཆེན་རྩད་ཞིབ་ཐག་གཅོད་བྱས་ཡོད། ཏང་གིས་ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་འཐུས་ཚང་དུ་གཏོང་བར་འགོ་ཁྲིད་དེ། རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་དང་ས་གནས་རིམ་པ་ཁག་གི་ལྟ་ཞིབ་ཨུ་ཡོན་ལྷན་ཁང་འཛུགས་པ་དང་། སྐོར་གཟིགས་སྐོར་ཞིབ་གོང་འོག་མཉམ་འགུལ་གྱི་རྣམ་པ་འཛུགས་པ། ཏང་ནང་ཁུལ་གྱི་ལྟ་སྐུལ་གྱིས་གཙོ་ཁྲིད་བྱེད་པ་དང་།  ལྟ་སྐུལ་སྣ་ཚོགས་གཅིག་སྦྲེལ་མཐུན་སྦྱོར་བྱེད་པའི་ལམ་སྲོལ་འཛུགས་པ་བཅས་ལ་སྐུལ་འདེད་བཏང་ནས།  དབང་ཆ་འཁོར་སྐྱོད་ལ་ཚོད་འཛིན་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ཡོད།
    ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ།  འཐབ་རྩོད་མཐའ་གཅིག་ཏུ་བྱས་པར་བརྟེན། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་སྣེ་ཁྲིད་དང་ཆབ་སྲིད་ཀྱི་འགན་སྲུང་ནུས་པ་ཕྱོགས་ཡོངས་ནས་འདོན་སྤེལ་ཐུབ་པ་དང་། ཏང་གི་རང་ངོས་གཙང་བཟོ་དང་། རང་ངོས་འཐུས་ཚང་དུ་གཏོང་བ། རང་ངོས་གསར་བཅོས། རང་ངོས་མཐོར་གཏོང་བཅས་ཀྱི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་། ཏང་དོ་དམ་དང་ཏང་བཅོས་སྐྱོང་ཡང་ལྷོད་འཇམ་གསུམ་ཡིན་པའི་གནས་ཚུལ་རྩ་བའི་ཆ་ནས་འཕོ་འགྱུར་བཏང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་ཟིལ་གནོན་རང་བཞིན་གྱི་རྒྱལ་ཁ་ཐོབ་པ་མ་ཟད་ཕྱོགས་ཡོངས་ནས་སྲ་བརྟན་དུ་ཕྱིན་པ་དང་། ཏང་དང་། རྒྱལ་ཁབ། དམག་དཔུང་བཅས་ནང་ཁུལ་དུ་གནས་པའི་མངོན་མེད་རྐྱེན་ངན་ཚབས་ཆེན་མེད་པར་བཟོས་ལ། གསར་བརྗེའི་རང་བཞིན་གྱི་སྐྲུན་བཟོའི་ཁྲོད་ཏང་སྔར་བས་སྲ་བརྟན་དུ་ཕྱིན་ཡོད།

(གསུམ།) དཔལ་འབྱོར་འཛུགས་སྐྲུན་ཐད།
    སྒྱུར་བཅོས་སྒོ་འབྱེད་བྱས་རྗེས། ཏང་གིས་དཔལ་འབྱོར་འཛུགས་སྐྲུན་གྱི་ལྟེ་བ་འདི་དམ་འཛིན་བྱས་ཤིང་མི་དམངས་ཀྱི་འགོ་ཁྲིད་དེ་དཀའ་སྤྱད་སྙིང་རུས་ཀྱིས་ལས་ཀ་བསྒྲུབས་པས། དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་བྱུང་བའི་ངོ་མཚར་བཏོད་ཅིང་རྒྱལ་ཁབ་ཀྱི་དཔལ་འབྱོར་དངོས་ཤུགས་ཆེས་ཆེར་འཕར་ཡོད། དུས་མཚུངས་སུ། ས་གནས་དང་སྡེ་ཁག་ཁ་ཤས་ཀྱིས་ཕྱོགས་རེ་བའི་སྒོ་ནས་མྱུར་ཚད་དང་གཞི་ཁྱོན་དོན་གཉེར་བྱས་པ་དང་འཕེལ་རྒྱས་གཏོང་སྟངས་རགས་ལས་ཅན་ཡིན་པ་སོགས་ཀྱི་གནད་དོན་གནས་པའི་ཁར་རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་བྱུང་རྗེས་འཛམ་གླིང་གི་དཔལ་འབྱོར་རྒྱུན་མཐུད་ངང་ཆག་པའི་ཤུགས་རྐྱེན་ཐེབས་པས། དཔལ་འབྱོར་གྱི་གྲུབ་ཚུལ་རང་བཞིན་དང་སྒྲིག་སྲོལ་རང་བཞིན་གྱི་འགལ་བ་རྒྱུན་ཆད་མེད་པར་བསགས་པ་དང་། འཕེལ་རྒྱས་དོ་མཉམ་མིན་པ་དང་། མཐུན་སྦྱོར་མིན་པ། རྒྱུན་མཐུད་མིན་པ་བཅས་ཀྱི་གནད་དོན་ཧ་ཅང་མངོན་གསལ་ཡིན། ཏང་ཀྲུང་དབྱང་གིས་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་རྒྱུན་རྣམ་གསར་པར་སླེབས་ཡོད་དེ། འཕར་ཚད་མགྱོགས་པའི་དུས་རིམ་ནས་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཀྱི་དུས་རིམ་དུ་སླེབས་ཡོད་པ་དང་། འཕར་སྣོན་མྱུར་ཚད་རིམ་པ་བརྗེ་བའི་དུས་སྐབས་དང་། གྲུབ་ཚུལ་ལེགས་སྒྲིག་སྐྱེ་ཟུག་ལངས་པའི་དུས་སྐབས། སྔ་མའི་ངར་སྐུལ་སྲིད་ཇུས་ཉམས་ལེན་བྱེད་པའི་དུས་སྐབས་བཅས་“དུས་གསུམ་བསྣོལ་བརྩེགས་”ཀྱི་རྙོག་འཛིང་ཆེ་བའི་རྣམ་པར་ཕྲད་ཡོད་པས། སྲོལ་རྒྱུན་གྱི་འཕེལ་རྒྱས་གཏོང་སྟངས་རྒྱུན་འཛིན་བྱེད་དཀའ་ཚུལ་བཏོན་ཡོད། ཏང་ཀྲུང་དབྱང་གིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ་ནི་རང་རྒྱལ་འཕེལ་རྒྱས་གཏོང་བའི་ཁྱོན་ཡོངས་དང་འབྲེལ་བ་ཡོད་པའི་འཕོ་འགྱུར་གཏིང་ཟབ་ཅིག་ཡིན་པས། སྟབས་བདེའི་སྒོ་ནས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ཁོ་ནའི་ཐོག་སུ་འཇོན་སུ་དཔའ་ལ་མི་ལྟ་བར། ངེས་པར་དུ་གསར་གཏོད་དེ་སྒུལ་ཤུགས་ཨང་དང་པོར་འགྱུར་བ་དང་། མཐུན་སྦྱོར་དེ་ནང་གནས་ཀྱི་ཁྱད་ཆོས་སུ་འགྱུར་བ། ལྗང་མདོག་དེ་ཡོངས་ཁྱབ་ཀྱི་རྣམ་པར་འགྱུར་བ། སྒོ་འབྱེད་དེ་འགྲོ་ལམ་ལྡོག་མེད་དུ་འགྱུར་བ། མཉམ་སྤྱོད་དེ་རྩ་བའི་དམིགས་ཡུལ་དུ་འགྱུར་བ་བཅས་ཀྱི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་མངོན་འགྱུར་བྱས་ནས། དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་འཕོ་འགྱུར་དང་། ལས་ཆོད་འཕོ་འགྱུར། སྒུལ་ཤུགས་འཕོ་འགྱུར་བཅས་ལ་སྐུལ་འདེད་གཏོང་དགོས་པ་ནན་བཤད་བྱས་ཡོད།
    ཏང་གིས་དཔལ་འབྱོར་ལས་དོན་ལ་འཐབ་ཇུས་ཇུས་འགོད་བྱེད་པ་དང་གཅིག་གྱུར་འགོ་ཁྲིད་བྱེད་པར་ཤུགས་བརྒྱབ་ནས་ཏང་གིས་དཔལ་འབྱོར་ལས་དོན་ལ་འགོ་ཁྲིད་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་བཏང་ཡོད། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་རིམ་བྱུང་བཅས་ཀྱིས་རང་རྒྱལ་འཕེལ་རྒྱས་གཏོང་བའི་ཐད་གཅིག་སྡུད་ཀྱིས་བཀོད་སྒྲིག་བྱས་ཏེ། སྤུས་ཚད་མཐོན་པོའི་འཕེལ་རྒྱས་གཏོང་རྒྱུ་བརྗོད་དོན་གཙོ་བོར་འཛིན་པ་དང་། འདོན་སྤྲོད་ཕྱོགས་གྲུབ་ཚུལ་རང་བཞིན་གྱི་སྒྱུར་བཅོས་བྱ་རྒྱུ་གཙོ་གནད་དུ་འཛིན་པ། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན། ནང་མཁོ་རྒྱ་སྐྱེད་གཏོང་བའི་འཐབ་ཇུས་ཀྱི་གཞི་གནས་ཁོང་དུ་ཆུད་པ་བཅས་རྒྱུན་འཁྱོངས་དང་། ཉེན་ཁ་ཚབས་ཆེན་སྔོན་འགོག་དང་སེལ་ཐབས་བྱེད་པ་དང་། དབུལ་བྲལ་གནད་འཕིགས། སྦགས་བཙོག་འགོག་བཅོས་བཅས་ཀྱི་འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་ཡག་པོ་རྒྱག་པ་ལ་སོགས་པའི་ཐབས་ཇུས་གལ་ཆེན་བཟོས་ཡོད། ཏང་གིས་བློ་བརྟན་འགྱུར་མེད་ངང་སྤྱི་ལ་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་སྲ་བརྟན་དང་འཕེལ་རྒྱས་བཏང་བ་དང་། བློ་བརྟན་འགྱུར་མེད་ངང་སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བར་བསྔགས་སྐུལ་དང་། རྒྱབ་སྐྱོར། ཁྲིད་སྟོན་བཅས་བྱས་ཡོད། གཞུང་དབང་མ་རྩ་དང་གཞུང་དབང་ཁེ་ལས་སྟོབས་སྤེལ་ལེགས་གཉེར་རྒྱ་སྐྱེད་ཐུབ་པར་རྒྱབ་སྐྱོར་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཁེ་ལས་ཀྱི་ལམ་ལུགས་བཙུགས་ནས། གཞུང་དབང་དཔལ་འབྱོར་གྱི་འགྲན་རྩོད་བྱེད་ནུས་དང་། གསར་གཏོད་བྱེད་ནུས། ཚོད་འཛིན་བྱེད་ནུས། ཤུགས་རྐྱེན་བཟོ་ཤུགས། ཉེན་ཁ་འགོག་ནུས་བཅས་ཆེ་རུ་བཏང་བ་དང་། མཛའ་མཐུན་ལྷད་མེད་ཀྱི་སྲིད་ཚོང་འབྲེལ་བ་བཙུགས་ནས་སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་དང་སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་སྐུལ་འདེད་བཏང་ཡོད། ཏང་གིས་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པ་རྒྱུན་འཁྱོངས་ཀྱིས་ཚན་རྩལ་རང་ཚུགས་རང་འབད་བྱ་རྒྱུ་དེ་རྒྱལ་ཁབ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་འདེགས་སྐྱོར་དུ་བརྩིས་ནས། རྒྱལ་ཡོངས་ཀྱི་སྒྲིག་སྲོལ་གསར་པ་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་ཇེ་ཆེར་གཏོང་བ། རྨང་གཞིའི་ཞིབ་འཇུག་ལ་ཤུགས་རྒྱག་པ། འགག་རྩའི་ལྟེ་བའི་ལག་རྩལ་འགག་སྒྲོལ་དང་རང་བརྟེན་གསར་གཏོད་བྱེད་པར་སྐུལ་འདེད་གཏོང་བ། ཤེས་བྱའི་བདག་དབང་གསར་སྐྲུན་དང་། སྲུང་སྐྱོབ། བེད་སྤྱོད་བཅས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། གསར་གཏོད་ཅན་གྱི་རྒྱལ་ཁབ་དང་འཛམ་གླིང་གི་ཚན་རྩལ་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་གང་མགྱོགས་བྱས་ཡོད། ཕྱོགས་ཡོངས་ནས་འདོན་སྤྲོད་ཕྱོགས་གྲུབ་ཚུལ་རང་བཞིན་གྱི་སྒྱུར་བཅོས་ལག་བསྟར་བྱས་ནས་ཐོན་ནུས་འདོར་བ་དང་། མཛོད་ཉར་འདོར་བ། བཀན་ཤིང་འདོར་བ། མ་གནས་གཅོག་པ། ཆད་སྐྱོན་སེལ་བ་བཅས་ལ་སྐུལ་འདེད་བཏང་བ་དང་། སྲ་བརྟན་དུ་གཏོང་བ་དང་། ཤུགས་ཆེ་རུ་གཏོང་བ། མཐོ་འདེགས་སུ་གཏོང་བ། ཤར་གཏོང་ཐུབ་པ་བཅས་ཀྱི་བླང་བྱ་དོན་འཁྱོལ་བྱས་ཏེ། བཟོ་སྐྲུན་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་དང་། དེང་རབས་ཀྱི་ཐོན་ལས་མ་ལག་འཕེལ་རྒྱས་མགྱོགས་སུ་གཏོང་བ། དངོས་གཞིའི་དཔལ་འབྱོར་སྟོབས་ཆེར་སྤེལ་བ། གྲངས་ཀའི་དཔལ་འབྱོར་འཕེལ་རྒྱས་གཏོང་བ་བཅས་བྱས་ཡོད། སྤྱི་ཁོག་དཔལ་འབྱོར་བཅོས་སྐྱོང་འཐུས་ཚང་དུ་བཏང་ནས། སྤྱི་ཁོག་སྙོམ་སྒྲིག་གི་བསམ་ཕྱོགས་དང་བྱེད་སྟངས་གསར་གཏོད་དང་། སྤྱི་ཁོག་སྲིད་ཇུས་ཀྱི་རང་བདག་རང་བཞིན་ཆེ་རུ་གཏོང་བ། དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་དང་གཟབ་བརླིང་གི་དངུལ་ལོར་སྲིད་ཇུས་ལག་བསྟར། ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད། གློད་སྡོམ་ཟུང་འབྲེལ། ཞབས་ཞུ་ལེགས་སྒྱུར་བཅས་ལ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས། འབྲུ་རིགས་ཀྱི་བདེ་འཇགས་དང་། ནུས་ཁུངས་དང་ཐོན་ཁུངས་ཀྱི་བདེ་འཇགས། ཐོན་ལས་མུ་ཕྲེང་དང་མཁོ་སྤྲོད་མུ་ཕྲེང་གི་བདེ་འཇགས་བཅས་ལ་འགན་སྲུང་། དངོས་གཞིའི་དཔལ་འབྱོར་ལ་དངུལ་རྩས་ཞབས་འདེགས་ཞུ་བ་རྒྱུན་འཁྱོངས་དང་། དངུལ་རྩའི་ལྟ་སྐུལ་དོ་དམ་ལ་ཕྱོགས་ཡོངས་ནས་ཤུགས་བརྒྱབ་ནས་དཔལ་འབྱོར་དང་དངུལ་རྩའི་ཁྱབ་ཁོངས་ཀྱི་ཉེན་ཁ་སྔོན་འགོག་དང་སེལ་ཐབས་བྱེད་པ། ཚོང་རའི་ལྟ་སྐུལ་དོ་དམ་དང་སྒེར་སྡེམ་ལ་རྒོལ་བའི་སྲོལ་ལུགས་ནན་དུ་བཏང་ནས་མ་རྩ་གོ་རིམ་མེད་པར་རྒྱ་སྐྱེད་གཏོང་བར་སྔོན་འགོག་བྱེད་པ། ཚོང་རའི་སྒྲིག་ལམ་སྲུང་སྐྱོང་དང་། ཚོང་རའི་བྱེད་པོ་དང་ལྷག་པར་དུ་ཁེ་ལས་འབྲིང་ཆུང་ཕྲན་གསུམ་གྱི་གསོན་ཤུགས་སྤེལ་བ་བཅས་བྱས་པ་བརྒྱུད་ནས་རྒྱ་ཆེའི་ངལ་རྩོལ་པ་དང་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་བྱས་ཡོད། ཏང་གིས་ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་གྱིས་པེ་ཅིན་ཐེན་ཅིན་ཧོ་པེ་གསུམ་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བ་དང་། འབྲི་ཆུའི་དཔལ་འབྱོར་རྒྱུད་འཕེལ་རྒྱས་གཏོང་བ། ཡུའེ་ཀང་ཨའོ་ཁུག་ཆེན་ཁུལ་འཛུགས་སྐྲུན་བྱེད་པ། འབྲི་ཆུའི་ཟུར་གསུམ་ཁུལ་གཞི་གཅིག་ཏུ་འཕེལ་རྒྱས་གཏོང་བ་དང་། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་གཏོང་བ་དང་། ཚད་གཞི་མཐོན་པོ་དང་སྤུས་ཚད་མཐོན་པོའི་སྒོ་ནས་ཞུང་ཨན་ཁུལ་གསར་འཛུགས་སྐྲུན་བྱེད་པ། ནུབ་རྒྱུད་གསར་སྤེལ་ཆེན་པོར་རྣམ་པ་གསར་པ་ཆགས་པར་སྐུལ་འདེད་གཏོང་བ། བྱང་ཤར་དར་རྒྱས་ལ་ཐོད་བརྒལ་གསར་པ་ཡོང་བར་སྐུལ་འདེད་གཏོང་བ། དབུས་རྒྱུད་ས་ཁུལ་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ། ཤར་རྒྱུད་ས་ཁུལ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གང་མགྱོགས་གཏོང་བར་བསྔགས་སྐུལ་བྱེད་པ། གསར་བརྗེའི་གནས་རྙིང་ཁུལ་དང་། མི་རིགས་ས་ཁུལ། མཐའ་མཚམས་ས་ཁུལ། དབུལ་ཕོངས་ས་ཁུལ་བཅས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བར་རྒྱབ་སྐྱོར་བཅས་བྱས་ཡོད། མི་གཙོ་བོར་འཛིན་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་དཔེ་གསར་འཛུགས་པའི་གོམ་སྟབས་མགྱོགས་སུ་གཏོང་བ་དང་། གྲོང་ཁྱེར་འཆར་འགོད་དང་། འཛུགས་སྐྲུན། དོ་དམ་བཅས་ལ་ཤུགས་བརྒྱབ་ཡོད། ཏང་གིས་ཐོག་མཐའ་བར་གསུམ་དུ་“ཞིང་གསུམ་”གྱི་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་ཏང་ཡོངས་ཀྱི་ལས་ཀའི་གལ་ཆེན་ནང་གི་འགངས་ཆེན་དུ་བཟུང་ནས། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པ་དང་། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གང་མགྱོགས་གཏོང་བ། འབྲུ་རིགས་ས་ཞིང་ལས་གསོག་པ་དང་འབྲུ་རིགས་ལག་རྩལ་ལས་གསོག་པ་རྒྱུན་འཁྱོངས། རྨོ་ཞིང་སྲུང་སྐྱོང་གི་ལམ་ལུགས་ནན་ཤོས་ལག་བསྟར། སོན་ལས་ཚན་རྩལ་རང་ཚུགས་རང་འབད་དང་། སོན་ཁུངས་རང་བདག་གིས་ཚོད་འཛིན་ཐུབ་པར་སྐུལ་འདེད་བཅས་བྱས་ཏེ། ཀྲུང་གོ་བའི་འཚོ་རྟེན་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་ཐུབ་པའི་འགན་ལེན་ཏན་ཏིག་བྱས་ཡོད།
    ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ།  རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་དོ་མཉམ་རང་བཞིན་དང་། མཐུན་སྦྱོར་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་། རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་བརྒྱ་ཡི་འགག་སྒོ་ཆེན་པོ་ལས་བརྒལ་ཡོད། མི་རེའི་ཆ་སྙོམས་ཀྱི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ཨ་སྒོར་ཁྲི་གཅིག་ལས་བརྒལ་ཡོད། རྒྱལ་ཁབ་ཀྱི་དཔལ་འབྱོར་དངོས་ཤུགས་དང་། ཚན་རྩལ་དངོས་ཤུགས། ཕྱོགས་བསྡུས་རྒྱལ་སྟོབས་བཅས་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད། རང་རྒྱལ་གྱི་དཔལ་འབྱོར་སྔར་བས་སྤུས་ཚད་མཐོན་པོ་དང་། སྔར་བས་ལས་ཆོད་ཆེ་བ། སྔར་བས་དྲང་སྙོམས་ཡིན་པ། སྔར་བས་རྒྱུན་མཐུད་ཐུབ་པ། སྔར་བས་བདེ་འཇགས་ཡིན་པ་བཅས་ཀྱི་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱོད་ཡོད།

 (བཞི།) ཕྱོགས་ཡོངས་ནས་སྒྱུར་བཅོས་སྒོ་འབྱེད་ཟབ་སྤེལ་བྱེད་པའི་ཐད། 
    ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་རྗེས། རང་རྒྱལ་གྱི་སྒྱུར་བཅོས་སྒོ་འབྱེད་ཀྱིས་ཟིལ་རླབས་དགུང་དུ་འཕྱུར་བ་ལྟ་བུའི་ལོ་རྒྱུས་འགྲོ་ལམ་བརྒྱུད་དེ་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་བླངས་ཡོད། ལག་ལེན་གྱི་འཕེལ་རྒྱས་དང་བསྟུན་ནས། གཏིང་རིམ་གྱི་སྒྲིག་སྲོལ་དང་ལམ་སྲོལ་གྱི་གནད་དོན་དང་ཁེ་ཕན་སྲ་འགྱུར་གྱི་བཀག་རྒྱ་ཉིན་བཞིན་མངོན་གསལ་དོད་པོར་གྱུར་ནས་སྒྱུར་བཅོས་དེ་འགག་སྒྲོལ་དུས་རིམ་དང་ཆུ་གཏིང་ཟབ་སར་སླེབས་ཡོད། ཏང་ཀྲུང་དབྱང་ལ་ངོས་འཛིན་ཟབ་མོ་བྱུང་དོན། ལག་ལེན་གྱི་འཕེལ་རྒྱས་ལ་ནམ་ཡང་རྫོགས་མཐའ་མེད་པ་དང་། བསམ་བློ་བཅིངས་འགྲོལ་གཏོང་བར་ནམ་ཡང་རྫོགས་མཐའ་མེད་པ། སྒྱུར་བཅོས་སྒོ་འབྱེད་བྱེད་པ་ལའང་ནམ་ཡང་རྫོགས་མཐའ་མེད་པ་དང་། སྒྱུར་བཅོས་ནམ་ཡང་བྱེད་བཞིན་པའི་ལམ་དུ་ཡོད་པ་ལས་མཇུག་སྒྲིལ་བའི་དུས་མེད་ཅིང་། མཚམས་འཇོག་པ་དང་ཕྱིར་བཤོལ་བྱེད་པར་ཐར་ལམ་མེད་པས། ངེས་པར་དུ་ཆབ་སྲིད་ཀྱི་བློ་སྤོབས་དང་བློ་གྲོས་སྔར་བས་ཆེན་པོར་བརྟེན་ནས་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་སྤེལ་བར་སྐུལ་འདེད་གཏོང་བ་དང་། དཀའ་བ་དང་དུ་ལེན་ཕོད་པ་དང་། ཉེན་ཁ་ལས་སྒྲོལ་ཕོད་པ། ལམ་ལུགས་འཛུགས་སྐྲུན་མངོན་གསལ་དོད་པ། སྒྱུར་བཅོས་ཀྱི་ཟུང་འབྲེལ་རང་བཞིན་དང་འབྲེལ་མཐུད་རང་བཞིན་ལ་སྣང་ཆེན་གྱིས་ལག་ལེན་དངོས་ཀྱི་ཐོག་ནས་སྒྱུར་བཅོས་ལ་སྐུལ་འདེད་བཏང་སྟེ། ཕྱོགས་གང་ཅིའི་སྒྲིག་སྲོལ་དང་ལམ་སྲོལ་གྱི་ཞན་ཆ་ནུས་ལྡན་ངང་སེལ་ཐབས་བྱེད་དགོས།
    ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་དཔལ་འབྱོར་སྒྲིག་སྲོལ་དང་། ཆབ་སྲིད་སྒྲིག་སྲོལ། རིག་གནས་སྒྲིག་སྲོལ། སྤྱི་ཚོགས་སྒྲིག་སྲོལ། སྐྱེ་ཁམས་དཔལ་ཡོན་སྒྲིག་སྲོལ། རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་དང་ཏང་འཛུགས་སྐྲུན་གྱི་ལམ་ལུགས་སྒྱུར་བཅོས་བཅས་བྱ་རྒྱུའི་ཐད་བཀོད་སྒྲིག་བྱས་ཏེ། ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་སྤེལ་བའི་སྤྱིའི་དམིགས་འབེན་དང་། འཐབ་ཇུས་ཀྱི་གཙོ་གནད། དམིགས་བསལ་གྱི་གོ་རིམ། གཙོ་རྒོལ་གྱི་ཁ་ཕྱོགས། ལས་ཀའི་ལམ་སྲོལ། སྐུལ་འདེད་གཏོང་སྟངས་དང་དུས་ཚོད་རེའུ་མིག ལམ་ཐིག་རི་མོ་བཅས་གཏན་འབེབས་བྱས་ཡོད། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ནི་དུས་རབས་འབྱེད་པའི་ཚོགས་འདུ་ཞིག་ཡིན་ཞིང་། སྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་དུས་སྐབས་གསར་པ་བཏོད་ཡོད། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དེ་ཡང་དུས་རབས་འབྱེད་པའི་ཚོགས་འདུ་ཞིག་ཡིན་ཞིང་། སྒྱུར་བཅོས་དེ་ཉིད་ཆ་ཤས་ནས་འཚོལ་ཞིབ་བྱེད་པ་དང་འགག་གཏོར་ལམ་གཤག་བྱེད་པ་ནས་མ་ལག་འདུས་གྲུབ་དང་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་འཕོ་འགྱུར་མངོན་འགྱུར་བྱུང་སྟེ། རང་རྒྱལ་གྱི་སྒྱུར་བཅོས་སྒོ་འབྱེད་ཀྱི་རྣམ་པ་གསར་པ་བཏོད་ཡོད།
ཏང་གིས་སྒྱུར་བཅོས་ཀྱི་ཁ་ཕྱོགས་ཡང་དག་པ་རྒྱུན་འཁྱོངས་ཀྱིས་སྤྱི་ཚོགས་དྲང་སྙོམས་དྲང་བདེན་ཡོང་བར་སྐུལ་སྤེལ་གཏོང་བ་དང་། མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དེ་ཀུན་སློང་དང་དམིགས་ཡུལ་དུ་བཟུང་ནས། གནད་དོན་ཁྲིད་ཕྱོགས་སུ་འཛིན་པ་གཙིགས་སུ་འཛིན་པ་དང་། གོམ་གང་མདུན་སྤོས་ཀྱིས་བསམ་བློར་བཅིངས་འགྲོལ་གཏོང་བ་དང་། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་བ། སྤྱི་ཚོགས་ཀྱི་གསོན་ཤུགས་བཅིངས་འགྲོལ་དང་ཆེ་རུ་སྤེལ་བ་བཅས་ལ་དམིགས་ནས། རྩེ་རིམ་ཇུས་འགོད་དང་སྤྱི་ཡོངས་ཇུས་འགོད་ལ་ཤུགས་རྒྱག་པ་དང་། སྒྱུར་བཅོས་ཀྱི་མ་ལག་རང་བཞིན་དང་། སྤྱི་ཡོངས་རང་བཞིན། མཉམ་སྒྲུབ་རང་བཞིན་བཅས་ཤུགས་ཆེར་གཏོང་བ། མི་དམངས་ཀྱི་གསར་གཏོད་སྙིང་སྟོབས་སྐུལ་སློང་བྱེད་པ་བཅས་ཀྱིས་ཁྱབ་ཁོངས་གལ་ཆེན་དང་འགག་རྩའི་ལྷུ་ཚིགས་ཀྱི་སྒྱུར་བཅོས་ཏན་ཏིག་དང་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བྱས་ཡོད། ཏང་གིས་སྒྱུར་བཅོས་དེ་ཕྱོགས་ཡོངས་ནས་ཤུགས་རྒྱག་པ་དང་། གནད་འགག་མང་པོ་སྒྲོལ་བ། གོམ་སྟབས་མགྱོགས་ལ་བརྟན་པོར་སྤོ་བ། རྒྱ་ཆེ་ཞིང་གཏིང་ཟབ་མོར་སྤེལ་བ་བཅས་ལ་སྐུལ་འདེད་བཏང་ནས། རྨང་གཞི་འདིང་བ་དང་སྒྲོམ་གཞི་བཟོ་བ་ནས་ཕྱོགས་ཡོངས་ནས་སྐུལ་འདེད་དང་རྨང་ཚུགས་སྟོབས་འཕེལ་བྱུང་བ་དང་། དེ་ནས་མ་ལག་འདུས་གྲུབ་དང་མཐུན་སྦྱོར་ཆོད་ཆེར་གྱུར་པས། ཁྱབ་ཁོངས་ཁག་གི་རྨང་གཞིའི་རང་བཞིན་གྱི་ལམ་ལུགས་ཀྱི་གཞི་སྒྲོམ་གཞི་རྩའི་ཆ་ནས་གཏན་ལ་ཕབ་པ་དང་། ཁྱབ་ཁོངས་མང་པོར་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་དང་། མ་ལག་རང་བཞིན་གྱི་བསྐྱར་བཟོ། སྤྱི་ཡོངས་རང་བཞིན་གྱི་བསྐྱར་སྒྲིག་བཅས་མངོན་འགྱུར་བྱུང་ཡོད།
    ཏང་ཀྲུང་དབྱང་ལ་ངོས་འཛིན་ཟབ་མོ་བྱུང་དོན། སྒོ་འབྱེད་བྱས་ན་ཡར་ཐོན་ཡོང་བ་དང་། བཀག་སྡོམ་བྱས་ན་རྗེས་ལུས་ཐེབས་ངེས་ཡིན་པ་དང་། རང་རྒྱལ་གྱི་འཕེལ་རྒྱས་ལ་དགེ་མཚན་དང་། རང་འགུལ། འབྱུང་འགྱུར་བཅས་འཐོབ་པར་བྱེད་དགོས་ན། ངེས་པར་དུ་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བ་དང་བསྟུན་དགོས་པ་དང་། རང་རྒྱལ་གྱི་ཚད་བརྒལ་གཞི་ཁྱོན་ཆེ་བའི་ཚོང་རའི་དགེ་མཚན་ལ་བརྟེན་ནས། སྔར་བས་ཧུར་བརྩོན་དང་རང་འགུལ་གྱི་སྒོ་འབྱེད་འཐབ་ཇུས་ལག་བསྟར་བྱེད་དགོས། རང་རྒྱལ་གྱིས་མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་བྱེད་པ་རྒྱུན་འཁྱོངས་སྒོས་“རྒྱུད་གཅིག་ལམ་གཅིག་”མཉམ་སྐྲུན་གྱི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་། ལམ་རྒྱུད་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་བཅོས་གཏོང་བ་དང་འབྲེལ་བ་ཡོད་པའི་མཉམ་ལས་ལས་གཞི་འབོར་ཆེན་ཞིག་ལ་སྐུལ་འདེད་བཏང་ནས། ཞི་བདེའི་འགྲོ་ལམ་དང་། དར་རྒྱས་ཀྱི་འགྲོ་ལམ། སྒོ་འབྱེད་ཀྱི་འགྲོ་ལམ། ལྗང་མདོག་གི་འགྲོ་ལམ། གསར་གཏོད་ཀྱི་འགྲོ་ལམ། ཤེས་དཔལ་གྱི་འགྲོ་ལམ་བཅས་འཛུགས་སྐྲུན་བྱས་ཏེ། “རྒྱུད་གཅིག་ལམ་གཅིག་”མཉམ་སྐྲུན་བྱ་རྒྱུ་དེ་དེང་སྐབས་འཛམ་གླིང་ཐོག་དགའ་བསུ་ཆེན་པོ་ཐོབ་པའི་རྒྱལ་སྤྱིའི་སྤྱི་པའི་ཐོན་རྫས་དང་རྒྱལ་སྤྱིའི་མཉམ་ལས་སྟེགས་བུར་འགྱུར་བར་བྱས་ཡོད། རང་རྒྱལ་གྱིས་ཕྱི་ནང་གཉིས་ཀར་སྒོ་འབྱེད་རྒྱུར་སྐུལ་འདེད་དང་“ནང་དུ་འདྲེན་པ་”དང་“ཕྱི་རུ་སྐྱོད་པ་”གཉིས་ཟུང་འབྲེལ་སྔར་བས་ལེགས་པོ་བྱེད་པ་རྒྱུན་འཁྱོངས་ཀྱིས་ཉོ་ཚོང་དང་དངུལ་འཇོག་རང་དབང་ཅན་དང་སྟབས་བདེ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། གོ་ལ་ཧྲིལ་པོར་ཁ་ཕྱོགས་པའི་ཚད་གཞི་མཐོ་བའི་རང་མོས་ཉོ་འཚོང་ཁུལ་གྱི་དྲ་བ་འཛུགས་པ་དང་། རང་མོས་ཉོ་འཚོང་ཚོད་ལྟ་ཁུལ་དང་ཧའེ་ནན་རང་མོས་ཉོ་འཚོང་གྲུ་ཁ་འཛུགས་སྐྲུན་བྱེད་པ། སྒྲིག་ལམ་དང་། སྲོལ་ལུགས། དོ་དམ། ཚད་གཞི་སོགས་ལམ་ལུགས་ཅན་གྱི་སྒོ་ནས་སྒོ་འབྱེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས། སྔར་ལས་ཆེ་བའི་གཞི་ཁྱོན་དང་། སྔར་ལས་ཡངས་པའི་ཁྱབ་ཁོངས། སྔར་ལས་ཟབ་པའི་བང་རིམ་བཅས་ཀྱི་ཐོག་ནས་ཕྱི་ཕྱོགས་ལ་སྒོ་འབྱེད་པའི་རྣམ་པ་ཆགས་པར་བྱེད་པ་དང་། གཉིས་ཕན་མཉམ་ཁེ་དང་། རྒྱུ་མང་དོ་མཉམ། བདེ་འཇགས་ནུས་ཆེ་བཅས་ཀྱི་སྒོ་འབྱེད་ཅན་གྱི་དཔལ་འབྱོར་མ་ལག་བཙུགས་ཏེ། རང་རྒྱལ་གྱི་རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་དང་འགྲན་རྩོད་ཀྱི་དགེ་མཚན་གསར་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད།
    ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ།  ཏང་གིས་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་སྤེལ་རྒྱུ་དེ་རྒྱུན་ཆད་མེད་པར་རྒྱ་ཆེ་བ་དང་གཏིང་ཟབ་པའི་ཕྱོགས་སུ་སྐུལ་འདེད་གཏོང་བར་ཤུགས་བརྒྱབ་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་སྔར་བས་གནད་སྨིན་འཐུས་ཚང་དང་སྔར་བས་ངེས་གཏན་བྱུང་ཡོད། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་སྐྱེ་སྟོབས་དང་གསོན་ཤུགས་གསར་པ་འཕེལ་བཞིན་ཡོད།

(ལྔ།) ཆབ་སྲིད་འཛུགས་སྐྲུན་ཐད། 
    སྒྱུར་བཅོས་སྒོ་འབྱེད་བྱས་རྗེས། ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་ཀྱི་འགྲོ་ལམ་རྒྱུན་འཁྱོངས་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་འཕེལ་རྒྱས་གཏོང་བར་འཕེལ་ཀ་ཆེན་པོ་ཐོབ་ཡོད། ཏང་གིས་རྒྱལ་ཁབ་ཕྱི་ནང་གི་ཆབ་སྲིད་འཕེལ་རྒྱས་ཀྱི་རྒྱལ་ཕམ་ཐོབ་ཤོར་གྱི་ཁྲོད་ངོས་འཛིན་གཏིང་ཟབ་བྱུང་དོན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཀྱི་གདེང་ཚོད་བརྟན་དུ་གཏོང་དགོས་ན་ཐོག་མར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ལམ་ལུགས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་འཛུགས་སྐྲུན་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་དཔལ་ཡོན་གོང་དུ་སྤེལ་བ་བཅས་ཀྱིས་ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ལམ་ལུགས་དེ་ཀྲུང་གོའི་སྤྱི་ཚོགས་ཀྱི་ས་ཞིང་གཤིན་པོར་རྩ་བ་ཟབ་མོ་ཚུགས་ཐུབ་པ་བྱེད་དགོས་པ་ལས། རྒྱལ་ཁབ་གཞན་གྱི་ཆབ་སྲིད་ལམ་ལུགས་ཇི་མ་ཇི་བཞིན་འདྲ་སྤོ་དང་འདྲ་བཤུ་བྱས་ན་མི་འགྲིག་པ་དང་། ཐ་ན་རྒྱལ་ཁབ་ཀྱི་མདུན་ལམ་དང་ལས་དབང་འཕུང་ལ་སྦྱོར་སྲིད། ངེས་པར་དུ་ཏང་གི་འགོ་ཁྲིད་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་ཟུང་འབྲེལ་དམ་ཚགས་བྱེད་པ་རྒྱུན་འཁྱོངས་སྒོས་བརྒྱུད་རིམ་ཧྲིལ་པོར་མི་དམངས་དམངས་གཙོ་འཕེལ་རྒྱས་ཧུར་ཐག་གཏོང་བ་དང་། ཁྱོན་ཡོངས་དང་། རྒྱ་ཁྱབ། འབྲེལ་མཐུད་དམ་ཟབ་བཅས་ཀྱི་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་བ་དང་། སྣ་མང་དང་། ཤར་བགྲོད། གོ་རིམ་ལྡན་པ་བཅས་ཀྱི་དམངས་གཙོའི་ཐབས་ལམ་འཛུགས་པ། དམངས་གཙོའི་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། རིམ་པ་ཁག་དང་ཁྱབ་ཁོངས་ཁག་ཏུ་མི་དམངས་གོ་རིམ་ལྡན་པའི་སྒོ་ནས་ཆབ་སྲིད་ནང་ཐེ་ཞུགས་བྱེད་རྒྱ་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཕྱོགས་ཁག་གི་ལམ་ལུགས་དང་རྒྱལ་ཁབ་བཅོས་སྐྱོང་གིས་མི་དམངས་ཀྱི་འདོད་བློ་སྔར་བས་ལེགས་པར་མཚོན་པ་དང་། མི་དམངས་ཀྱི་ཁེ་དབང་འགན་སྲུང་། མི་དམངས་ཀྱི་གསར་གཏོད་སྐུལ་སློང་བཅས་བྱེད་དགོས། ནུབ་ཕྱོགས་ཀྱི་“ཁྲིམས་སྲིད་”ཟེར་བ་དང་། ཏང་མང་རེས་སྐོར་གྱི་སྲིད་དབང་སྐྱོང་བ། “དབང་གསུམ་ལོགས་འཛུགས་”སོགས་ཆབ་སྲིད་ཀྱི་བསམ་པའི་རླབས་རྒྱུན་གྱིས་བསླད་སྐྱོན་གཏོང་བར་ངེས་པར་དུ་དོགས་ཟོན་དང་སྔོན་འགོག་བྱེད་དགོས།
    ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་ཏང་གིས་ཡུན་རིང་སྲིད་དབང་སྐྱོང་བ་དང་རྒྱལ་ཁབ་ཡུན་རིང་བདེ་འགོད་ཡོང་བར་དམིགས་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྤྱིའི་ཇུས་འགོད་གནང་བར་སྐུལ་འདེད་གཏོང་བ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་འདེགས་སྐྱོར་བྱེད་པའི་རྩ་བའི་ལམ་ལུགས་དང་། གཞི་རྩའི་ལམ་ལུགས། གལ་ཆེའི་ལམ་ལུགས་བཅས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་རྒྱུ་གཙོ་གནད་དུ་བཟུང་ནས་བཀོད་སྒྲིག་བྱས་ཡོད། ཏང་ཀྲུང་དབྱང་གིས་ནན་བཤད་བྱས་དོན། ངེས་པར་དུ་མི་དམངས་ཀྱི་བྱེད་པོའི་གོ་གནས་རྒྱུན་འཁྱོངས་བྱེད་དགོས་པ་དང་། མི་དམངས་ཀྱིས་ཁྲིམས་ལྟར་དམངས་གཙོས་འདེམས་བསྐོ་དང་། དམངས་གཙོས་གྲོས་མོལ། དམངས་གཙོས་ཇུས་གཅོད། དམངས་གཙོས་དོ་དམ། དམངས་གཙོས་ལྟ་སྐུལ་བཅས་བྱེད་པར་འགན་ལེན་བྱེད་དགོས། ཏང་གིས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། མི་དམངས་ཀྱིས་མི་དམངས་འཐུས་མིའི་ཚོགས་ཆེན་བརྒྱུད་དེ་རྒྱལ་ཁབ་ཀྱི་དབང་ཆ་སྤྱོད་པར་རྒྱབ་སྐྱོར་དང་འགན་ལེན། མི་དམངས་འཐུས་ཚོགས་ཀྱིས་ཁྲིམས་ལྟར་ཁྲིམས་འཛུགས་ཀྱི་དབང་ཆ་དང་། ལྟ་སྐུལ་གྱི་དབང་ཆ། ཐག་གཅོད་ཀྱི་དབང་ཆ། བསྐོ་འཐེན་གྱི་དབང་ཆ་བཅས་སྤྱོད་པར་རྒྱབ་སྐྱོར་དང་འགན་ལེན། འདེམས་ཤོག་འཕེན་སྐུལ་དང་རྔན་བསླུས་འདེམས་བསྐོའི་གྱོད་གཞི་འཕྲལ་ཐག་ཆོད་པོས་ཞིབ་གཅོད་བྱེད་པ། མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་ཀྱི་དབང་གྲགས་དང་ཟིལ་ཤུགས་སྲུང་སྐྱོང་བྱས་ཏེ། མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་ཀྱི་རྩ་བའི་ཆབ་སྲིད་ལམ་ལུགས་ཀྱི་ནུས་པ་འདོན་སྤེལ་བྱས་ཡོད། ཏང་གིས་ཀྲུང་གོའི་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་། དམངས་གཙོའི་ཏང་ཤོག་ཀྲུང་དབྱང་གིས་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་ཚུལ་ལ་ཆེད་དོན་ལྟ་སྐུལ་བྱེད་པ་དང་། ཀྲུང་གུང་ཀྲུང་དབྱང་ལ་ཐད་ཀར་གྲོས་འགོ་འདོན་པ་སོགས་ཀྱི་ལམ་ལུགས་འཐུས་ཚང་དུ་གཏོང་བ། མི་དམངས་སྲིད་གྲོས་ཀྱི་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ལམ་ལུགས་འཛུགས་སྐྲུན་ལ་ཤུགས་བརྒྱབ་སྟེ། སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོ་ཁྱབ་ཆེ་ལ་རིམ་པ་མང་བ་དང་ལམ་ལུགས་ཅན་དུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་གྲོས་མོལ་དམངས་གཙོའི་མ་ལག་ཆགས་ཡོད། ཏང་གིས་གཞི་རིམ་གྱི་སྲིད་དབང་སྲ་བརྟན་དུ་གཏོང་བ་རྒྱུན་འཁྱོངས་དང་། གཞི་རིམ་གྱི་དམངས་གཙོའི་ལམ་ལུགས་འཐུས་ཚང་དུ་གཏོང་བ། ལས་སྒྲུབ་ཡོངས་བསྒྲགས་ལམ་ལུགས་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། མི་དམངས་ཀྱི་གནས་ཚུལ་ཤེས་དབང་དང་། ཐེ་ཞུགས་བྱེད་དབང་། བསམ་ཚུལ་བརྗོད་དབང་། ལྟ་སྐུལ་བྱེད་དབང་བཅས་འགན་སྲུང་བྱས་ཡོད། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་། མི་དམངས་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས། ལེགས་སྒྱུར་དང་མཐུན་སྦྱོར་ནུས་ཆེ་ཡོང་བར་བྱེད་པ་རྒྱུན་འཁྱོངས། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་རྒྱུན་འཁྱོངས་བཅས་བྱེད་པའི་རྩ་དོན་ལྟར། ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་སྒྱུར་བཅོས་ཕྱོགས་ཡོངས་ནས་ཟབ་ཏུ་བཏང་སྟེ། ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞིའི་འགན་ནུས་མ་ལག་རང་བཞིན་དང་སྤྱི་ཡོངས་རང་བཞིན་གྱི་བསྐྱར་སྒྲིག་མངོན་འགྱུར་བྱུང་ཡོད། ཏང་གིས་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་འགྲོ་ལམ་ཡང་དག་ཐོག་སྐྱོད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དེ་ཏང་གི་མི་རིགས་ལས་དོན་གྱི་གཙོ་རྐང་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དང་ཞིན་སྐྱོང་མཛད་ཇུས་གཏན་འཁེལ་དང་། འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་བཏང་ནས། མི་རིགས་ཁག་མཉམ་དུ་མཐུན་སྒྲིལ་འབད་འཐབ་དང་མཉམ་དུ་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་སྤེལ་བཏང་ཡོད། ཏང་གིས་ཆོས་ལུགས་ལས་དོན་སྐོར་གྱི་ཏང་གི་གཞི་རྩའི་བྱེད་ཕྱོགས་རྒྱུན་འཁྱོངས་དང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱས་ཡོད། ཏང་གིས་འཐབ་ཕྱོགས་གཅིག་གྱུར་ཆེན་པོའི་ལས་ཀའི་བཀོད་པ་འཐུས་ཚང་དུ་བཏང་ནས། མཐུན་ཆ་ཆེ་ཤོས་འཚོལ་བ་དང་། མཚུངས་ཆོས་མང་ཤོས་དོན་དུ་གཉེར་བ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བའི་སྟོབས་ཤུགས་ཆེན་པོ་ཆགས་པ་བྱས་ཡོད། ཏང་གིས་ཆབ་སྲིད་རང་བཞིན་དང་། སྔོན་ཐོན་རང་བཞིན། མང་ཚོགས་རང་བཞིན་བཅས་ཇེ་ཆེར་གཏོང་བར་དམིགས་ནས། མང་ཚོགས་ཚོགས་པའི་ལས་དོན་སྒྱུར་བཅོས་དང་གསར་གཏོད་བྱེད་པར་སྐུལ་འདེད་བཏང་སྟེ། བཟོ་ཚོགས་དང་། གུང་གཞོན་ཚོགས་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་མི་དམངས་ཚོགས་པ་དང་མང་ཚོགས་རྩ་འཛུགས་ཀྱི་ནུས་པ་སྔར་ལས་ལྷག་པར་འདོན་སྤེལ་བྱས་ཡོད། ང་ཚོས་མི་དམངས་ཀྱི་འཚོ་གནས་དབང་ཆ་དང་གོང་སྤེལ་དབང་ཆ་འགན་སྲུང་བྱ་རྒྱུ་གཙོ་བོར་བཟུང་སྟེ་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ཡོད།
    ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ།  རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་ལམ་ལུགས་ཅན་དང་། ཚད་ལྡན་ཅན། གོ་རིམ་ཅན་བཅས་སུ་འགྱུར་བར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་འདོན་སྤེལ་སྔར་ལས་ལེགས་པོ་བྱུང་ཡོད། སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་བརྟན་ལྷིང་མཐུན་སྒྲིལ་གྱི་ཆབ་སྲིད་རྣམ་པ་སྲ་བརྟན་དང་འཕེལ་རྒྱས་བྱུང་ཡོད། 

(དྲུག)  ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཐད།
    སྒྱུར་བཅོས་སྒོ་འབྱེད་བྱས་རྗེས། ཏང་གིས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་རྒྱུན་འཁྱོངས་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཡོད། དུས་མཚུངས་སུ། ཁྲིམས་ཡོད་ཀྱང་མི་བརྩི་བ་དང་། ཁྲིམས་བསྟར་ནན་པོ་མི་བྱེད་པ། ཁྲིམས་འཛིན་དྲང་གཞག་མེད་པ། ཁྲིམས་དང་འགལ་ཡང་རྩད་གཅོད་མི་བྱེད་པ་སོགས་ཀྱི་གནད་དོན་ཚབས་ཆེན་གནས་པ་དང་། ཁྲིམས་འཛིན་རུལ་སུངས་བྱུང་དང་འབྱུང་བཞིན་ཡོད་ཅིང་། ཁྲིམས་བསྟར་ཁྲིམས་འཛིན་མི་སྣ་ཁ་ཤས་ཀྱིས་ཉེར་ཕྱོགས་ཁྲིམས་འགལ་བྱེད་པ་དང་། ཐ་ན་ཉེས་ཅན་ལ་འགེབ་སྲུང་བྱས་སྟབས། ཁྲིམས་སྐྱོང་དབང་གྲགས་ལ་གནོད་འཚེ་ཚབས་ཆེན་ཐེབས་པ་དང་སྤྱི་ཚོགས་ཀྱི་དྲང་སྙོམས་དྲང་བདེན་ལ་གནོད་པ་ཚབས་ཆེན་བཟོས་ཡོད། དབང་ཆ་ནི་“རལ་གྲི་སོ་གཉིས་མ་”ཞིག་དང་འདྲ་ཞིང་། བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ལག་བསྟར་བྱས་ཚེ་མི་དམངས་ལ་བདེ་སྐྱིད་སྐྲུན་ཐུབ་པ་དང་། ཁྲིམས་འགལ་སྒྲིག་འགལ་བྱས་ཚེ་རྒྱལ་ཁབ་དང་མི་དམངས་ལ་ཆག་སྒོ་བཟོ་ངེས་ཡིན་པ་ཏང་ལ་ངོས་འཛིན་གཏིང་ཟབ་བྱུང་ཡོད། ཏང་ཀྲུང་དབྱང་གིས་ནན་བཤད་བྱས་དོན། ཁྲིམས་སྐྱོང་དར་ན་རྒྱལ་ཁབ་དར་བ་དང་། ཁྲིམས་སྐྱོང་ཉམས་ན་རྒྱལ་ཁབ་འཁྲུག་པ་ཡིན། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་དང་འགན་སྲུང་གལ་ཆེན་ཡིན་ལ། རྒྱལ་ཁབ་བཅོས་སྐྱོང་གི་གསར་བརྗེ་གཏིང་ཟབ་ཅིག་ཀྱང་ཡིན། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་རྒྱུན་འཁྱོངས་བྱེད་པར་ཐོག་མར་རྩ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་རྒྱུན་འཁྱོངས་དང་། ཁྲིམས་ལྟར་སྲིད་དབང་སྐྱོང་བ་རྒྱུན་འཁྱོངས་བྱེད་པར་ཐོག་མར་རྩ་ཁྲིམས་ལྟར་སྲིད་དབང་སྐྱོང་བ་རྒྱུན་འཁྱོངས་བྱེད་དགོས། ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འགྲོ་ལམ་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་གི་རིགས་པའི་གཞུང་ལུགས་ལག་བསྟར་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་། ཁྲིམས་ལྟར་སྲིད་དབང་སྐྱོང་བ། ཁྲིམས་ལྟར་སྲིད་དོན་འཛིན་པ་བཅས་ལ་མཉམ་དུ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བཅས་བྱས་ཏེ། ཁྲིམས་སྐྱོང་རྒྱལ་ཁབ་དང་། ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་བཅས་གཞི་གཅིག་ཏུ་འཛུགས་སྐྲུན་བྱ་རྒྱུ་རྒྱུན་འཁྱོངས་སྒོས་སྤྱི་ཚོགས་ཡོངས་ཀྱིས་ཁྲིམས་བཀུར་ཁྲིམས་སྦྱོང་ཁྲིམས་སྲུང་ཁྲིམས་སྤྱོད་བཅས་ཀྱི་འདུ་ཤེས་དང་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་དགོས།
    ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ལས་དོན་ཚོགས་འདུའི་ཐོག་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་གནད་དོན་ལ་ཆེད་དོན་ཞིབ་འཇུག་བྱས་ཤིང་། ཚན་རིག་དང་མཐུན་པར་ཁྲིམས་འཛུགས་དང་། གཟབ་ནན་གྱི་སྒོ་ནས་ཁྲིམས་བསྟར། དྲང་གཞག་གི་སྒོ་ནས་ཁྲིམས་འཛིན། དམངས་ཡོངས་ཀྱིས་ཁྲིམས་སྲུང་བཅས་ལ་དམིགས་ནས་རྩེ་རིམ་ཇུས་འགོད་དང་བཀོད་སྒྲིག་གལ་ཆེན་བྱས་ཏེ། བཅའ་ཁྲིམས་ཀྱི་ཚད་གཞིའི་མ་ལག་དང་། ཁྲིམས་སྐྱོང་ལག་བསྟར་མ་ལག ཁྲིམས་སྐྱོང་ལྟ་སྐུལ་མ་ལག ཁྲིམས་སྐྱོང་འགན་སྲུང་མ་ལག་དང་ཏང་ནང་གི་ཁྲིམས་སྲོལ་མ་ལག་བཅས་འཛུགས་སྐྲུན་བྱེད་པར་གཅིག་འདོམས་ཀྱིས་སྐུལ་འདེད་བཏང་ཡོད།
    ཏང་གིས་ནན་བཤད་བྱས་དོན། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་རྒྱ་ཆེ་ཤོས་དང་གཏིང་ཟབ་ཤོས་ཀྱི་རྨང་གཞི་ནི་མི་དམངས་ཡིན་པས། ངེས་པར་དུ་མི་དམངས་ཀྱི་ཁེ་ཕན་མཚོན་པ་དང་། མི་དམངས་ཀྱི་རེ་འདུན་མཚོན་པ། མི་དམངས་ཀྱི་ཁེ་དབང་སྲུང་སྐྱོང་། མི་དམངས་ཀྱི་བདེ་སྐྱིད་ཆེ་རུ་གཏོང་བ་བཅས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཁྱབ་ཁོངས་ཁག་གི་བརྒྱུད་རིམ་ཡོངས་སུ་དོན་འཁྱོལ་ཡོང་བ་དང་། སྤྱི་ཚོགས་དྲང་སྙོམས་དྲང་བདེན་ཡོང་བར་འགན་སྲུང་དང་སྐུལ་སྤེལ་བཏང་སྟེ། མི་དམངས་མང་ཚོགས་ཀྱིས་བཅའ་ཁྲིམས་ལམ་ལུགས་རེ་རེ་དང་། ཁྲིམས་འཛིན་ཆོད་དོན་རེ་རེ། ཁྲིམས་འཛིན་གྱོད་དོན་རེ་རེ་བཅས་ཀྱི་ཁྲོད་ནས་དྲང་སྙོམས་དྲང་བདེན་ཚོར་ཐུབ་པ་བྱེད་དགོས། ཏང་གིས་འགོ་ཁྲིད་དེ་རྩ་ཁྲིམས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བར་འགན་ལེན་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་ལམ་ལུགས་གཏན་འཁེལ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་སྙིང་སྟོབས་དར་སྤེལ་གཏོང་བ། རྒྱལ་ཁབ་ལས་ཁུངས་ཀྱིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པའི་ནུས་པ་ཆེ་རུ་གཏོང་བ། རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་ཁྲིམས་སྐྱོང་གི་བསམ་བློ་དང་ཁྲིམས་སྐྱོང་གི་བྱེད་ཐབས་སྤྱད་དེ་གནད་དོན་ཐག་གཅོད་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས། སྤྱི་ཚོགས་ཡོངས་ཀྱི་ཁྲིམས་སྐྱོང་འདུ་ཤེས་འཛིན་ཤུགས་ཆེ་རུ་བཏང་ཡོད། རྩ་ཁྲིམས་དག་བཅོས་བྱ་རྒྱུའི་སྐོར་གྱི་འཆར་ཟིན་ལ་གྲོས་འཆམ་བྱུང་ནས། དམངས་དོན་ཁྲིམས་གཞུང་དང་། ཕྱི་འཚོང་དངུལ་འཇོག་སྐོར་གྱི་བཅའ་ཁྲིམས། རྒྱལ་ཁབ་བདེ་སྲུང་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས། ལྟ་ཞིབ་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས་སོགས་གཏན་འབེབས་བཟོས་ཤིང་། ཁྲིམས་འཛུགས་སྐོར་གྱི་བཅའ་ཁྲིམས་དང་། རྒྱལ་སྲུང་སྐོར་གྱི་བཅའ་ཁྲིམས། ཁོར་ཡུག་སྲུང་སྐྱོབ་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས་སོགས་ལ་བཟོ་བཅོས་བརྒྱབ་ཅིང་། གཙོ་གནད་ཁྱབ་ཁོངས་དང་། གསར་དར་ཁྱབ་ཁོངས། ཕྱི་འབྲེལ་ཁྱབ་ཁོངས་བཅས་ཀྱི་ཁྲིམས་འཛུགས་ཤུགས་ཆེ་རུ་བཏང་ནས། རྩ་ཁྲིམས་སྲོག་ཤིང་དུ་གྱུར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་མགྱོགས་མྱུར་འཐུས་ཚང་དུ་བཏང་ཡོད། ཏང་གིས་འགོ་ཁྲིད་དེ་ཁྲིམས་འཛིན་འགན་འཁྲིའི་ལམ་ལུགས་གཙོ་གནད་དུ་འཛིན་པའི་ཁྲིམས་འཛིན་སྒྲིག་སྲོལ་སྒྱུར་བཅོས་ཟབ་སྤེལ་བཏང་ནས་སྲིད་ཁྲིམས་ཁྱབ་ཁོངས་སུ་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་སྤེལ་བྱེད་པར་སྐུལ་འདེད་དང་། ཁྲིམས་བསྟར་ཁྲིམས་འཛིན་བྱེད་སྒོར་ལྟ་སྐུལ་དང་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་དག་ཐེར་སྤེལ་བ། ཁྲིམས་ལྟར་ཉེས་མེད་ཉེས་འགེལ་གྱི་གྱོད་གཞི་ཡོ་བསྲང་བྱེད་པ། ཁྲིམས་བསྟར་ཁྲིམས་འཛིན་གྱི་རུལ་སུངས་ལ་ཆད་པ་ནན་པོ་གཅོད་པ་བཅས་བྱས་ཏེ། ཁྲིམས་བསྟར་དང་། ཁྲིམས་འཛིན། དྲང་གཞག སྤྱོད་གཙང་། ནུས་ཆེ། དབང་གྲགས་ལྡན་པ་བཅས་ཡོང་བར་འགན་ལེན་བྱས་ཡོད།
    ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ།  ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ་དང་། ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་གོམ་སྟབས་བརྟན་པོ་སྤོས་ཤིང་། ཁྲིམས་སྐྱོང་གི་རྩ་བ་བརྟན་པོ་དང་། སྔོན་དཔག་བརྟན་པོ། ཕུགས་ལ་ཕན་པ་བཅས་ཀྱི་འགན་སྲུང་ནུས་པ་སྔར་བས་འདོན་སྤེལ་བྱས་ཏེ། ཏང་གིས་ཁྲིམས་སྐྱོང་བྱེད་ཐབས་སྤྱད་དེ་རྒྱལ་ཁབ་ལ་འགོ་ཁྲིད་དང་བཅོས་སྐྱོང་བྱེད་པའི་ནུས་པ་མངོན་གསལ་ཆེ་རུ་ཕྱིན་ཡོད།

(བདུན།) རིག་གནས་འཛུགས་སྐྲུན་ཐད།
    སྒྱུར་བཅོས་སྒོ་འབྱེད་བྱས་རྗེས། ཏང་གིས་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ཕྱོགས་གཉིས་འཛིན་པ་དང་ཕྱོགས་གཉིས་དམ་འཛིན་བྱེད་པ་རྒྱུན་འཁྱོངས་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་བཏང་བས། མི་རིགས་ཀྱི་སྙིང་སྟོབས་བསྐྱེད་ཅིང་། མི་རིགས་ཀྱི་སྟོབས་ཤུགས་གོང་བུར་འགྲིལ་ཡོད། དུས་མཚུངས་སུ། དངུལ་དད་རིང་ལུགས་དང་། སྐྱིད་འདོད་རིང་ལུགས། རང་དོན་རིང་ལུགས་མཐར་སོན་པ་དང་ལོ་རྒྱུས་དོན་སྟོང་རིང་ལུགས་སོགས་ནོར་འཁྲུལ་གྱི་བསམ་པའི་རླབས་རྒྱུན་ཐོན་དང་འཐོན་བཞིན་པ་དང་། དྲ་ཐོག་ཏུ་གླེང་ཕྱོགས་འདྲ་མིན་སྣ་ཚོགས་བྱུང་དང་འབྱུང་བཞིན་ཡོད་ཅིང་། འགོ་ཁྲིད་ལས་བྱེད་པ་ཁ་ཤས་ཀྱི་ཆབ་སྲིད་ལངས་ཕྱོགས་རབ་རིབ་ཡིན་པ་དང། འཐབ་རྩོད་ཀྱི་སྙིང་སྟོབས་དབེན་སྟབས། མི་རྣམས་ཀྱི་བསམ་བློ་དང་སྤྱི་ཚོགས་ཀྱི་གླེང་ཕྱོགས་ཁོར་ཡུག་ལ་གནོད་པ་ཚབས་ཆེན་བཟོས་ཡོད། ཏང་གིས་འཛམ་གླིང་ཁྱབ་ཁོངས་ནང་གི་བསམ་བློ་དང་རིག་གནས་ཕན་ཚུན་འཁྲུག་པོ་ཡོང་བ་དང་། རང་རྒྱལ་སྤྱི་ཚོགས་ཀྱི་བསམ་བློའི་འདུ་ཤེས་ལ་འགྱུར་ལྡོག་གཏིང་ཟབ་བྱུང་བའི་འཕེལ་ཕྱོགས་གནད་དུ་འཁེལ་བར་ཤེས་རྟོགས་བྱས་ཏེ། འདུ་ཤེས་འཛིན་སྟངས་ཀྱི་ལས་དོན་ནི་རྒྱལ་ཁབ་ཀྱི་སླད་དུ་དམིགས་པའི་ཀུན་སློང་འཛིན་པ་དང་མི་རིགས་ཀྱི་སླད་དུ་དམིགས་པའི་བླ་སྲོག་བསྐྲུན་པའི་ལས་དོན་ཞིག་ཡིན་པ་ནན་བཤད་བྱས་པ་དང་། རིག་གནས་ཀྱི་གདེང་ཚོད་ནི་དེ་བས་རྨང་གཞིར་གྱུར་པ་དང་། དེ་བས་ཁྱབ་ཆེ་བ། དེ་བས་གཏིང་ཟབ་པ་བཅས་ཀྱི་གདེང་ཚོད་ཅིག་དང་། རྒྱལ་ཁབ་ཅིག་དང་མི་རིགས་ཤིག་འཕེལ་རྒྱས་འགྲོ་བའི་ཁྲོད་ཀྱི་ཆེས་གཞི་རྩར་གྱུར་པ་དང་། ཆེས་གཏིང་ཟབ་པ། ཆེས་ཡུན་རིང་ལྡན་པ་བཅས་ཀྱི་སྟོབས་ཤུགས་ཤིག་ཡིན་པས། ཚད་མཐོའི་རིག་གནས་ཀྱི་གདེང་ཚོད་མེད་ཅིང་། རིག་གནས་དར་རྒྱས་གོང་འཕེལ་མེད་ཚེ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་མི་སྲིད། ངེས་པར་དུ་མི་དམངས་ལྟེ་བར་འཛིན་པའི་ལས་ཀའི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། དར་ཆ་སྒྲེང་བ་དང་། དམངས་སེམས་གཅིག་སྒྲིལ། མི་གསར་གསོ་སྐྱོང་། རིག་གནས་དར་སྤེལ། སྣང་བརྙན་མངོན་སྟོན་བཅས་ཀྱི་སྒོ་ནས་འདུ་ཤེས་འཛིན་སྟངས་ཀྱི་ལས་དོན་འགོ་ཁྲིད་དབང་ཆ་དམ་པོར་བཟུང་སྟེ། གོང་བུར་འགྲིལ་ཤུགས་དང་སྣེ་ཁྲིད་ཀྱི་ནུས་ཤུགས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འདུ་ཤེས་འཛིན་སྟངས་འཛུགས་སྐྲུན་དང་། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་རྒྱལ་ཁབ་སྟོབས་ལྡན་འཛུགས་པ། མི་རིགས་ཡོངས་ཀྱི་རིག་གནས་གསར་གཏོད་དང་གསར་སྐྲུན་གྱི་གསོན་ཤུགས་སྐུལ་སློང་། ཀྲུང་གོའི་སྙིང་སྟོབས་དང་། ཀྲུང་གོའི་རིན་ཐང་། ཀྲུང་གོའི་སྟོབས་ཤུགས་བཅས་སྔར་བས་ལེགས་པོར་སྐྲུན་པ་བཅས་བྱས་ནས། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློའི་རྨང་གཞི་སྲ་བརྟན་དུ་གཏོང་དགོས།
    ཏང་གིས་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་སུ་ཏང་གི་འགོ་ཁྲིད་ཉམས་ཞན་དུ་གྱུར་བའི་གནད་དོན་ཤུགས་ཆེན་པོས་ཐག་གཅོད་བྱས་ཏེ། འཛུགས་གཏོར་མཉམ་སྤེལ་དང་ངན་འགོག་བཟང་སྤེལ་གྱི་སྒོ་ནས། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་ཁ་ཕྱོགས་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་གནད་དོན་མང་པོ་བཀོད་སྒྲིག་བྱས་པ་དང་། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་སུ་མར་ཁེ་སིའི་རིང་ལུགས་ཀྱི་སློབ་སྟོན་གོ་གནས་ཀྱི་རྩ་བའི་ལམ་ལུགས་གཏན་འཁེལ་དང་རྒྱུན་འཁྱོངས་བྱས། འདུ་ཤེས་འཛིན་སྟངས་ལས་ཀའི་འགན་འཁྲིའི་ལམ་ལུགས་འཐུས་ཚང་དུ་བཏང་བ་དང་། ཏང་ཡོངས་ཀྱིས་དྲིལ་བསྒྲགས་དང་བསམ་བློའི་ལས་དོན་དམ་འཛིན་བྱེད་པར་སྐུལ་འདེད་བཏང་སྟེ། ས་སྲུང་བའི་འགན་འཁྲི་ཡོད་པ་དང་། ས་སྲུང་བའི་འགན་འཁྲི་འཁུར་བ། ས་སྲུང་བའི་འགན་འཁྲི་གཙང་སྒྲུབ་བཅས་བྱས་པ་དང་། དམ་འཛིན་བྱེད་ཕོད་པ་དང་། དོ་དམ་བྱེད་ཕོད་པ། འཐབ་རྩོད་བྱེད་ཕོད་པ་བཅས་བྱས་ཏེ། ལྟ་བ་གསལ་སྟོན་གྱི་སྒོ་ནས་ལྟ་བ་ནོར་འཁྲུལ་ཅན་སྣ་ཚོགས་ལ་ངོ་རྒོལ་དང་བཀག་འགོག་བྱས་ཡོད། ཏང་གིས་གཞི་སྒྱུར་རྩ་སྒྱུར་ནས་འགོ་བརྩམས་ཏེ་དྲིལ་བསྒྲགས་དང་བསམ་བློའི་ལས་དོན་ལ་ཤུགས་བརྒྱབ་སྟེ། རྒྱལ་ཡོངས་ཀྱི་དྲིལ་བསྒྲགས་དང་བསམ་བློའི་ལས་དོན་ཚོགས་འདུ་སྐོང་འཚོགས་དང་། རིག་རྩལ་ལས་དོན་དང་། ཏང་གི་གསར་འགྱུར་གླེང་ཕྱོགས་ལས་དོན། དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་ལས་དོན། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ལས་དོན་བཅས་ཀྱི་བཞུགས་མོལ་ཚོགས་འདུ་དང་། རྒྱལ་ཡོངས་ཀྱི་སློབ་ཆེན་གྱི་བསམ་བློ་ཆབ་སྲིད་ལས་དོན་གྲོས་ཚོགས་བཅས་སོ་སོར་སྐོང་འཚོགས་བྱས་ཏེ། རྩ་བའི་རང་བཞིན་གྱི་གནད་དོན་རབ་དང་རིམ་པའི་ཐད་ནས་རྩ་དོན་གྱི་ལངས་ཕྱོགས་གསལ་སྟོན་དང་། རིགས་པའི་གཞུང་ལུགས་ཐོག་གི་ཡིན་མིན་གསལ་པོ་བཟོ་བ། ལས་དོན་ཁྲིད་ཕྱོགས་དག་བཅོས་བཅས་བྱས་པས། བསམ་བློ་དང་རིག་གནས་ཀྱི་ཁྱབ་ཁོངས་ཇེ་ལེགས་ཇེ་བཟང་དུ་འཕེལ་བའི་རྣམ་པ་རྒྱུན་ཆད་མེད་པར་འཕེལ་རྒྱས་བྱུང་ཡོད། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་ཏང་ཡོངས་ལ་དྲག་ཆས་སྤྲས་པ་དང་། མི་དམངས་ལ་སློབ་གསོ་གཏོང་བ། ལག་ལེན་ལ་ཁྲིད་སྟོན་བྱེད་པ་བཅས་ལ་སྐུལ་འདེད་བཏང་བ་དང་། མར་ཁེ་སིའི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཞིབ་འཇུག་དང་འཛུགས་སྐྲུན་ཟབ་སྤེལ་བྱས་ཤིང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་རིག་ཚན་མ་ལག་དང་། རིག་གཞུང་མ་ལག སྐད་ཆའི་མ་ལག་བཅས་འཛུགས་སྐྲུན་བྱེད་པར་སྐུལ་སྤེལ་བཏང་ཡོད། སྒྲོག་སྤེལ་བྱེད་ཐབས་འཛུགས་སྐྲུན་དང་གསར་གཏོད་བྱེད་པར་ཚད་མཐོའི་མཐོང་ཆེན་བྱས་ཏེ། སྨྱན་སྦྱོར་མཉམ་འདྲེས་ཐོག་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ཞིང་། གསར་འགྱུར་གླེང་ཕྱོགས་ཀྱི་སྒྲོག་སྤེལ་ནུས་པ་དང་། ཁྲིད་སྟོན་ནུས་པ། ཤུགས་རྐྱེན་བཟོ་ཤུགས། སྤྱི་བའི་ཡིད་ཆེས་འཐོབ་ནུས་བཅས་མཐོ་རུ་བཏང་ཡོད། ཏང་ཀྲུང་དབྱང་གིས་དྲ་སྦྲེལ་གྱི་འགག་གནད་འདི་སྒྲོལ་མ་ཐུབ་ཚེ་དུས་ཡུན་རིང་བོར་སྲིད་སྐྱོང་བའི་འགག་སྒོ་འདི་ལས་སྒྲོལ་མི་ཐུབ་ཅེས་གསལ་བོར་བསྟན་ཡོད།  ཏང་གིས་འདུ་ཤེས་འཛིན་སྟངས་ཀྱི་འཐབ་རྩོད་ཀྱི་འཐབ་ར་གཙོ་བོ་དང་། གཡུལ་ས་གཙོ་བོ། ཆེས་མདུན་ས་བཅས་ཡིན་པའི་དྲ་སྦྲེལ་འདི་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། དྲ་སྦྲེལ་ལ་འགོ་ཁྲིད་དང་དོ་དམ་བྱེད་པའི་སྒྲིག་སྲོལ་འཐུས་ཚང་དུ་བཏང་བ་དང་། ཁྲིམས་ལྟར་དྲ་བ་དོ་དམ་དང་བཅོས་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། དྭངས་གཙང་གི་དྲ་རྒྱའི་བར་སྟོང་བཏོད་ཡོད།
    ཏང་གིས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བས་རིག་གནས་འཛུགས་སྐྲུན་ལ་སྣེ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་དང་། གསར་བརྗེའི་རིག་གནས། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་བཅས་ལ་བརྟེན་ནས་སྲོག་རྩ་འཛུགས་པ་དང་བླ་སྲོག་སྐྱེད་པར་དོ་སྣང་བྱས་ཤིང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དང་ཀྲུང་གོའི་ཕུགས་འདུན་དྲིལ་བསྒྲགས་བྱེད་པའི་སློབ་གསོ་རྒྱ་ཁྱབ་ཏུ་སྤེལ་བ་དང་། ཕུགས་བསམ་དང་དེད་སེམས་ཀྱི་སློབ་གསོ་གཏོང་རྒྱུ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། བསམ་བློ་དང་ཆབ་སྲིད་ཀྱི་ལས་ཀའི་མ་ལག་འཐུས་ཚང་དུ་གཏོང་བ། ཏང་དང་རྒྱལ་ཁབ་ཀྱི་མཛད་རྗེས་མཚན་སྙན་གཟེངས་བསྟོད་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། སྔོན་གཤེགས་དཔའ་བོའི་དྲན་གསོ་ཉིན་མོ་འཛུགས་པ། མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ཟབ་སྤེལ། དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ལྟེ་གནས་འཛུགས་སྐྲུན། སློབ་སྦྱོང་ཅན་གྱི་རྒྱལ་ཁབ་ཆེན་པོ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཡོད། ཏང་གིས་ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། སྒྱུར་བཅོས་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་སློབ་སྦྱོང་བྱེད་པར་སྐུལ་འདེད་གཏོང་བ་དང་། ཀྲུང་གོའི་གུང་ཁྲན་ཏང་གི་ལོ་རྒྱུས་འགྲེམ་སྟོན་ཁང་བསྐྲུན་པ། ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་འཁོར་བ། ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་ངོ་དགུ་བཅུ་འཁོར་བ། སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་ངོ་བཞི་བཅུ་འཁོར་བ་བཅས་ལ་རྟེན་འབྲེལ་ཞུ་བ་དང་། ཀྲུང་གོའི་མི་དམངས་ཀྱི་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཞི་སིར་རྒོལ་བའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་བདུན་ཅུ་འཁོར་བ། ཀྲུང་གོའི་མི་དམངས་དང་བླངས་དམག་གིས་རྒྱལ་ཕྱིར་བསྐྱོད་ནས་ཨ་འགོག་ཁྲའོ་རོགས་ཀྱི་དམག་འཐབ་བྱས་ནས་ལོ་ངོ་བདུན་ཅུ་འཁོར་བར་དྲན་གསོ་ཞུ་བ་སོགས་ཀྱི་བྱེད་སྒོ་སྤེལ་བ་བཅས་བརྒྱུད་ནས། ཏང་སེམས་དང་དམངས་སེམས་དང་། རྒྱལ་ཁབ་དང་དམག་དཔུང་གི་རྔམ་བརྗིད་གང་ལེགས་མངོན་ཞིང་། སྤྱི་ཚོགས་ཡོངས་སུ་བརྗོད་དོན་གཙོ་བོ་དར་ཁྱབ་བཏང་བ་དང་དྲང་ནུས་དར་སྤེལ་བཏང་ཡོད། ཏང་གིས་སྤྱི་ཚོགས་ཀྱི་ཕན་འབྲས་ཨང་དང་པོར་འཇོག་པ་དང་། སྤྱི་ཚོགས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས་ཕན་ཚུན་གཅིག་གྱུར་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་ཕྱོགས་ཡོངས་ནས་གོང་དུ་འཕེལ་བར་སྐུལ་འདེད་གཏོང་བ་དང་། རིག་རྩལ་གསར་རྩོམ་དར་རྒྱས་ཕུན་ཚོགས་སུ་གཏོང་བ། སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས། མི་དམངས་ལ་བསམ་པའི་རྒྱགས་ཕྱེ་སྔར་ལས་མང་ཞིང་ལེགས་པ་འདོན་སྤྲོད་བྱས་ཡོད།
ཏང་ཀྲུང་དབྱང་གིས་ནན་བཤད་བྱས་དོན། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ནི་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་དུ་འཕགས་པའི་དགེ་མཚན་ཞིག་ཡིན་ལ། ང་ཚོ་འཛམ་གླིང་རིག་གནས་ཀྱི་རླབས་རྒྱུན་ཁྲོད་རྩ་བ་བརྟན་པོར་ཚུགས་ཐུབ་པའི་རྨང་གཞི་ཡང་ཡིན་པས། ངེས་པར་དུ་དུས་རབས་ཀྱི་ཆ་རྐྱེན་གསར་པ་དང་ཟུང་འབྲེལ་གྱིས་རྒྱུན་འཛིན་དང་དར་སྤེལ་ཡག་པོ་གཏོང་དགོས། ང་ཚོས་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བའི་ལས་གྲྭ་ལག་བསྟར་བྱས་ཏེ། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་གསར་སྐྲུན་རང་བཞིན་གྱི་སྤོ་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་གཏོང་བ་དང་། སྤྱི་ཚོགས་ཡོངས་ཀྱི་རིག་དངོས་སྲུང་སྐྱོབ་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཡོད། རྒྱལ་སྤྱིའི་སྒྲོག་སྤེལ་བྱེད་ནུས་འཛུགས་སྐྲུན་གང་མགྱོགས་བྱས་ནས། འཛམ་གླིང་ལ་ཀྲུང་གོའི་གཏམ་རྒྱུད་དང་ཀྲུང་གོའི་གུང་ཁྲན་ཏང་གི་གཏམ་རྒྱུད་ཡག་པོ་བཤད་པ་དང་། ཀྲུང་གོའི་སྐད་སྒྲ་སྒྲོག་སྤེལ་ཡག་པོ་བྱས་ལ། མིའི་རིགས་ཀྱི་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་སྐུལ་སྤེལ་བཏང་ཞིང་། རྒྱལ་ཁབ་ཀྱི་རིག་གནས་ཀྱི་མཉེན་སྟོབས་དང་ཀྲུང་ཧྭའི་རིག་གནས་ཀྱི་ཤུགས་རྐྱེན་བཟོ་ཤུགས་མངོན་གསལ་དོད་པོས་ཆེ་རུ་བཏང་ཡོད།
    ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། རང་རྒྱལ་གྱི་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་གནས་བབ་ལ་ཁྱོན་ཡོངས་རང་བཞིན་དང་རྩ་བའི་རང་བཞིན་ལྡན་པའི་འགྱུར་ལྡོག་བྱུང་ཞིང་། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་རིག་གནས་ཀྱི་གདེང་ཚོད་ཆེ་རུ་མངོན་གསལ་ཕྱིན་པ་དང་། སྤྱི་ཚོགས་ཡོངས་ཀྱི་གོང་བུར་འགྲིལ་ཤུགས་དང་བློ་ཁ་ཕྱོགས་ཤུགས་ཆེ་རུ་ཆེས་ཆེར་ཕྱིན་ཏེ། དུས་རབས་གསར་པར་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་རྣམ་པ་གསར་པ་གཏོད་པར་བསམ་བློའི་འགན་ལེན་བརྟན་པོ་དང་བསམ་པའི་སྟོབས་ཤུགས་ཆེན་པོ་འདོན་སྤྲོད་བྱས་ཡོད།

(བརྒྱད།) སྤྱི་ཚོགས་འཛུགས་སྐྲུན་ཐད།
    སྒྱུར་བཅོས་སྒོ་འབྱེད་བྱས་རྗེས། རང་རྒྱལ་མི་དམངས་ཀྱི་འཚོ་བ་ལེགས་སུ་མངོན་གསལ་ཕྱིན་པ་དང་། སྤྱི་ཚོགས་བཅོས་སྐྱོང་ཐད་ལེགས་བཅོས་མངོན་གསལ་བྱུང་ཡོད། དེ་དང་ཆབས་ཅིག དུས་རབས་འཕེལ་རྒྱས་དང་སྤྱི་ཚོགས་ཡར་ཐོན་ཕྱིན་པ་དང་བསྟུན་ནས། མི་དམངས་ཀྱིས་དགའ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་སྔར་བས་དྲག་པོར་གྱུར་པ་དང་། དམངས་གཙོ་དང་། ཁྲིམས་སྐྱོང་། དྲང་སྙོམས། དྲང་བདེན། བདེ་འཇགས། ཁོར་ཡུག་སོགས་ཐད་ཀྱི་རེ་བ་ཉིན་བཞིན་ཆེ་རུ་འགྲོ་བཞིན་ཡོད། ཏང་ཀྲུང་དབྱང་གིས་ནན་བཤད་བྱས་དོན། མི་དམངས་ཀྱིས་དགའ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་ནི་ང་ཚོའི་འབད་འཐབ་ཀྱི་དམིགས་འབེན་ཡིན་པ་དང་། དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་རྒྱུ་ནི་ང་ཚོས་སྤྱི་དོན་དུ་ཏང་འཛུགས་པ་དང་དམངས་དོན་དུ་སྲིད་སྐྱོང་བ་རྒྱུན་འཁྱོངས་བྱེད་པའི་ངོ་བོའི་བླང་བྱ་ཡིན་ལ། མི་སེར་ཡོངས་ལ་འཚོ་བ་སྐྱིད་པོ་རོལ་དུ་འཇུག་རྒྱུ་ནི་ང་ཚོའི་ལས་དོན་མཐའ་དག་གི་འགོ་རྩོམ་ས་དང་དོན་ལ་འབབ་ས་ཡིན་ཞིང་། དམངས་འཚོ་འགན་སྲུང་གི་ཞན་ཆ་གསབ་པ་དང་། མི་དམངས་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྨོན་བཞིའི་ཐད་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་ནི་སྤྱི་ཚོགས་འཛུགས་སྐྲུན་ཐད་ཀྱི་ཁ་ཚ་དགོས་གཏུག་ཏུ་གྱུར་པའི་ལས་འགན་ཡིན། ངེས་པར་དུ་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱ་རྒྱུ་གཙོ་གནད་དུ་བཟུང་སྟེ་སྤྱི་ཚོགས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། གང་ཐུབ་ཅི་ཐུབ་དང་འཁོས་དཔག་ལས་སྒྲུབ་ཀྱིས་བྱ་བའི་རྗེས་སུ་བྱ་བ་མཐུད་ནས་སྒྲུབ་པ་དང་། ལོའི་རྗེས་སུ་ལོ་མཐུད་ནས་སྒྲུབ་པ། བྱིས་པའི་དུས་ན་སྐྱོང་མཁན་ཡོད་པ་དང་། སློབ་སྦྱོང་ལ་འཁྲིད་མཁན་ཡོད་པ། ངལ་རྩོལ་ལ་ཐོབ་ཆ་ཡོད་པ། ན་དུས་སྨན་བཅོས་ཐུབ་པ། རྒས་དུས་འཚོ་རྟེན་ཡོད་པ། སྡོད་སའི་ཁང་པ་ཡོད་པ། ཉམ་ཞན་སྐྱོར་མཁན་ཡོད་པ་བཅས་ཀྱི་ཐད་ལ་རྒྱུན་མཐུད་ངང་ཤུགས་རྒྱག་པ། སྤྱི་ཚོགས་བཅོས་སྐྱོང་བྱེད་པར་ཤུགས་སྣོན་དང་གསར་གཏོད་བཅས་བྱས་ཏེ། མི་དམངས་ཀྱི་ཐོབ་སྣང་། སྐྱིད་སྣང་། བདེ་སྣང་བཅས་སྔར་བས་འཐུས་ཚང་དང་། སྔར་བས་འགན་སྲུང་ཡོད་པ། སྔར་བས་རྒྱུན་མཐུད་ཐུབ་པ་བཅས་བྱེད་དགོས།
    ཏང་གིས་འབྱོར་འབྲིང་བྱུང་མ་བྱུང་གཙོ་བོ་མི་སེར་ལ་བལྟ་དགོས་པའི་ངོས་འཛིན་ཟབ་མོ་བྱས་ཡོད། དབུལ་བྲལ་འགག་སྒྲོལ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་མཐའ་ཚད་ཀྱི་ལས་འགན་ཞིག་ཡིན་པས། དབུལ་བྲལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་བླངས་ན། ད་གཟོད་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་ཐུབ། ངེས་པར་དུ་སྔར་ལས་བློ་ཐག་ཆོད་པོ་དང་། སྔར་ལས་གནད་འཁེལ་གྱི་བསམ་ཕྱོགས། སྔར་ལས་ནུས་ལྡན་ཀྱི་བྱེད་ཐབས། རྒྱུན་སྲོལ་ལས་འདས་པའི་སྒྲུབ་ཐབས་སྤྱོད་པ་བཅས་ཀྱི་སྒོ་ནས། དབུལ་བྲལ་འགག་སྒྲོལ་གྱི་ལས་གྲྭ་བསྟར་དགོས། ཏང་གིས་དབུལ་སྐྱོར་གནད་འཁེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ལྟོ་གོས་གཉིས་ལ་སེམས་ཁྲལ་མེད་པ་དང་། འོས་འགན་སློབ་གསོ་དང་། གཞི་རྩའི་སྨན་བཅོས། སྡོད་ཁང་བདེ་འཇགས་གསུམ་ལ་འགན་སྲུང་ཡོད་པའི་ལས་ཀའི་དམིགས་འབེན་གཏན་འཁེལ་བྱས་ཤིང་། “དམག་བཀའ་ཁུར་ལེན་ཡི་གེ་”རྣམ་པའི་འགན་འཁྲིའི་ལམ་ལུགས་ལག་ལེན་བསྟར་ལ། ཏང་ཡོངས་དང་། རྒྱལ་ཡོངས། སྤྱི་ཚོགས་ཡོངས་བཅས་ཀྱི་སྟོབས་ཤུགས་སྐུལ་སློང་བྱས་པ་དང་། གོང་འོག་བློ་སེམས་གཅིག་མཐུན། ཐམས་ཅད་གོ་ཧྲག་གིས་འབད་འཐབ་བྱེད་པ། བཙན་འགག་ནང་གི་བཙན་འགག་གཏོར་བ་དང་། དཀའ་གནད་ནང་གི་དཀའ་གནད་སེལ་ཞིང་།  མིའི་རིགས་ཀྱི་ལོ་རྒྱུས་ཐོག་གཞི་ཁྱོན་ཆེ་ཤོས་དང་ཤུགས་ཚད་དྲག་ཤོས་ལྡན་པའི་དབུལ་བྲལ་འགག་སྒྲོལ་གྱི་དམག་འཐབ་སྒྲིག་འཛུགས་དང་ལག་བསྟར་བྱས་ནས། དབུལ་བྲལ་འགག་སྒྲོལ་གྱི་སྙིང་སྟོབས་རླབས་པོ་ཆེ་གྲུབ་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། རྒྱལ་ཡོངས་ཀྱི་དབུལ་ཕོངས་རྫོང་བརྒྱད་བརྒྱ་སུམ་ཅུ་སོ་གཉིས་ཡོངས་རྫོགས་ཀྱི་དབུལ་ཞྭ་ཕུད་པ་དང་། དབུལ་ཕོངས་གྲོང་ཚོ་ཆིག་འབུམ་ཉིས་ཁྲི་བརྒྱད་སྟོང་ཡོངས་རྫོགས་དབུལ་གྲལ་ལས་བུད་པ། གྲོང་གསེབ་ཀྱི་དབུལ་ཕོངས་མི་འབོར་དུང་ཕྱུར་གཅིག་ལ་ཉེ་བ་དབུལ་བྲལ་བྱུང་བ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་ལས་བཏོན་པའི་དབུལ་འཕྲི་དམིགས་འབེན་ལོ་བཅུ་སྔ་སྣུར་གྱིས་མངོན་འགྱུར་བྱུང་ཞིང་། ལོ་རྒྱུས་རང་བཞིན་ལྡན་པའི་སྒོ་ནས་བལྟོས་མེད་དབུལ་ཕོངས་སེལ་ཏེ། མིའི་རིགས་ཀྱི་དབུལ་འཕྲིའི་ལོ་རྒྱུས་སྟེང་དུ་ཁྱད་མཚར་བའི་བྱས་རྗེས་བསྐྲུན་ཡོད།
    2020ལོར། གློ་བུར་དུ་ཐོན་པའི་ཏོག་གསར་གློ་ཚད་རིམས་ནད་ཀྱི་མདུན་དུ། ཏང་ཀྲུང་དབྱང་གིས་འཕྲལ་ཐག་ཆོད་པོས་ཇུས་ཐག་བཅད་ཅིང་བབ་བརླིང་ངང་ཁ་གཏད་འཇལ་ཞིང་། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་ཡིན་པ་རྒྱུན་འཁྱོངས་དང་། ཡིད་ཆེས་བརྟན་པོ་དང་། ཕྱར་བ་གྲུ་འདེགས། ཚན་རིག་དང་མཐུན་པའི་སྒོ་ནས་འགོག་བཅོས། ཇུས་བསྟར་གནད་འཁེལ་བཅས་བྱེད་པའི་སྤྱིའི་བླང་བྱ་བཏོན་ནས། རིམས་ནད་འགོག་བཅོས་བྱེད་པའི་མི་དམངས་དམག་འཐབ་དང་། སྤྱི་ཡོངས་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་བྱས་པ་དང་། ཝུའུ་ཧན་སྲུང་སྐྱོབ་དམག་འཐབ་དང་ཧུའུ་པེ་སྲུང་སྐྱོབ་དམག་འཐབ་བཀོད་སྒྲིག་ཞིབ་ཚགས་བྱས་ཤིང་། རྒྱལ་ཡོངས་ཀྱི་སྟོབས་ཤུགས་བཏོན་ནས་སྔ་ན་མེད་པའི་གཞི་ཁྱོན་ཆེ་བའི་ཚེ་སྲོག་མྱུར་སྐྱོབ་ཆེན་པོ་བྱས། ཐོག་མཐའ་བར་གསུམ་དུ་“ཕྱི་ནས་ནང་མཆེད་འགོག་པ་དང་ནང་ནས་བསྐྱར་ལོག་འགོག་པ་”དམ་འཛིན་ཡག་པོ་བྱས་ཤིང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་ལ་གཅིག་འདོམས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་སྲུང་སྐྱོབ་ཅི་ཐུབ་བྱས་པ་དང་། གོ་ལ་ཧྲིལ་པོ་ལས་སྔོན་ལ་རིམས་ནད་ཚོད་འཛིན་དང་། ལས་ཐོན་བསྐྱར་ཚུགས། དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་སླར་གསོ་བཅས་བྱས་ཏེ། རིམས་འགོག་འཐབ་རྩོད་ལ་འཐབ་ཇུས་ཀྱི་གྲུབ་འབྲས་གལ་ཆེན་བླངས་ནས་རིམས་འགོག་གི་སྙིང་སྟོབས་རླབས་པོ་ཆེ་བཏོད་ཡོད།
    དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་ཆེད། ཏང་གིས་མཐའ་ཚད་བརྟན་སྲུང་དང་། གཙོ་གནད་འབུར་ཐོན། ལམ་ལུགས་འཐུས་ཚང་གཏོང་བ། སྔོན་དཔག་ལ་སྣེ་ཁྲིད་བཅས་བྱེད་པའི་བསམ་ཕྱོགས་ལྟར། ཡོང་འབབ་བགོ་བཤའ་དང་། ལས་ཞུགས། སློབ་གསོ། སྤྱི་ཚོགས་འགན་སྲུང་། སྨན་བཅོས་འཕྲོད་བསྟེན། སྡོད་ཁང་འགན་སྲུང་སོགས་ཀྱི་ཐད་ལ་བྱེད་ཐབས་གལ་ཆེན་རབ་དང་རིམ་པ་བཏོན་པ་དང་། ཀུན་ཕན་ཅན་དང་། རྨང་གཞི་ཅན། མཐའ་སྐྱོང་ཅན་བཅས་ཀྱི་དམངས་འཚོ་འཛུགས་སྐྲུན་ལ་ཤུགས་རྒྱག་པར་དོ་སྣང་བྱས་ཏེ། གཞི་རྩའི་སྤྱི་པའི་ཞབས་ཞུ་ཆ་སྙོམས་ཅན་དུ་འགྱུར་བར་སྐུལ་འདེད་བཏང་ཡོད། ང་ཚོས་ལས་ཆོད་མཚོན་ཞིང་དྲང་སྙོམས་ཡོང་བར་སྐུལ་སྤེལ་གཏོང་བའི་ཡོང་འབབ་བགོ་བཤའི་མ་ལག་འཛུགས་གང་ཐུབ་བྱས་ཏེ། ཡོང་འབབ་མཐོ་དྲགས་པ་སྙོམས་སྒྲིག་དང་། ཁྲིམས་འགལ་གྱི་ཡོང་འབབ་མེད་པར་བཟོ་བ། ཡོང་འབབ་དམའ་བའི་མིའི་ཡོང་འབབ་མང་དུ་གཏོང་བ། ཡོང་འབབ་འབྲིང་བའི་མི་ཚོགས་བརྟན་པོའི་ངང་རྒྱ་སྐྱེད་པ། སྐྱུ་རུ་རའི་དབྱིབས་ཀྱི་བགོ་བཤའི་རྣམ་པ་ཆགས་པར་སྐུལ་འདེད་གཏོང་བ་བཅས་བྱས་པས། གྲོང་མིའི་ཡོང་འབབ་འཕར་ཚད་དེ་དཔལ་འབྱོར་འཕར་ཚད་དང་གཞི་རྩའི་ཆ་ནས་གཅིག་མཚུངས་བྱུང་ཞིང་། གྲོང་གསེབ་ཀྱི་སྡོད་དམངས་ཀྱི་ཡོང་འབབ་འཕར་ཚད་དེ་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་ལས་མགྱོགས་པ་བྱུང་ཡོད། ལས་ཞུགས་དམིགས་བསལ་གྱིས་སྔོན་ལ་འཇོག་པའི་སྲིད་ཇུས་ལག་བསྟར་བྱས་ཏེ།  ལས་ཞུགས་སྔར་བས་གང་མང་དང་སྔར་བས་སྤུས་ཚད་མཐོན་པོ་མངོན་འགྱུར་ཡོང་བར་སྐུལ་འདེད་བཏང་ཡོད། ཏང་གི་སློབ་གསོའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་ཏེ། སློབ་གསོའི་བྱ་གཞག་དམིགས་བསལ་གྱིས་སྔོན་ལ་འཕེལ་རྒྱས་བཏང་བ་དང་། སློབ་གསོའི་རྩ་བའི་ལས་འགན་ནི་ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱ་རྒྱུ་དེ་ཡིན་པ་གསལ་བོར་བསྟན་པ་དང་། ཀུན་སྤྱོད་དང་། བློ་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་མཁན་དང་རྒྱུན་འཛིན་པ་གསོ་སྐྱོང་བྱེད་པ་དང་། སློབ་གསོ་དང་སློབ་ཁྲིད་བྱེད་སྟངས་སྒྱུར་བཅོས་དང་གསར་གཏོད་གཏིང་ཟབ་བྱེད་པ། དྲང་སྙོམས་ཡོང་བར་སྐུལ་སྤེལ་དང་སྤུས་ཚད་མཐོ་རུ་གཏོང་བ། འོས་འགན་སློབ་གསོ་དོ་མཉམ་ངང་འཕེལ་རྒྱས་འགྲོ་བ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོ་གཞི་གཅིག་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་གསོ་དང་སློབ་ཁྲིད་ཕྱོགས་ཡོངས་ནས་ཁྱབ་སྤེལ་གཏོང་བ། སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞི་ཚད་ལྡན་དུ་གཏོང་བ། ལས་རིགས་སློབ་གསོ་ཧུར་ཐག་གིས་འཕེལ་རྒྱས་གཏོང་བ། མཐོ་རིམ་སློབ་གསོ་ནང་གནས་རྣམ་པའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ། སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་ལ་སྐུལ་སྤེལ་གཏོང་བ། མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་བ་བཅས་བྱས་ཡོད། རང་རྒྱལ་གྱིས་འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་སྤྱི་ཚོགས་འགན་སྲུང་མ་ལག་བཙུགས་ཏེ། མི་དུང་ཕྱུར་བཅུ་དང་བྱེ་བ་གཉིས་ལ་གཞི་རྩའི་རྒན་གསོའི་འགན་བཅོལ་ཡོད་པ་དང་། མི་དུང་ཕྱུར་བཅུ་གསུམ་དང་བྱེ་བ་དྲུག་ལ་གཞི་རྩའི་སྨན་བཅོས་འགན་བཅོལ་ཡོད། བདེ་ཐང་ཀྲུང་གོ་འཛུགས་སྐྲུན་བྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་དང་། སྔོན་འགོག་གཙོ་བོར་འཛིན་པའི་བྱེད་ཕྱོགས་རྒྱུན་འཁྱོངས་དང་། སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་སྒྱུར་བཅོས་ཟབ་སྤེལ་བཏང་བ་དང་། སྨན་བཅོས་འཕྲོད་བསྟེན་ལས་དོན་གྱི་གཙོ་གནད་གཤམ་སྒྱུར་དང་ཐོན་ཁུངས་གཤམ་སྤོ་བྱེད་པར་ཁྲིད་སྟོན་དང་། དུས་ཐོག་ཏུ་རིམས་ནད་ཚབས་ཆེན་སྔོན་འགོག་ཚོད་འཛིན་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ། རྒྱལ་ཁབ་ཀྱི་སྤྱི་པའི་འཕྲོད་བསྟེན་འཕྲལ་བསྟུན་དོ་དམ་མ་ལག་འཐུས་ཚང་དུ་གཏོང་བར་སྐུལ་འདེད་གཏོང་བ། ཀྲུང་ལུགས་གསོ་རིག་སྨན་རྫས་རྒྱུན་འཛིན་དང་གསར་གཏོད་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ་བཅས་བྱས་ཡོད། ལུས་རྩལ་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ཞིང་། དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་བ་དང་། ཀྲུང་ཧྭའི་ལུས་རྩལ་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ཡོད། མི་འབོར་འཕེལ་རྒྱས་འཐབ་ཇུས་ལ་ཞིབ་འཇུག་བྱེད་ཤུགས་ཆེ་རུ་བཏང་སྟེ། མི་འབོར་བགྲེས་སོང་ཅན་དུ་འགྱུར་བར་ཁ་གཏད་ཧུར་ཐག་འཇལ་བ་དང་། རྒན་གསོའི་ཞབས་ཞུའི་མ་ལག་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ལ། བུ་བཙའི་སྲིད་ཇུས་ལེགས་སྒྲིག་དང་ལེགས་སྒྱུར་བྱས་ཏེ། མི་འབོར་ཡུན་རིང་དོ་མཉམ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ཡོད། ཁྱིམ་ཚང་དང་ཁྱིམ་གྱི་སློབ་གསོ་དང་ཁྱིམ་སྲོལ་བཅས་འཛུགས་སྐྲུན་ལ་མཐོང་ཆེན་བྱས་པ་དང་། བུད་མེད་དང་བྱིས་པའི་ཁེ་དབང་འགན་སྲུང་བྱས། དབང་བོ་སྐྱོན་ཅན་གྱི་བྱ་གཞག་གང་མགྱོགས་ཀྱིས་གོང་དུ་སྤེལ། ཁང་པ་ནི་སྡོད་ས་ཡིན་པ་ལས་སྦིར་འཚོང་བྱེད་བྱ་མིན་པའི་ངེས་གནས་རྒྱུན་འཁྱོངས་བྱས་ཏེ། བྱེད་པོ་མང་པོས་འདོན་སྤྲོད་དང་། ཐབས་ལམ་མང་པོས་འགན་སྲུང་། བོགས་ཉོ་མཉམ་འཛིན་བཅས་བྱེད་པའི་སྡོད་ཁང་ལམ་ལུགས་གང་མགྱོགས་བཙུགས་པ་དང་། འགན་སྲུང་སྡོད་ཁང་འཛུགས་སྐྲུན་བྱེད་པར་མ་དངུལ་འཇོག་ཤུགས་ཆེ་རུ་བཏང་བས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྡོད་ཁང་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད།
    ཏང་གིས་རྒྱལ་ཁབ་ཡུན་རིང་བདེ་འགོད་དང་མི་དམངས་བདེ་སྡོད་ལས་བརྩོན་ཡོང་བར་དམིགས་ནས། ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་ཀྲུང་གོ་འཛུགས་སྐྲུན་དང་། སྤྱི་ཚོགས་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ། ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་པའི་རང་སྐྱོང་དང་། ཁྲིམས་སྐྱོང་། སྤྱོད་སྐྱོང་བཅས་ཟུང་འབྲེལ་བྱེད་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ། སྤྱི་ཚོགས་བཅོས་སྐྱོང་གི་གཙོ་གནད་གཞི་རིམ་དུ་གཤམ་སྒྱུར་བྱེད་པར་སྐུལ་འདེད་གཏོང་བ། མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་ལམ་ལུགས་འཛུགས་སྐྲུན། མི་ཚང་མར་འགན་འཁྲི་ཡོད་པ་དང་། མི་ཚང་མས་རང་འགན་གཙང་སྒྲུབ་བྱེད་པ། མི་ཚང་མས་ལོངས་སུ་སྤྱོད་ཐུབ་པ་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བཅས་བྱས་ཡོད། གནོད་འགོག་གནོད་འཕྲི་གནོད་སྐྱོབ་བཅས་དང་བདེ་འཇགས་ཐོན་སྐྱེད་ལས་ཀར་ཤུགས་བརྒྱབ་པ་དང་། རྒྱལ་ཁབ་ཀྱི་འཕྲལ་བསྟུན་དོ་དམ་མ་ལག་དང་ནུས་པ་འཛུགས་པར་ཤུགས་བརྒྱབ་ཡོད། དུས་རབས་གསར་པའི་“ཧྥེང་ཆའོ་ཉམས་མྱོང་”རྒྱུན་འཁྱོངས་དང་འཕེལ་རྒྱས་བཏང་བ་དང་། རྒྱུད་རིམ་ལྡན་པར་བཅོས་སྐྱོང་དང་། ཁྲིམས་ལྟར་བཅོས་སྐྱོང་། ཕྱོགས་བསྡུས་བཅོས་སྐྱོང་། འབྱུང་རྩ་ནས་བཅོས་སྐྱོང་བཅས་བྱ་རྒྱུ་རྒྱུན་འཁྱོངས་དང་། ཡིག་སྐུར་ངོ་བཅར་ལམ་ལུགས་འཐུས་ཚང་དུ་གཏོང་བ། སྤྱི་ཚོགས་ཀྱི་འགལ་བ་དང་རྩོད་གཞི་སྣ་མང་སྔོན་འགོག་དང་འདུམ་འགྲིག་འདུམ་སེལ་བྱེད་པའི་ཕྱོགས་བསྡུས་ལམ་སྲོལ་འཐུས་ཚང་དུ་གཏོང་བ། སྤྱི་ཚོགས་བདེ་སྲུང་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ནག་སེལ་གཤེད་འཇོམས་ཆེད་དམིགས་འཐབ་རྩོད་སྤེལ་བ། ནག་ཚོགས་སྟོབས་ཤུགས་རྒྱ་ཡན་དུ་གཏོང་བ་དང་གསང་འགེབས་བྱེད་པ་དང་ཐ་ན་འགེབས་སྲུང་བྱེད་མཁན་གྱི་ཏང་ཡོན་ལས་བྱེད་པར་མཐའ་གཅིག་ཏུ་ཆད་པ་གཅོད་པ། དྲག་ཤུགས་འཇིགས་སྐུལ་དང་། དྲ་རྒྱའི་ཉེས་གསོག་དཔེ་གསར་ཅན། རྒྱལ་ཁོངས་ལས་བརྒལ་བའི་ཉེས་གསོག་བཅས་ལ་དོགས་ཟོན་དང་རྡུང་རྡེག་གཏོང་བ་བཅས་བྱས་ཡོད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། རང་རྒྱལ་གྱི་སྤྱི་ཚོགས་འཛུགས་སྐྲུན་ལ་ཕྱོགས་ཡོངས་ཤུགས་བསྣན་པ་དང་། མི་དམངས་ཀྱི་འཚོ་བ་ཕྱོགས་ཡོངས་ནས་ཇེ་ལེགས་སུ་ཕྱིན་པ། སྤྱི་ཚོགས་བཅོས་སྐྱོང་སྤྱི་ཚོགས་ཅན་དང་། ཁྲིམས་སྐྱོང་ཅན། རིག་ནུས་ཅན། ཆེད་ལས་ཅན་བཅས་ཀྱི་ཆུ་ཚད་མཐོ་རུ་ཆེས་ཆེར་ཕྱིན་པ་དང་། མི་དམངས་བདེ་སྡོད་ལས་བརྩོན་དང་སྤྱི་ཚོགས་བརྟན་ལྷིང་དང་གོ་རིམ་ལྡན་པའི་རྣམ་པ་བཟང་པོ་འཕེལ་རྒྱས་བྱུང་སྟེ། སྤྱི་ཚོགས་ཡུན་རིང་བརྟན་བརླིང་ཡིན་པའི་བྱས་རྗེས་ངོ་མཚར་མུ་མཐུད་དུ་རྒྱུན་བསྐྱངས་ཡོད། 

(དགུ།) སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད།
    སྒྱུར་བཅོས་སྒོ་འབྱེད་བྱས་རྗེས། ཏང་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པར་ཉིན་བཞིན་མཐོང་ཆེན་བྱས་ཡོད། དེ་དང་ཆབས་ཅིག  སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱ་རྒྱུ་ནི་སྔར་བཞིན་མངོན་གསལ་དོད་པའི་ཞན་ཆ་ཞིག་ཡིན་ལ། ཐོན་ཁུངས་ཁོར་ཡུག་གི་ཚོད་འཛིན་དམ་དུ་སོང་ཞིང་སྐྱེ་ཁམས་མ་ལག་ཞན་འགྱུར་སོགས་ཀྱི་གནད་དོན་ཉིན་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད་ཅིང་། ལྷག་པར་དུ་ཁོར་ཡུག་སྦགས་བཙོག་དང་སྐྱེ་ཁམས་གཏོར་བརླག་སྣ་ཚོགས་མང་དུ་འབྱུང་བའི་རྣམ་པ་ཆགས་པས། རྒྱལ་ཁབ་ཀྱི་གཅོང་ནད་དང་དམངས་འཚོའི་སྡུག་བསྔལ་དུ་གྱུར་ཡོད། གལ་ཏེ་སྐྱེ་ཁམས་ཁོར་ཡུག་ཇེ་སྡུག་ཏུ་འགྲོ་བའི་འཕེལ་ཕྱོགས་བསྒྱུར་རྒྱུ་དམ་འཛིན་མ་བྱས་ན། རིན་དོད་ཧ་ཅང་ཆེན་པོ་གཏོང་དགོས་ངེས་རེད། ཏང་ཀྲུང་དབྱང་གིས་ནན་བཤད་བྱས་དོན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱ་རྒྱུ་ནི་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་འགྲོ་ཐུབ་མིན་དང་འབྲེལ་བ་ཡོད་པའི་རྩ་བའི་ཇུས་ཆེན་ཡིན་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པ་ནི་ཐོན་སྐྱེད་ནུས་ཤུགས་སྲུང་སྐྱོབ་བྱེད་པ་ཡིན་ལ། སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱེད་པ་ནི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ་ཡིན་པས། ཁོར་ཡུག་བློས་བཏང་ནས་གནས་སྐབས་ཙམ་གྱི་དཔལ་འབྱོར་འཕར་སྣོན་ཡོང་ཐབས་གཏན་ནས་བྱ་རྒྱུ་མིན། ངེས་པར་དུ་རི་སྔོན་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་རྒྱུན་འཁྱོངས་དང་། རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་མ་བཅས་གཞི་གཅིག་ཅན་དུ་སྲུང་སྐྱོབ་དང་རྒྱུད་རིམ་ལྡན་པར་བཅོས་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རང་གི་མིག་འབྲས་ལྟར་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པ་དང་། རང་གི་ཚེ་སྲོག་ལྟར་སྐྱེ་ཁམས་ཁོར་ཡུག་ལ་གཅེས་སྤྲས་བྱེད་པ། ལྗང་མདོག་འཕེལ་རྒྱས་དང་། རེས་འཁོར་འཕེལ་རྒྱས། ཐཱན་ཉུང་འཕེལ་རྒྱས་བཅས་ལ་སྔར་བས་རང་རྟོགས་ངང་སྐུལ་འདེད་གཏོང་བ། ཐོན་སྐྱེད་འཕེལ་རྒྱས་དང་། འཚོ་བ་ཕྱུག་འགྱུར། སྐྱེ་ཁམས་བཟང་པོ་བཅས་ཀྱི་དཔལ་ཡོན་གོང་འཕེལ་གྱི་འགྲོ་ལམ་ཐོག་བསྐྱོད་རྒྱུ་རྒྱུན་འཁྱོངས་བཅས་བྱེད་དགོས།
    ཏང་གིས་བསམ་བློ་དང་། བཅའ་ཁྲིམས། སྒྲིག་སྲོལ། རྩ་འཛུགས། སྤྱོད་ཚུལ་བཅས་ཀྱི་ཐད་ལ་ཕྱོགས་ཡོངས་ནས་ཤུགས་འདོན་པ་དང་། ཕྱོགས་ཡོངས་དང་། ཁྱབ་ཁོངས་ཡོངས། གོ་རིམ་ཡོངས་བཅས་སུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་སྟེ། སྐྱེ་ཁམས་སྲུང་སྐྱོབ་ཀྱི་དམར་ཐིག་དང་། ཁོར་ཡུག་སྤུས་ཚད་ཀྱི་མཐའ་ཚད། ཐོན་ཁུངས་བེད་སྤྱོད་ཀྱི་ཡས་མཐའ་བཅས་དབྱེ་འབྱེད་གཏན་འབེབས་བྱེད་པར་སྐུལ་འདེད་བཏང་བ་དང་། རྩ་བའི་རང་བཞིན་དང་། གསར་གཏོད་རང་བཞིན། ཡུན་རིང་རང་བཞིན་བཅས་ཀྱི་ལས་ཀ་རབ་དང་རིམ་པ་སྤེལ་ཡོད། ཏང་གིས་གཙོ་ནུས་ཐོན་ཁུལ་གྱི་འཐབ་ཇུས་སྒྲིག་འཛུགས་དང་ལག་བསྟར་བྱས་ཏེ། རང་བྱུང་ཐོན་ཁུངས་དང་རྒྱུ་ནོར་ཐོན་དབང་ལམ་ལུགས་དང་། རྒྱལ་ཁབ་ཀྱི་མངའ་ཁོངས་བར་སྟོང་གསར་སྤེལ་དང་སྲུང་སྐྱོབ་བྱེད་པའི་ལམ་ལུགས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དམིགས་འབེན་གདེང་འཇོག་དཔྱད་ཞིབ་ལམ་ལུགས་དང་འགན་འཁྲི་བདའ་འདེད་ལམ་ལུགས། སྐྱེ་ཁམས་སྐྱིན་གསབ་ལམ་ལུགས། ཆུ་བོ་དང་མཚེའུ་དཔོན་ལམ་ལུགས། ནགས་དཔོན་ལམ་ལུགས། ཁོར་ཡུག་སྲུང་སྐྱོབ་“ཏང་སྲིད་འགན་འཁྲི་འདྲ་མཚུངས་”དང་། “ལས་གནས་གཅིག་ལ་འགན་འཁྲི་གཉིས་”སོགས་ཀྱི་ལམ་ལུགས་བཙུགས་པ་དང་འཐུས་ཚང་དུ་བཏང་བ་དང་། འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཏན་འབེབས་དང་བཟོ་བཅོས་བརྒྱབ་ཡོད། རྒྱལ་ཁབ་ཀྱི་མངའ་ཁོངས་བར་སྟོང་གསར་སྤེལ་དང་སྲུང་སྐྱོབ་རྣམ་པ་ལེགས་སུ་བཏང་བ་དང་། རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་འཛུགས་པ་དང་། གཞི་ཁྱོན་ཆེ་བའི་རྒྱལ་ཁོངས་ལྗང་སྒྱུར་བྱ་སྤྱོད་རྒྱུན་མཐུད་ངང་སྤེལ་བ། གཙང་པོ་དང་ཆུ་བོ་ཆེན་པོ་དང་། མཚེའུ་དང་འདམ་ར་གལ་ཆེན། དེ་བཞིན་མཚོ་འགྲམ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་རྒྱུད་རིམ་ལྡན་པར་བཅོས་སྐྱོང་བཅས་ལ་ཤུགས་སྣོན། སྐྱེ་ཁམས་མ་ལག་སྲུང་སྐྱོབ་དང་ཉམས་གསོ་བྱེད་ཤུགས་ཆེར་གཏོང་། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་བར་སྟོང་རྣམ་པ་དང་། ཐོན་ལས་གྲུབ་ཚུལ། ཐོན་སྐྱེད་བྱེད་སྟངས། འཚོ་བ་སྐྱེལ་སྟངས་བཅས་ཆགས་པར་སྐུལ་འདེད་བཏང་ཡོད། ཏང་གིས་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་གང་ཐུབ་བྱེད་པར་འགོ་ཁྲིད་དེ། རླུང་ཁམས་ཆེན་པོ་དང་། ཆུ། ས་རྒྱུ་བཅས་ཀྱི་སྦགས་བཙོག་འགོག་བཅོས་ཀྱི་བྱ་སྤྱོད་ཆེན་པོ་གསུམ་གྱི་འཆར་གཞི་ལག་བསྟར་གཏིང་ཟབ་དང་། གནམ་སྔོན་པོ་དང་། ཆུ་དྭངས་མོ། ས་གཙང་མ་བཅས་སྲུང་སྐྱོབ་བྱེད་པའི་དམག་འཐབ་ཡག་པོ་རྒྱག་པ། གྲོང་གསེབ་ཀྱི་གཞིས་སྡོད་ཁོར་ཡུག་བཅོས་སྐྱོང་།  “ཕྱི་རྒྱལ་གྱི་གད་སྙིགས་”ནང་འདྲེན་བྱེད་པར་ཕྱོགས་ཡོངས་ནས་བཀག་འགོག་བཅས་བྱས་ཡོད། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་སྤེལ་ནས། སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་གཏོང་བའི་དཔེ་མཚོན་གྱོད་དོན་ཆེན་པོ་ཁག་ཅིག་ཞིབ་བཤེར་ཐག་གཅོད་དང་། མི་དམངས་མང་ཚོགས་ཀྱིས་བསམ་འཆར་ཆེན་པོ་འདོན་པའི་ཁོར་ཡུག་གི་གནད་དོན་མངོན་གསལ་ཅན་ཁག་ཅིག་ཐག་གཅོད་མཐའ་གཅིག་ཏུ་བྱས་ཡོད། རང་རྒྱལ་གོ་ལ་ཧྲིལ་པོའི་ཁོར་ཡུག་དང་གནམ་གཤིས་བཅོས་སྐྱོང་ནང་ཧུར་ཐག་གིས་ཞུགས་ནས། 2030ལོའི་སྔོན་དུ་ཐཱན་འབུད་རྩེར་སོན་དང་། 2060ལོའི་སྔོན་དུ་ཐཱན་ཚད་སྙོམ་སྦྱོར་ཡོང་བར་བརྩོན་ལེན་བྱ་རྒྱུའི་བརྗིད་ཉམས་ལྡན་པའི་ངང་ཁས་ལེན་དམ་བཅའ་བཞག་སྟེ། འགན་འཁུར་བའི་རྒྱལ་ཁབ་ཆེན་པོ་ཞིག་གི་འགན་འཁྲི་འཁུར་སེམས་མཚོན་ཡོད།
    ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། ཏང་ཀྲུང་དབྱང་གིས་སྔ་ན་མེད་པའི་སྟོབས་ཤུགས་ལ་བརྟེན་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དམ་འཛིན་བྱས་པ་དང་། ཏང་ཡོངས་དང་རྒྱལ་ཡོངས་ཀྱིས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རང་རྟོགས་རང་བཞིན་དང་རང་འགུལ་རང་བཞིན་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་གོམ་སྟབས་གལ་ཆེན་སྤོས་ཤིང་། རང་རྒྱལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ལོ་རྒྱུས་རང་བཞིན་དང་། དཀྱོག་མཚམས་རང་བཞིན། ཁྱོན་ཡོངས་རང་བཞིན་བཅས་ཀྱི་འགྱུར་ལྡོག་བྱུང་ཡོད།

(བཅུ།) རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་ཐད།
     སྒྱུར་བཅོས་སྒོ་འབྱེད་བྱས་རྗེས། མི་དམངས་དམག་དཔུང་གསར་བརྗེ་ཅན་དང་། དེང་རབས་ཅན། ཚད་ལྡན་ཅན་བཅས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་དང་། རྒྱལ་སྲུང་དངོས་ཤུགས་ཉིན་བཞིན་ཆེ་རུ་ཕྱིན་ནས། རྒྱལ་ཁབ་ཀྱི་སྒྱུར་བཅོས་དང་། འཕེལ་རྒྱས། བརྟན་བརླིང་གསུམ་ལ་བློ་འགེལ་ཆོག་པའི་བདེ་འཇགས་ཀྱི་འགན་སྲུང་འདོན་སྤྲོད་བྱས་ཡོད། ཏང་ཀྲུང་དབྱང་གིས་ནན་བཤད་བྱས་དོན། རྒྱལ་ཁབ་སྟོབས་ལྡན་དུ་གཏོང་དགོས་ན་ངེས་པར་དུ་དམག་དཔུང་སྟོབས་ལྡན་དུ་གཏོང་དགོས་ཤིང་། དམག་དཔུང་སྟོབས་ལྡན་དུ་བཏང་ན་གཞི་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ཡོང་ཐུབ་པས། ངེས་པར་དུ་རང་རྒྱལ་གྱི་རྒྱལ་སྤྱིའི་གོ་གནས་དང་འཚམ་ཞིང་། རྒྱལ་ཁབ་ཀྱི་བདེ་འཇགས་དང་འཕེལ་རྒྱས་ཀྱི་ཁེ་ཕན་དང་མཐུན་པའི་རྒྱལ་སྲུང་སྲ་བརྟན་དང་མི་དམངས་དམག་དཔུང་སྟོབས་ཆེན་འཛུགས་སྐྲུན་བྱེད་དགོས།
     ཏང་གིས་དུས་རབས་གསར་པའི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དམིགས་འབེན་བཏོན་ཞིང་། དུས་རབས་གསར་པའི་དམག་དོན་གྱི་འཐབ་ཇུས་དང་བྱེད་ཕྱོགས་གཏན་འཁེལ་བྱས་པ་དང་། 2027ལོར་སླེབས་སྐབས་དམག་བཙུགས་པའི་ལོ་བརྒྱའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱ་རྒྱུ་དང་།  2035ལོར་སླེབས་སྐབས་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱ་རྒྱུ། དུས་རབས་འདིའི་དུས་དཀྱིལ་དུ་སླེབས་སྐབས་འཛམ་གླིང་གི་དམག་དཔུང་རྩེ་གྲ་ཅན་ཕྱོགས་ཡོངས་ནས་འཛུགས་སྐྲུན་ཚར་བར་བྱ་རྒྱུའི་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་གྱི་“གོམ་སྟབས་གསུམ་གྱིས་འགྲོ་བའི་”འཐབ་ཇུས་གསར་པ་གཏན་འབེབས་བཅས་བྱས་ཏེ། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྲུན་བྱེད་པ་དང་། སྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བ། ཚན་རྩལ་ལ་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བ། ཤེས་ལྡན་མི་སྣར་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བ། ཁྲིམས་ལྟར་དམག་དཔུང་སྐྱོང་བ་བཅས་ལ་སྐུལ་འདེད་བཏང་བ་དང་། དམག་དོན་གྱི་རིགས་པའི་གཞུང་ལུགས་དེང་རབས་ཅན་དང་། དམག་དཔུང་གི་རྩ་འཛུགས་རྣམ་པ་དེང་རབས་ཅན། དམག་དོན་མི་སྣ་དེང་རབས་ཅན། གོ་མཚོན་སྒྲིག་ཆས་དེང་རབས་ཅན་བཅས་སུ་གང་མགྱོགས་གཏོང་བ། འཕྲུལ་ཆས་ཅན་དང་ཆ་འཕྲིན་ཅན། རིག་ནུས་ཅན་བཅས་མཉམ་འདྲེས་ཀྱིས་འཕེལ་རྒྱས་མགྱོགས་སུ་གཏོང་བ། དམག་སྦྱོང་དམག་གྲབས་ལ་ཕྱོགས་ཡོངས་ནས་ཤུགས་རྒྱག་པ་བཅས་ཀྱི་སྒོ་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་འགྲོ་ལམ་ཐོག་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱས་ཡོད།
    མི་དམངས་དམག་དཔུང་སྟོབས་ལྡན་ཞིག་འཛུགས་སྐྲུན་བྱེད་དགོས་ན། གཙོ་བོ་ནི་བློ་བརྟན་འགྱུར་མེད་ངང་ཏང་གིས་མི་དམངས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱེད་པའི་རྩ་བའི་རྩ་དོན་དང་ལམ་ལུགས་རྒྱུན་འཁྱོངས་དང་། མི་དམངས་དམག་དཔུང་གི་ཆེས་མཐོའི་འགོ་ཁྲིད་དབང་ཆ་དང་བཀོད་འདོམས་དབང་ཆ་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུ་ལ་དབང་བ་རྒྱུན་འཁྱོངས། དམག་ཨུའི་ཀྲུའུ་ཞིས་འགན་འཁུར་བའི་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་གཏིང་ཟབ་བཅས་བྱེད་དགོས། དུས་སྐབས་ཤིག་གི་རིང་། མི་དམངས་དམག་དཔུང་ལ་ཏང་གི་འགོ་ཁྲིད་ཉམས་ཞན་ཡིན་པའི་གནད་དོན་མངོན་གསལ་དོད་པོར་གྱུར་པས། གལ་ཏེ་ཐག་གཅོད་མཐར་ཕྱིན་པ་མ་བྱས་ན། འཐབ་འཛིང་གི་ནུས་པར་ཤུགས་རྐྱེན་ཐེབས་པར་མ་ཟད། དེ་ཏང་གིས་མེ་མདར་བཀོད་འདོམས་བྱེད་པའི་ཆབ་སྲིད་ཀྱི་རྩ་དོན་གལ་ཆེན་འདི་དང་འབྲེལ་བ་ཡོད། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུས་ཕྱོགས་ཡོངས་ནས་དམག་དཔུང་ནན་སྐྱོང་བྱ་རྒྱུ་དམ་འཛིན་གྱིས་མི་དམངས་དམག་དཔུང་གི་ཆབ་སྲིད་རྩ་འཛིན་དང་སྒྲིག་ཁྲིམས་དག་ཐེར་ནན་པོ་བྱ་རྒྱུའི་ཇུས་ཐག་བློ་ཐག་ཆོད་པོས་བཅད་པ་དང་། ཀུའུ་ཐེན་དུ་དམག་ཡོངས་ཀྱི་ཆབ་སྲིད་ལས་དོན་གྲོས་ཚོགས་སྐོང་འཚོགས་བྱས་ཏེ། དུས་རབས་གསར་པར་ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྲུན་བྱེད་པའི་ཐད་ལ་བཀོད་སྒྲིག་བྱས་པ་དང་། ང་ཚོའི་ཏང་དང་དམག་དཔུང་གི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་སླར་གསོ་དང་དར་སྤེལ་བཏང་ལ། ཀུན་སྤྱོད་དག་ཐེར་གྱི་སྙིང་སྟོབས་ལ་བརྟེན་ནས་ཆབ་སྲིད་ཀྱི་དག་ཐེར་སྦྱོང་བརྡར་ལ་སྐུལ་འདེད་བཏང་བ་དང་། དམག་དཔུང་ལ་ཏང་གིས་འགོ་ཁྲིད་བྱེད་པ་དང་ཏང་འཛུགས་སྐྲུན་བྱེད་པར་ཕྱོགས་ཡོངས་ནས་ཤུགས་བསྣན་ཞིང་། དམག་དཔུང་གི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་རྒོལ་བའི་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་ཏེ། སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་ཀུའོ་པོ་ཞུང་དང་། ཞུས་ཚའེ་ཧོའུ། ཧྥང་ཧྥེང་ཧུའེ། ཀྲང་དབྱང་སོགས་ཀྱི་གྱོད་དོན་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱས་པ་མ་ཟད་དེའི་དུག་རྒྱུན་གྱི་ཤུགས་རྐྱེན་གཙང་སེལ་མཐར་ཕྱིན་བྱས་ཏེ། མི་དམངས་དམག་དཔུང་གི་ཆབ་སྲིད་ཀྱི་སྐྱེ་ཁམས་རྩ་བ་ནས་ལེགས་སྒྱུར་བྱེད་པར་སྐུལ་འདེད་བཏང་ཡོད།
    ཏང་གིས་སྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་འཐབ་ཇུས་བཏོན་ཏེ། ཀྲུང་གོ་གསར་པ་དབུ་བརྙེས་ཚུན་གྱི་ཆེས་རྒྱ་ཆེ་ཞིང་ཆེས་གཏིང་ཟབ་པའི་རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་བྱེད་པར་འགོ་ཁྲིད་དང་། མི་དམངས་དམག་དཔུང་གི་འགོ་ཁྲིད་བཀོད་འདོམས་སྒྲིག་སྲོལ་དང་། དེང་རབས་ཀྱི་དམག་དོན་སྟོབས་ཤུགས་མ་ལག དམག་དོན་སྲིད་ཇུས་ལམ་ལུགས་བཅས་བསྐྱར་འཛུགས། དངོས་ཞབས་དམག་མི་འབུམ་གསུམ་ཉུང་འཕྲི་བཅས་བྱས་པས། དམག་ཨུས་སྤྱི་ཡོངས་ལ་དོ་དམ་བྱེད་པ་དང་། དམག་ཁུལ་གྱིས་དམག་འཐབ་གཙོ་བོར་འཛིན་པ། དམག་རིགས་ཀྱིས་འཛུགས་སྐྲུན་གཙོ་བོར་འཛིན་པ་བཅས་ཀྱི་རྣམ་པ་གསར་པ་ཆགས་ཡོད། འཛམ་གླིང་གི་དམག་དོན་གསར་བརྗེ་གསར་པའི་མདུན་དུ། ང་ཚོས་ཚན་རྩལ་ལ་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་འཐབ་ཇུས་ལག་བསྟར་བྱས་ཏེ། གསར་གཏོད་ཅན་གྱི་མི་དམངས་དམག་དཔུང་འཛུགས་སྐྲུན་དང་། དེང་རབས་ཅན་གྱི་རྒྱབ་ཕྱོགས་མཁོ་སྒྲུབ་སྟོབས་ལྡན་འཛུགས་སྐྲུན་བྱས་ཤིང་། རྒྱལ་སྲུང་ཚན་རྩལ་དང་གོ་མཚོན་སྒྲིག་ཆས་འཛུགས་སྐྲུན་ལ་འཕེལ་རྒྱས་གལ་ཆེན་བྱུང་ཡོད། ཤེས་ལྡན་མི་སྣར་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་འཐབ་ཇུས་ལག་བསྟར་བྱས་ཏེ། དུས་རབས་གསར་པའི་དམག་དོན་སློབ་གསོའི་བྱེད་ཕྱོགས་གཏན་འཁེལ་དང་། དམག་དཔུང་གི་ལས་བྱེད་པ་བཟང་པོའི་ཚད་གཞི་ཁ་གསལ་བཟོས་པ་དང་། ཕྱོགས་གསུམ་གཞི་གཅིག་གི་དམག་དོན་ཤེས་ལྡན་མི་སྣ་གསོ་སྐྱོང་མ་ལག་གསར་པ་འཛུགས་པར་སྐུལ་འདེད་བཏང་བ་དང་། བླ་སྲོག་དང་། འཇོན་ཐང་། སེམས་ཤུགས། ཀུན་སྤྱོད་བཅས་ཀྱིས་ཕྱུག་པའི་དུས་རབས་གསར་པའི་གསར་བརྗེ་དམག་མི་གསོ་སྐྱོང་བྱས་ལ། ལྕགས་ལྟ་བུའི་དད་མོས་དང་། ལྕགས་ལྟ་བུའི་དད་སེམས། ལྕགས་ལྟ་བུའི་སྒྲིག་ལམ། ལྕགས་ལྟ་བུའི་འགན་འཁྲི་འཁུར་སེམས་བཅས་ཡོད་པའི་དམག་དཔུང་ཧྲག་པོ་འཛུགས་སྐྲུན་བྱས་ཡོད། ཁྲིམས་ལྟར་དམག་དཔུང་སྐྱོང་བའི་འཐབ་ཇུས་ལག་བསྟར་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དམག་དོན་ཁྲིམས་སྐྱོང་མ་ལག་བཙུགས་པ་དང་། དམག་དཔུང་སྐྱོང་སྟངས་རྩ་བའི་རང་བཞིན་གྱི་འགྱུར་ལྡོག་གང་མགྱོགས་བཏང་ཡོད། དམག་མིའི་གཟི་བརྗིད་མཚན་སྙན་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཡོད།
    ཏང་གིས་དུས་རབས་གསར་པའི་མི་དམངས་དམག་དཔུང་གི་འགན་འཁྲི་དང་ལས་འགན་བཏོན་ཞིང་། དམག་དོན་འཐབ་ཇུས་ཀྱི་མཛུབ་སྟོན་བྱེད་སྟངས་གསར་གཏོད་བྱས་པ་དང་། དམག་དོན་གྱི་འཐབ་ཇུས་བཀོད་པ་ལེགས་སྒྲིག་དང་ལེགས་སྒྱུར་བྱས་ལ། མི་དམངས་དམག་དཔུང་གིས་རྣམ་པ་གསར་བཟོ་དང་། ཉམས་ཉེན་དོ་དམ་ཚོད་འཛིན། དམག་འཁྲུག་བཀག་སྡོམ། དམག་འཁྲུག་ལ་རྒྱལ་ཁ་ལེན་པ་བཅས་ཀྱི་འཐབ་ཇུས་བྱེད་ལས་ཆེ་རུ་བཏང་ཡོད། མི་དམངས་དམག་དཔུང་གིས་འཐབ་འཛིང་ནུས་ཤུགས་ཞེས་པའི་རྩ་བའི་ཚད་གཞི་ཉག་གཅིག་པོ་འདི་དམ་པོར་འཛིན་པ་དང་། དམག་འཐབ་རྒྱག་ཐུབ་པ་དང་རྒྱལ་ཁ་ལེན་ཐུབ་པའི་རྩ་བའི་ཕྱོགས་སྟོན་འདི་དམ་པོར་བཟུང་སྟེ། འཐབ་ཇུས་ཀྱི་སྟོབས་ཤུགས་དང་ཁྱབ་ཁོངས་གསར་པ་དང་རང་བཞིན་གསར་པའི་འཐབ་འཛིང་སྟོབས་ཤུགས་ཆེ་རུ་གཏོང་བ་དང་། མཉམ་འབྲེལ་དམག་འཐབ་བཀོད་འདོམས་མ་ལག་དང་ནུས་པ་འཛུགས་སྐྲུན་ལ་ཤུགས་རྒྱག་པ། “ཞི་བདེའི་བསགས་སྐྱོན་”ཡོ་བསྲང་དང་བཅོས་སྒྲིག་ཤུགས་ཆེན་དང་། དངོས་འཐབ་ཅན་གྱི་དམག་དོན་སྦྱོང་བརྡར་དམ་འཛིན་ཤུགས་ཆེན། དེང་རབས་ཀྱི་མཐའ་མཚོ་མཁའ་སྲུང་སྟོབས་ཆེན་དང་བརྟན་པོ་འཛུགས་པ། བློ་རྩ་བརྟན་ཞིང་གང་ལ་གང་འཚམ་གྱིས་དམག་དོན་འཐབ་རྩོད་སྤེལ་བ་བཅས་བྱས་ཏེ། ཕྱི་ཕྱོགས་ཀྱིས་དམག་དོན་འཁྲུག་རྐྱེན་སློང་བར་ཁ་གཏད་ནུས་ལྡན་འཇལ་བ་དང་། “ཐའེ་ཝན་རང་བཙན་”གྱི་ཁ་ཕྲལ་བྱ་སྤྱོད་ཟིལ་གྱིས་མནན་པ། མཐའ་སྲུང་འཐབ་རྩོད་དང་། མཚོ་ཐོག་གི་ཁེ་དབང་སྲུང་བ། འཇིགས་རྒོལ་བརྟན་སྲུང་། ཉེན་སེལ་གུད་སྐྱོབ། རིམས་ནད་འགོག་རྒོལ། ཞི་སྲུང་འགྲུལ་སྐྱེལ། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ། རྒྱལ་སྤྱིའི་དམག་དོན་མཉམ་ལས་སོགས་པའི་ལས་འགན་གལ་ཆེན་ལེགས་འགྲུབ་བྱུང་ཡོད།
     ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག མི་དམངས་དམག་དཔུང་སྤྱི་ཡོངས་རང་བཞིན་དང་གསར་བརྗེའི་རང་བཞིན་གྱི་བསྐྱར་སྐྲུན་བྱུང་བ་དང་། ལམ་ཆས་བསྐྱར་སྒྲིག་གིས་སླར་ཡང་ལམ་དུ་ཆས་འགོ་བརྩམས་ཤིང་། རྒྱལ་སྲུང་དངོས་ཤུགས་དང་དཔལ་འབྱོར་དངོས་ཤུགས་མཉམ་དུ་ཇེ་མཐོར་བཏང་ཞིང་། གཞི་གཅིག་ཅན་གྱི་རྒྱལ་ཁབ་ཀྱི་འཐབ་ཇུས་མ་ལག་དང་ནུས་པ་གང་མགྱོགས་བཙུགས་ལ། དམག་ཞབས་འཐིམ་པའི་དམག་མིར་དོ་དམ་དང་འགན་སྲུང་སྒྲིག་སྲོལ་བཙུགས་པ་དང་འཐུས་ཚང་དུ་བཏང་བ། རྒྱལ་སྲུང་སྐུལ་སློང་སྔར་ལས་ཕན་ནུས་ཆེ་བར་གྱུར་པ། དམག་སྲིད་དང་དམག་དམངས་བར་གྱི་མཐུན་སྒྲིལ་སྔར་བས་སྲ་བརྟན་དུ་ཕྱིན་ཡོད། མི་དམངས་དམག་དཔུང་གིས་དུས་རབས་གསར་པའི་འགན་འཁྲི་དང་ལས་འགན་མཐའ་གཅིག་ཏུ་བསྒྲུབས་ནས་ཞུམ་མེད་འཐབ་རྩོད་ཀྱི་སྙིང་སྟོབས་དང་བྱ་སྤྱོད་དངོས་ཀྱི་ཐོག་ནས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་སྲུང་སྐྱོབ་བྱས་ཡོད།

(བཅུ་གཅིག) རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་ཐད།
     སྒྱུར་བཅོས་སྒོ་འབྱེད་བྱས་རྗེས། ཏང་གིས་སྒྱུར་བཅོས་དང་། འཕེལ་རྒྱས། བརྟན་བརླིང་གསུམ་བར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱ་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ཤིང་། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་ཏང་དང་རྒྱལ་ཁབ་ཀྱི་རྨང་གཞིའི་རང་བཞིན་གྱི་ལས་ཀ་ཞིག་ཏུ་བརྩིས་ནས་དམ་འཛིན་བྱས་ཏེ། སྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་བདེ་འཇགས་ཀྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཡོད། དུས་རབས་གསར་པར་སླེབས་རྗེས། རང་རྒྱལ་གྱིས་མདུན་དུ་ལྷགས་པའི་རྒྱལ་ཁབ་ཀྱི་བདེ་འཇགས་གནས་བབ་སྔར་ལས་ཛ་དྲག་ཆེ་བ་དང་། ཕྱི་ཕྱོགས་ཀྱི་གནོན་ཤུགས་སྔ་ན་མེད་པ་བྱུང་ལ། སྲོལ་རྒྱུན་གྱི་བདེ་འཇགས་འཇིགས་སྐུལ་དང་སྲོལ་རྒྱུན་མིན་པའི་བདེ་འཇགས་འཇིགས་སྐུལ་ཕན་ཚུན་བསྣོལ་མར་གནས་པ་དང་། “ངང་པ་ནག་པོ་” དང་ “བསེ་རུ་ཐལ་སྐྱ་”ཡི་དོན་རྐྱེན་བྱུང་དང་འབྱུང་བཞིན་ཡོད། གནས་བབ་དང་ལས་འགན་གྱི་བླང་བྱ་དང་བསྡུར་ན། རང་རྒྱལ་གྱི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་ནུས་པ་མི་འདང་བ་དང་། ཉེན་ཁ་ཚབས་ཆེན་རིགས་སྣ་ཚོགས་ལ་ཁ་གཏད་འཇལ་བའི་ནུས་པ་ཆེན་པོ་མེད་ལ། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་གཅིག་འདོམས་མཐུན་སྦྱོར་ལམ་སྲོལ་འཐུས་ཚང་མིན། ཏང་ཀྲུང་དབྱང་གིས་ནན་བཤད་བྱས་དོན། རྒྱལ་དར་དམངས་བདེ་ཡོང་བ་ནི་མི་དམངས་མང་ཚོགས་ཀྱི་ཆེས་གཞི་རྩ་དང་ཆེས་ཡོངས་ཁྱབ་ཏུ་གྱུར་པའི་རེ་སྨོན་ཡིན་པས། ངེས་པར་དུ་མཐའ་ཚད་ཀྱི་བསམ་གཞིགས་དང་། བདེ་སྡོད་ཉེན་བསམ། ཆུ་མ་ཡོང་གོང་ནས་རགས་རྒྱག་པ་བཅས་རྒྱུན་འཁྱོངས་དང་། རྒྱལ་ཁབ་ཀྱི་ཁེ་ཕན་ནི་བླ་ན་མེད་པར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། མི་དམངས་ཀྱི་བདེ་འཇགས་དམིགས་ཡུལ་དུ་འཛིན་པ། ཆབ་སྲིད་ཀྱི་བདེ་འཇགས་རྩ་བར་འཛིན་པ། དཔལ་འབྱོར་གྱི་བདེ་འཇགས་རྨང་གཞིར་འཛིན་པ། དམག་དོན་དང་། ཚན་རྩལ། རིག་གནས། སྤྱི་ཚོགས་བཅས་ཀྱི་བདེ་འཇགས་འགན་སྲུང་དུ་འཛིན་པ། རྒྱལ་སྤྱིའི་བདེ་འཇགས་ལ་སྐུལ་འདེད་གཏོང་རྒྱུ་རྟེན་གཞིར་འཛིན་པ་བཅས་ཀྱི་སྒོ་ནས། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་དང་། སྒོ་འབྱེད་དང་བདེ་འཇགས་གཅིག་གྱུར་འཆར་འགོད། སྲོལ་རྒྱུན་གྱི་བདེ་འཇགས་དང་སྲོལ་རྒྱུན་མིན་པའི་བདེ་འཇགས་གཅིག་གྱུར་འཆར་འགོད། རང་ངོས་ཀྱི་བདེ་འཇགས་དང་ཐུན་མོང་གི་བདེ་འཇགས་གཅིག་གྱུར་འཆར་འགོད། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་དང་རྒྱལ་ཁབ་ཀྱི་བདེ་འཇགས་སྐྲུན་པར་གཅིག་གྱུར་འཆར་འགོད་བཅས་བྱེད་དགོས།
    བློ་མཐུན་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་འགན་ལེན་བྱེད་པ་ནི་དོན་ཆེན་ཨང་དང་པོ་ཡིན་ཞེས་ནན་བཤད་གནང་སྟེ། སྤྱི་ཡོངས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་བཏོན་པ་དང་། དེའི་ནང་དུ་ཆབ་སྲིད་དང་། དམག་དོན། རྒྱལ་ཁོངས། དཔལ་འབྱོར། རིག་གནས། སྤྱི་ཚོགས། ཚན་རྩལ། དྲ་རྒྱ། སྐྱེ་ཁམས། ཐོན་ཁུངས། ཉིང་རྡུལ། རྒྱལ་ཕྱིའི་ཁེ་ཕན། བར་སྣང་། མཚོ་གཏིང་། གླིང་སྣེ། སྐྱེ་དངོས་སོགས་ཁྱབ་ཁོངས་མང་པོ་ཚུད་ཡོད། ཏང་ཡོངས་ཀྱིས་འཐབ་རྩོད་ཀྱི་སྙིང་སྟོབས་ཆེ་རུ་གཏོང་བ་དང་། འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་བཏང་ནས། ཉེན་ཁ་སྣ་ཚོགས་སྔོན་འགོག་དང་སེལ་ཐབས་བྱེད་པའི་འགོ་ཁྲིད་ཀྱི་འགན་འཁྲི་དང་ལས་ཀའི་འགན་འཁྲི་དོན་འཁྱོལ་བྱེད་དགོས་པའི་བླང་བྱ་བཏོན་ཡོད། ཏང་ཀྲུང་དབྱང་ལ་ངོས་འཛིན་ཟབ་མོ་བྱུང་དོན། ཕྱི་ཕྱོགས་ཀྱིས་ང་ཚོར་བསྐོར་འགོག་དང་། མགོ་གནོན་པ། ཟིང་སློང་། རྩ་སློག་བཅས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་བའི་སྐབས་སུ། ངེས་པར་དུ་ངན་རེངས་སྟོབས་ཤུགས་ལ་མི་སྐྲག་པའི་སྙིང་སྟོབས་དར་སྤེལ་བཏང་སྟེ། ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྩ་སློག་བྱེད་རེ་བཅངས་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་འཕེལ་རིམ་འགོར་འགྱངས་དང་ཐ་ན་བཀག་འགོག་བྱེད་རེ་བཅངས་པའི་སྟོབས་ཤུགས་མཐའ་དག་དང་འཐབ་རྩོད་མཐར་ཕྱིན་པ་བྱེད་དགོས་པ་ལས། བཟོད་སྒོམ་རྐྱང་རྐྱང་བྱས་ན་མགོ་ཐར་དཔུང་འཛུལ་གྱིས་བཙན་པོ་དབང་ཡོད་ཁོ་ན་བྱེད་པ་དང་། རང་དོར་གཞན་བསྟུན་བྱས་ན་སྔར་བས་བརྙས་བཅོས་མྱོང་བའི་གནས་སུ་གྱར་ངེས་ཡིན། 
    ཏང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ཀྱི་མ་ལག་དང་ནུས་པ་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། ཀྲུང་དབྱང་རྒྱལ་ཁབ་ཀྱི་བདེ་འཇགས་ཨུ་ཡོན་ལྷན་ཁང་བཙུགས་ནས་གཅིག་སྡུད་གཅིག་གྱུར་དང་ལས་ཆོད་ཆེ་ཞིང་དབང་གྲགས་ལྡན་པའི་རྒྱལ་ཁབ་ཀྱི་བདེ་འཇགས་ཀྱི་འགོ་ཁྲིད་སྒྲིག་སྲོལ་འཐུས་ཚང་དུ་བཏང་བ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་ཀྱི་ཁྲིམས་སྐྱོང་མ་ལག་དང་། འཐབ་ཇུས་མ་ལག སྲིད་ཇུས་མ་ལག་བཅས་འཐུས་ཚང་དུ་བཏང་སྟེ། རྒྱལ་ཁབ་ཀྱི་བདེ་འཇགས་ལས་དོན་གྱི་མཐུན་སྦྱོར་ལམ་སྲོལ་དང་འཕྲལ་བསྟུན་དོ་དམ་ལམ་སྲོལ་བཙུགས་ཡོད། ཏང་གིས་བདེ་འཇགས་ངང་འཕེལ་རྒྱས་གཏོང་བ་དེ་རྒྱལ་ཁབ་འཕེལ་རྒྱས་གཏོང་བའི་ཁྱབ་ཁོངས་ཁག་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཏེ། རང་རྒྱལ་དེང་རབས་ཅན་དུ་འགྱུར་བའི་འཕེལ་རིམ་ལ་ཤུགས་རྐྱེན་བཟོ་བའི་ཉེན་ཁ་ཚབས་ཆེན་སྔོན་འགོག་དང་སེལ་ཐབས་བྱེད་པར་དོ་སྣང་བྱས་པ་དང་། རྒྱལ་ཁབ་ཀྱི་སྲིད་དབང་གི་བདེ་འཇགས་དང་། ལམ་ལུགས་ཀྱི་བདེ་འཇགས། འདུ་ཤེས་འཛིན་སྟངས་ཀྱི་བདེ་འཇགས་བཅས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཤིང་། རྒྱལ་ཁབ་ཀྱི་བདེ་འཇགས་ཀྱི་དྲིལ་བསྒྲགས་སློབ་གསོ་དང་དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོ་ཤུགས་ཆེ་རུ་བཏང་བ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་ཡོང་བའི་མི་དམངས་ཀྱི་འགོག་སྲུང་འཛིང་རགས་སྲ་བརྟན་དུ་བཏང་། མཐའ་དར་དམངས་ཕྱུག་དང་། མཐའ་མཚམས་བརྟན་བརླིང་དང་མཐའ་མཚམས་སྲ་བརྟན་ཡོང་བར་སྐུལ་སྤེལ་བཏང་། དགྲར་འཛིན་སྟོབས་ཤུགས་ཀྱིས་སིམ་འཛུལ་དང་། གཏོར་བརླག རྩ་སློག ཁ་ཕྲལ་བཅས་གཏོང་བའི་བྱ་སྤྱོད་སྤེལ་བར་དོགས་ཟོན་ནན་པོ་དང་རྡུང་རྡེག་དྲག་པོ་གཏོང་བ། ཕྱི་ཕྱོགས་ཀྱི་བཙན་གནོན་དང་བཀག་སྡོམ་དྲག་པོ་བཀག་འགོག་དང་དེར་རྒོལ་ལན་སློག་པ། ཞང་ཀང་དང་འབྲེལ་བ། ཐའེ་ཝན་དང་འབྲེལ་བ། ཞིན་ཅང་དང་འབྲེལ་བ། བོད་དང་འབྲེལ་བ། རྒྱ་མཚོ་དང་འབྲེལ་བ་སོགས་ཀྱི་འཐབ་རྩོད་སྤེལ་བ། རྒྱ་མཚོའི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་བཅས་བྱས་ནས། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་ནུས་ལྡན་བྱས་ཡོད། 
ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་ཐེབས་ཏེ། ཆབ་སྲིད་དང་། དཔལ་འབྱོར། འདུ་ཤེས་འཛིན་སྟངས། རང་བྱུང་ཁམས་སོགས་ཀྱི་ཐད་ནས་བྱུང་བའི་ཉེན་ཁ་དང་འགྲན་སློང་གི་ཉམས་སད་ཐེག་སྟེ། ཏང་དང་རྒྱལ་ཁབ་དར་རྒྱས་གོང་འཕེལ་དང་ཡུན་རིང་བདེ་འགོད་ཡོང་བར་འགན་ལེན་ནུས་ལྡན་འདོན་སྤྲོད་བྱས་ཡོད། 

(བཅུ་གཉིས།)“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”རྒྱུན་འཁྱོངས་དང་མེས་རྒྱལ་གཅིག་གྱུར་ཡོང་བར་སྐུལ་འདེད་བཏང་བའི་ཐད།
    ཞང་ཀང་དང་ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་རྗེས་བསྐྱར་དུ་རྒྱལ་ཁབ་བཅོས་སྐྱོང་མ་ལག་ནང་བཅུག་པ་དང་། མེས་རྒྱལ་ནང་ས་དང་དགེ་མཚན་གསབ་རེས་དང་མཉམ་དུ་འཕེལ་རྒྱས་འགྲོ་བའི་ལམ་ཁ་ཡངས་པོའི་ཐོག་བསྐྱོད་དེ། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”ལག་ལེན་བསྟར་བར་འཛམ་གླིང་སྐྱེ་བོ་ཀུན་གྱིས་ཁས་ལེན་པའི་ལེགས་གྲུབ་བྱུང་ཡོད། དུས་མཚུངས་སུ། དུས་སྐབས་ཤིག་གི་རིང་ལ་རྒྱལ་ཁབ་ཕྱི་ནང་གི་རྙོག་འཛིང་ཆེ་བའི་རྒྱུ་རྐྱེན་སྣ་ཚོགས་ཀྱི་ཤུགས་རྐྱེན་ཐེབས་ཤིང་། “ཀྲུང་དབྱང་སྲིད་གཞུང་ལ་ངོ་རྒོལ་དང་ཞང་ཀང་དུ་ཟིང་ཆ་སློང་བའི་”བྱེད་སྒོ་སྨྱོས་པ་ལྟར་སྤེལ་བས་ཞང་ཀང་གི་གནས་བབ་རེ་ཞིག་ཧ་ཅང་ཛ་དྲག་གི་གནས་སུ་གྱར། ཏང་ཀྲུང་དབྱང་གིས་ནན་བཤད་བྱས་དོན། ངེས་པར་དུ་“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”ཀྱི་བྱེད་ཕྱོགས་ཆ་ཚང་ཞིང་ཡང་དག་པ་དང་བློ་བརྟན་འགྱུར་མེད་ཀྱིས་ལག་ལེན་མཐར་ཕྱིན་བསྟར་བ་དང་། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”ཀྱི་ལམ་ལུགས་མ་ལག་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་སྟེ། ཁྲིམས་ལྟར་ཞང་ཀང་དང་ཨའོ་མོན་སྐྱོང་བ་རྒྱུན་འཁྱོངས་དང་། རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ནང་གཏན་ལ་ཕབ་པའི་དམིགས་བསལ་སྲིད་འཛིན་ཁུལ་གྱི་རྩ་ཁྲིམས་ཅན་གྱི་སྒྲིག་ལམ་སྲུང་སྐྱོང་། ཀྲུང་དབྱང་གིས་དམིགས་བསལ་སྲིད་འཛིན་ཁུལ་ལ་ཕྱོགས་ཡོངས་ནས་བདག་སྐྱོང་བྱེད་པའི་དབང་ཆ་དོན་འཁྱོལ། “རྒྱལ་གཅེས་པས་ཞང་ཀང་སྐྱོང་བ་”དང་། “རྒྱལ་གཅེས་པས་ཨའོ་མོན་སྐྱོང་བ་”བློ་རྩ་བརྟན་པོས་དོན་འཁྱོལ་བཅས་བྱས་ཡོད། 
    ཏང་ཀྲུང་དབྱང་གིས་དུས་དཔག་བབ་བསྟུན་བྱས་ཏེ། ཀྲུང་དབྱང་གིས་རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ལྟར་དམིགས་བསལ་སྲིད་འཛིན་ཁུལ་ལ་ཕྱོགས་ཡོངས་ནས་བདག་སྐྱོང་བྱེད་པའི་དབང་ཆ་སྤྱོད་པ་འཐུས་ཚང་དུ་གཏོང་བ་དང་། དམིགས་བསལ་སྲིད་འཛིན་ཁུལ་དུ་རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ལག་བསྟར་བྱེད་པ་དང་འབྲེལ་བའི་ལམ་ལུགས་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བའི་ཇུས་ཐག་གལ་ཆེན་བཅད་པ་དང་།  དམིགས་བསལ་སྲིད་འཛིན་ཁུལ་གྱིས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་བཅའ་ཁྲིམས་ལམ་ལུགས་དང་ལག་བསྟར་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་། 《ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱིས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་》གཏན་ལ་འབེབས་པ། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་འདེམས་བསྐོའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་བཅས་ལ་སྐུལ་འདེད་བཏང་། “རྒྱལ་གཅེས་པས་ཞང་ཀང་སྐྱོང་བ་”ཡི་རྩ་དོན་དོན་འཁྱོལ་བྱས་ཤིང་། དམིགས་བསལ་སྲིད་འཛིན་ཁུལ་གྱིས་གཞུང་ལས་མི་སྣས་དམ་བཅའ་འཇོག་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བར་རྒྱབ་སྐྱོར་བྱས། ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་ཁྲིམས་ལྟར་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དུ་བཅའ་སྡོད་བྱེད་པའི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་ཀུང་ཧྲུའུ་བཙུགས་པ་དང་། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱིས་ཁྲིམས་ལྟར་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་ཨུ་ཡོན་ལྷན་ཁང་བཙུགས་ཡོད། ཀྲུང་དབྱང་གིས་བློ་རྩ་བརྟན་པོས་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱིས་ཁྲིམས་ལྟར་དྲག་འགོག་ཟིང་བཅོས་དང་སྒྲིག་ལམ་སླར་གསོ་བྱེད་པར་རྒྱབ་སྐྱོར་དང་། སྲིད་འཛིན་འགོ་དཔོན་དང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་གིས་ཁྲིམས་ལྟར་སྲིད་སྐྱོང་བར་རྒྱབ་སྐྱོར་བྱས་ཤིང་། ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ཞང་ཀང་དང་ཨའོ་མོན་གྱི་ལས་དོན་ལ་ཐེ་གཏོགས་བྱེད་པར་མཐའ་གཅིག་ཏུ་དོགས་ཟོན་དང་བཀག་འགོག་བྱས་ཏེ། ཁ་ཕྲལ་དང་། རྩ་སློག སིམ་འཛུལ། གཏོར་བརླག་གཏོང་བ་བཅས་ཀྱི་བྱ་སྤྱོད་ལ་རྡུང་རྡེག་དྲག་པོ་བཏང་ཡོད། ཞང་ཀང་དང་ཨའོ་མོན་རྒྱལ་ཁབ་འཕེལ་རྒྱས་འགྲོ་བའི་ཁྱོན་ཆེན་ནང་སྔར་ལས་ལེགས་པར་འདྲེས་པར་ཕྱོགས་ཡོངས་ནས་རྒྱབ་སྐྱོར་དང་། ཡུའེ་ཀང་ཨའོ་ཁུག་ཆེན་ཁུལ་སྤུས་ཚད་མཐོན་པོས་འཛུགས་སྐྲུན་བྱས། ཞང་ཀང་དང་ཨའོ་མོན་གྱིས་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་དམངས་འཚོ་ལེགས་བཅོས་བྱེད་པར་རྒྱབ་སྐྱོར་བྱས་ཏེ། སྤུན་ཟླ་ཞང་ཀང་པ་དང་སྤུན་ཟླ་ཨའོ་མོན་པའི་རྒྱལ་ཁབ་ཀྱི་འདུ་ཤེས་དང་རྒྱལ་གཅེས་ཀྱི་སྙིང་སྟོབས་ཆེ་རུ་བཏང་ཡོད། རྩ་ལག་མཉམ་བཅོས་ཀྱི་བྱེད་ཐབས་རབ་དང་རིམ་པ་འདི་དག་གིས་ཞང་ཀང་གི་གནས་བབ་ཟང་ཟིང་ནས་བདེ་འགོད་ཡོང་བར་སྐུལ་འདེད་ཆེན་པོ་བཏང་སྟེ། ཁྲིམས་ལྟར་ཞང་ཀང་དང་ཨའོ་མོན་སྐྱོང་བ་དང་། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”ཀྱི་ལག་ལེན་བརྟན་ཞིང་ཡུན་རིང་པོར་སྤེལ་བར་སྐུལ་འདེད་གཏོང་བར་རྨང་གཞི་བརྟན་པོ་བཏིང་ཡོད།
    ཐའེ་ཝན་གྱི་གནད་དོན་ཐག་གཅོད་བྱས་ཏེ་མེས་རྒྱལ་ཡོངས་སུ་གོང་བུ་གཅིག་གྱུར་ཡོང་བར་བྱ་རྒྱུ་ནི་ཏང་གི་འགྱུར་མེད་དམ་བཅའ་བཞག་པའི་ལོ་རྒྱུས་ཀྱི་ལས་འགན་ཡིན་ཞིང་། ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱི་ཐུན་མོང་གི་རེ་འདུན་ཡིན་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བ་མངོན་འགྱུར་བྱེད་པའི་ལྡོག་མེད་ཀྱི་བླང་བྱའང་ཡིན། ཏང་གིས་ངོགས་གཉིས་ཀྱི་འབྲེལ་བའི་དུས་རབས་ཀྱི་འགྱུར་ལྡོག་ཁོང་དུ་ཆུད་པར་བྱས་ཏེ། རྒྱལ་ཁབ་གཅིག་གྱུར་ཡོང་བའི་རིགས་པའི་གཞུང་ལུགས་དང་ཐའེ་ཝན་ལ་དམིགས་པའི་བྱེད་ཕྱོགས་དང་སྲིད་ཇུས་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་བཏང་ནས་ངོགས་གཉིས་ཀྱི་འབྲེལ་བ་ཡང་དག་པའི་ཕྱོགས་སུ་འཕེལ་བར་སྐུལ་འདེད་བཏང་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་ཐའེ་ཝན་གྱི་ལས་དོན་ཐད་འདུ་ཤེས་གལ་ཆེན་དང་སྲིད་ཇུས་བཞེད་དགོངས་གལ་ཆེན་རབ་དང་རིམ་པ་བཏོན་ནས། དུས་རབས་གསར་པར་ཏང་གིས་ཐའེ་ཝན་གྱི་གནད་དོན་ཐག་གཅོད་བྱེད་པའི་སྤྱིའི་ཇུས་གཞི་གྲུབ་ཡོད། ང་ཚོས་1949ལོའི་ཚུན་གྱི་ངོགས་གཉིས་ཀྱི་འགོ་ཁྲིད་པའི་མཇལ་འཕྲད་ཐེངས་དང་པོ་དང་ངོགས་གཉིས་ཀྱི་འགོ་ཁྲིད་པས་ཐད་ཀར་གླེང་མོལ་སྤེལ་རེས་བྱེད་པ་མངོན་འགྱུར་ཡོང་བར་སྐུལ་འདེད་བཏང་ཡོད། ཏང་གིས་“ངོགས་གཉིས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་”འདུ་ཤེས་བཅངས་ནས་ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་བ་དང་། རྒྱ་ཆེའི་སྤུན་ཟླ་ཐའེ་ཝན་པར་ཕན་པའི་སྲིད་ཇུས་རབ་དང་རིམ་པ་བཏོན་ནས། ངོགས་གཉིས་ཀྱི་དཔལ་འབྱོར་དང་རིག་གནས་སྤེལ་རེས་དང་མཉམ་ལས་བྱེད་པར་ཤུགས་བརྒྱབ་ཡོད། 2016ལོའི་ཚུན་ལ། ཐའེ་ཝན་དབང་འཛིན་ལས་ཁུངས་ཀྱིས་“ཐའེ་ཝན་རང་བཙན་”གྱི་ཁ་ཕྲལ་བྱ་སྤྱོད་སྤེལ་གང་ཐུབ་བྱས་པས། ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་ངང་འཕེལ་རྒྱས་ཡོང་བར་རྡུང་རྡེག་ཚབས་ཆེན་ཕོག ང་ཚོས་ཀྲུང་གོ་གཅིག་གི་རྩ་དོན་དང་“གོ་གཉིས་ངོས་འཛིན་གཅིག་མཐུན་”རྒྱུན་འཁྱོངས་བྱས་ཤིང་། “ཐའེ་ཝན་རང་བཙན་”གྱི་ཁ་ཕྲལ་བྱ་སྤྱོད་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་པ་དང་། ཕྱི་ཕྱོགས་སྟོབས་ཤུགས་ཀྱི་ཐེ་ཇུས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ཏེ། ངོགས་གཉིས་ཀྱི་འབྲེལ་བའི་གཙོ་ཁྲིད་དབང་ཆ་དང་རང་འགུལ་དབང་ཆ་སྟངས་འཛིན་ནན་པོ་བྱས་ཡོད། མེས་རྒྱལ་ཡོངས་སུ་གོང་བུ་གཅིག་གྱུར་ཡོང་བའི་དུས་བབ་དང་གནས་བབ་ནི་ནམ་ཡང་ང་ཚོའི་ཕྱོགས་སུ་གནས་ཡོད།
    ཀྲུང་གོའི་གུང་ཁྲན་ཏང་གི་སྟོབས་ལྡན་འགོ་ཁྲིད་དང་། མེས་རྒྱལ་རླབས་པོ་ཆེའི་སྟོབས་ལྡན་འདེགས་སྐྱོར། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ། སྤུན་ཟླ་ཐའེ་ཝན་པ་བཅས་ཚུད་པའི་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སེམས་ཤུགས་གཅིག་སྒྲིལ་བཅས་ཡོད་ན། ཞང་ཀང་དང་ཨའོ་མོན་ཡུན་རིང་དར་རྒྱས་བརྟན་བརླིང་གི་རྣམ་པ་མཐའ་འཁྱོངས་བྱེད་ཐུབ་ངེས་ཡིན་པ་དང་། མེས་རྒྱལ་ཡོངས་སུ་གོང་བུ་གཅིག་གྱུར་ཡོང་བ་མངོན་འགྱུར་བྱེད་ཐུབ་ངེས་ཡིན་པ་ལག་ལེན་ལས་དངོས་ར་གསལ་འཕྲོད་བྱུང་ཡོད། 

(བཅུ་གསུམ།) ཕྱི་འབྲེལ་ལས་དོན་ཐད།
    སྒྱུར་བཅོས་སྒོ་འབྱེད་བྱས་རྗེས། ཏང་གིས་རང་བཙན་རང་བདག་གི་ཞི་བདེའི་ཕྱི་འབྲེལ་སྲིད་ཇུས་རྒྱུན་འཁྱོངས་བྱས་པས། རང་རྒྱལ་འཕེལ་རྒྱས་ཡོང་བར་ཕྱིའི་ཁོར་ཡུག་ལེགས་པོ་བསྐྲུན་པ་དང་། མིའི་རིགས་ཡར་ཐོན་འགྲོ་བའི་བྱ་གཞག་ཐད་བྱས་རྗེས་ཆེན་པོ་བཞག་ཡོད། དུས་རབས་གསར་པར་སླེབས་རྗེས།  རྒྱལ་སྤྱིའི་སྟོབས་ཤུགས་ཀྱི་བསྡུར་ཚད་ལེགས་སྒྲིག་གཏིང་ཟབ་བྱུང་ཞིང་། ཕྱོགས་རྐྱང་རིང་ལུགས་དང་། སྲུང་སྐྱོང་རིང་ལུགས། བཙན་དབང་རིང་ལུགས། བཙན་དབང་ཆབ་སྲིད་བཅས་ཀྱིས་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་འཇིགས་སྐུལ་ཐེབས་ཚད་ཆེ་རུ་ཕྱིན་པ་དང་། གོ་ལ་ཧྲིལ་པོ་ཅན་ལས་ལྡོག་པའི་བསམ་བློའི་རླབས་རྒྱུན་དྲག་ཏུ་ཕྱིན་པས། འཛམ་གླིང་གཡོ་འགུལ་དང་འཕོ་འགྱུར་ཆེ་བའི་དུས་སྐབས་སུ་སླེབས་པ་རེད། ཏང་ཀྲུང་དབྱང་གིས་ནན་བཤད་བྱས་དོན། རྙོག་འཛིང་དང་ཛ་དྲག་ཆེ་བའི་རྒྱལ་སྤྱིའི་གནས་བབ་དང་སྔར་བྱུང་མ་མྱོང་བའི་ཕྱི་རོལ་གྱི་ཉེན་ཁ་དང་འགྲན་སློང་གི་མདུན་དུ། ངེས་པར་དུ་རྒྱལ་ནང་དང་རྒྱལ་སྤྱིའི་ཁྱོན་ཡོངས་གཉིས་གཅིག་གྱུར་འཆར་འགོད་བྱས་ཏེ། ཏང་གིས་ཕྱི་དོན་ལས་ཀར་འགོ་ཁྲིད་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཕྱི་ཕྱོགས་ལས་དོན་ལ་རྩེ་རིམ་ཇུས་འགོད་བྱེད་ཤུགས་ཆེ་རུ་གཏོང་དགོས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ལ་འཐབ་ཇུས་ཇུས་འགོད་བྱས་ཏེ་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ། ཞི་བདེ་དང་། འཕེལ་རྒྱས། དྲང་གཞག དྲང་བདེན།  དམངས་གཙོ། རང་དབང་བཅས་ཀྱི་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་གཏོང་བ་བཅས་བྱས་ཏེ། མིའི་རིགས་ཡར་ཐོན་འགྲོ་བའི་རླབས་རྒྱུན་གྱི་སྣེ་ཁྲིད་དགོས།
    ཏང་གིས་དུས་རབས་གསར་པའི་ཕྱི་འབྲེལ་ལས་དོན་གྱི་ཁྱོན་ཡོངས་ལ་སྟངས་འཛིན་བྱས་ཤིང་། མི་རིགས་བསྐྱར་དར་ཡོང་བར་ཞབས་ཞུ་དང་མིའི་རིགས་ཡར་ཐོན་འགྲོ་བར་སྐུལ་སྤེལ་བྱེད་པའི་གཙོ་ཐིག་འདིར་རྩེ་གཅིག་ཏུ་དམིགས་ཏེ། ཞི་བདེ་དང་། འཕེལ་རྒྱས། མཉམ་ལས། མཉམ་རྒྱལ་བཅས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས། ཕྱོགས་མཐའ་ཀུན་དང་། རིམ་པ་མང་བ། ལངས་གཟུགས་ཅན་བཅས་ཀྱི་ཕྱི་འབྲེལ་བཀོད་པ་འདིང་བར་སྐུལ་འདེད་དང་འཐུས་ཚང་དུ་བཏང་བ་དང་། གོ་ལ་ཧྲིལ་པོའི་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་ཧུར་ཐག་བཏང་ཡོད། ང་ཚོས་རྒྱལ་ཁབ་ཆེན་པོའི་འབྲེལ་བའི་ཐབས་ཇུས་བཏིང་ཞིང་། རྒྱལ་ཁབ་ཆེན་པོའི་མཐུན་སྦྱོར་དང་མཉམ་ལས་ལ་སྐུལ་འདེད་བཏང་ཡོད། མཛའ་སེམས་ལྷག་བསམ་ཕན་འདོགས་ཁོང་ཡངས་བཞི་ལྡན་གྱི་འདུ་ཤེས་དང་། ཁྱིམ་མཚེས་རྒྱལ་ཁབ་དང་འགྲོགས་བདེ་གཤིབ་བདེ་ཡོང་བའི་མཐའ་འཁོར་ཕྱི་འབྲེལ་གྱི་བྱེད་ཕྱོགས་ལྟར། མཐའ་འཁོར་རྒྱལ་ཁབ་དང་འབྲེལ་བ་དམ་ཟབ་ཏུ་བཏང་ཡོད། མཐའ་འཁོར་འཐབ་ཇུས་རྟེན་གཞི་བརྟན་བརླིང་ཡོང་བར་བྱས་ནས་མཐའ་འཁོར་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་ཡོད། ཡང་དག་པའི་བདེན་ཁེའི་ལྟ་བ་དང་། རྣམ་དག དངོས་གཉེར། མཛའ་སེམས། ལྷག་བསམ་བཅས་ཀྱི་འདུ་ཤེས་བཅངས་ནས་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་མཐུན་སྒྲིལ་དང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་སྟེ། སྤྱི་ཡོངས་ཀྱི་མཉམ་ལས་ལམ་སྲོལ་གྱིས་ཡོངས་སུ་ཁེབས་པར་བྱས་ཡོད། ཏང་གིས་འཛམ་གླིང་ཐོག་གི་སྲིད་ཏང་དང་ཆབ་སྲིད་རྩ་འཛུགས་ལྔ་བརྒྱ་ལྷག་དང་རྒྱུན་ལྡན་རང་བཞིན་གྱི་འབྲེལ་འདྲིས་མཐའ་འཁྱོངས་བྱས་ཏེ། སྲིད་ཏང་བར་གྱི་སྤེལ་རེས་དང་མཉམ་ལས་གཏིང་ཟབ་ཏུ་བཏང་ཡོད། “ཕྱི་རུ་སྐྱོད་པ་”དེ་ཉིན་རེ་བཞིན་རྒྱ་སྐྱེད་པའི་གནས་བབ་གསར་པ་དང་འཚམ་མཐུན་ཡོང་བར་བྱས་ཏེ། རྒྱལ་ཕྱིའི་ཁེ་ཕན་སྲུང་སྐྱོང་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ནས། རྒྱལ་ཕྱིའི་ཁེ་ཕན་གྱི་ཉེན་ཁ་དང་འགྲན་སློང་རབ་དང་རིམ་པར་ཁ་གཏད་ནུས་ལྡན་འཇལ་ཡོད།
    རང་རྒྱལ་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྒྱུར་བཅོས་དང་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ཏེ། མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་ཡིན་པའི་རྒྱལ་སྤྱིའི་མ་ལག་དང་། རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་གྱི་དམིགས་ཡུལ་དང་རྩ་དོན་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་བཅས་སྲུང་སྐྱོང་བྱས་པ་དང་། ཕྱོགས་མང་རིང་ལུགས་ངོ་མ་དེ་སྲུང་སྐྱོང་དང་ལག་ལེན་བསྟར་ཞིང་། ཕྱོགས་རྐྱང་རིང་ལུགས་དང་། སྲུང་སྐྱོང་རིང་ལུགས། བཙན་དབང་རིང་ལུགས། བཙན་དབང་ཆབ་སྲིད་བཅས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ཏེ། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་སྔར་ལས་སྒོ་འབྱེད་དང་། ཁོང་ཡངས། ཀུན་ཕན། དོ་མཉམ། མཉམ་རྒྱལ་བཅས་ཀྱི་ཕྱོགས་སུ་འཕེལ་བར་སྐུལ་འདེད་ཧུར་ཐག་བཏང་ཡོད། རང་རྒྱལ་དགེ་མཚན་ལྡན་པའི་ངང་རྒྱལ་སྤྱི་དང་ས་ཁུལ་གྱི་གླེང་ཆ་ཆེ་བའི་གནད་དོན་ཆབ་སྲིད་ཀྱི་ལམ་ནས་ཐག་གཅོད་བྱེད་རིམ་ཁྲོད་ཞུགས་པ་དང་། གནམ་གཤིས་འགྱུར་ལྡོག་དང་། དབུལ་པོ་ཉུང་གཏོང་། འཇིགས་སྐུལ་ལ་ངོ་རྒོལ། དྲ་རྒྱའི་བདེ་འཇགས། ས་ཁུལ་གྱི་བདེ་འཇགས་སྲུང་སྐྱོང་སོགས་ཀྱི་ཁྱབ་ཁོངས་སུ་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད། རང་རྒྱལ་གྱིས་ཏོག་གསར་གློ་ཚད་རིམས་ནད་འགོག་རྒོལ་བྱེད་པའི་རྒྱལ་སྤྱིའི་མཉམ་ལས་སྤེལ་བ་དང་། ཀྲུང་གོ་གསར་པ་དབུ་བརྙེས་པའི་ཚུན་གྱི་གཞི་ཁྱོན་ཆེ་ཤོས་ཡིན་པའི་གོ་ལ་ཧྲིལ་པོའི་ཛ་དྲག་ཆེ་བའི་མི་ཆོས་རིང་ལུགས་ཀྱི་བྱ་སྤྱོད་སྤེལ་ནས། རྒྱལ་ཁབ་མང་པོ་དང་ལྷག་པར་དུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་དངོས་ཟོག་གི་རོགས་སྐྱོར་དང་། སྨན་བཅོས་ཀྱི་རྒྱབ་སྐྱོར། རིམས་ནད་འགོག་སྨན་གྱི་རོགས་སྐྱོར་དང་མཉམ་ལས་བཅས་འདོན་སྤྲོད་བྱས་ཏེ། འགན་འཁུར་བའི་རྒྱལ་ཁབ་ཆེན་པོའི་སྣང་བརྙན་མངོན་པར་བྱས་ཡོད།
    རྒྱུན་མཐུད་ངང་འབད་བརྩོན་བྱས་མཐར། ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ལ་ཕྱོགས་ཡོངས་ནས་སྐུལ་སྤེལ་བཏང་བ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུ་དེ་དུས་རབས་ཀྱི་རླབས་རྒྱུན་དང་མིའི་རིགས་མདུན་སྐྱོད་ཀྱི་ཁ་ཕྱོགས་ལ་སྣེ་ཁྲིད་བྱེད་པའི་དར་ཆ་གསལ་པོ་ཞིག་ཏུ་གྱུར་པ་དང་། རང་རྒྱལ་གྱི་ཕྱི་འབྲེལ་གྱིས་འཛམ་གླིང་གི་འཕོ་འགྱུར་ཆེན་པོའི་ཁྲོད་དུ་རྣམ་པ་གསར་པ་བཏོད་པ་དང་། འཛམ་གླིང་ཟང་ཟིང་གི་གནས་བབ་ཁྲོད་ཉེན་ཁ་གོ་སྐབས་སུ་བསྒྱུར་ཡོད། རང་རྒྱལ་གྱི་རྒྱལ་སྤྱིར་ཤུགས་རྐྱེན་བཟོ་ཤུགས་དང་། བློ་སེམས་འགུག་ཤུགས། བཞེངས་སྐྲུན་བྱེད་ཤུགས་བཅས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། 
    མདོར་ན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱི་འགོ་ཁྲིད་དེ་འབད་འབུངས་མདུན་སྐྱོད་བྱས་པས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཚར་བར་བྱེད་པའི་དམིགས་འབེན་དུས་བཀག་ལྟར་མངོན་འགྱུར་བྱུང་བ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཞིང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྐྱེ་སྟོབས་དང་གསོན་ཤུགས་ཆེན་པོ་མངོན་པ་དང་། ཏང་སེམས་དང་། དམག་སེམས། དམངས་སེམས་བཅས་སྔར་མེད་གོང་བུ་གཅིག་ཏུ་འགྲིལ་བ་དང་ངར་ཤུགས་བསྐྱེད་དེ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བ་མངོན་འགྱུར་བྱེད་ཆེད་སྔར་ལས་འཐུས་སྒོ་ཚང་བའི་ལམ་ལུགས་ཀྱི་འགན་ལེན་དང་། སྔར་ལས་སྲ་ཞིང་བརྟན་པའི་དངོས་པོའི་རྨང་གཞི། སྔར་ལས་རང་འགུལ་ཆེ་བའི་བསམ་པའི་སྟོབས་ཤུགས་བཅས་འདོན་སྤྲོད་བྱས་ཡོད། ཀྲུང་གོའི་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་ཀྱིས་དཔའ་མཛངས་རྟུལ་ཕོད་ཀྱིས་འབད་འཐབ་བྱས་ཏེ་འཛམ་གླིང་ལ་ཀྲུང་ཧྭ་མི་རིགས་ཀྱིས་ཡར་ལངས་པ་ནས་ཕྱུག་པོར་གྱུར་པ་དང་། དེ་ནས་སྟོབས་ལྡན་དུ་འགྱུར་པའི་བར་གྱི་འཕུར་མཆོང་རླབས་པོ་ཆེ་བསུས་ཡོད་པ་བརྗིད་ཉམས་ལྡན་པའི་ངང་ནས་ཁྱབ་བསྒྲགས་བྱས་ཡོད།

ལྔ། ཀྲུང་གོའི་གུང་ཁྲན་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་ཀྱི་དོན་སྙིང་།
    ལོ་ངོ་བརྒྱའི་རིང་། ཏང་གིས་ཐོག་མཐའ་བར་གསུམ་དུ་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་ཞིང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་མིའི་རིགས་འཕེལ་རྒྱས་འགྲོ་བའི་ལོ་རྒྱུས་ཐོག་བརྗིད་ཆགས་མཛེས་སྡུག་ལྡན་པའི་རི་མོ་བཀོད་ཡོད་པས། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་སྔར་བྱུང་མྱོང་མེད་པའི་འོད་སྟོང་འཕྲོ་བའི་མདུན་ལྗོངས་བཟང་པོ་ཤར་ཡོད།
    (གཅིག) ཏང་གི་ལོ་བརྒྱའི་འབད་འཐབ་ཀྱིས་ཀྲུང་གོའི་མི་དམངས་ཀྱི་མདུན་ལམ་དང་ལས་དབང་རྩ་བ་ནས་བསྒྱུར་ཡོད། ཉེ་རབས་ཀྱི་རྗེས་སུ། ཀྲུང་གོའི་མི་དམངས་ལ་རི་བོ་ཆེན་པོ་གསུམ་གྱི་གཉའ་གནོན་དྲག་པོ་ཐེབས་ཤིང་། ནུབ་ཕྱོགས་བཙན་དབང་རྒྱལ་ཁབ་ཀྱིས་“ཨེ་ཤ་ཡ་ཤར་མའི་ནད་རོ་”ཞེས་དམའ་འབེབས་དང་འཕྱ་སྨོད་བྱས་པ་རེད། ལོ་ངོ་བརྒྱའི་རིང་། ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་རྔམ་བརྗིད་ལྡན་པའི་འཐབ་རྩོད་རླབས་པོ་ཆེ་བྱས་པ་བརྒྱུད། ཀྲུང་གོའི་མི་དམངས་བརྙས་བཅོས་དང་། གཉའ་གནོན། བྲན་བཀོལ་བཅས་ཀྱི་ལས་དབང་ལས་རྦད་དེ་ཐར་ནས། རྒྱལ་ཁབ་དང་། སྤྱི་ཚོགས། རང་ཉིད་ཀྱི་ལས་དབང་བཅས་ཀྱི་བདག་པོར་གྱུར་པ་དང་། མི་དམངས་དམངས་གཙོ་རྒྱུན་ཆད་མེད་པར་འཕེལ་རྒྱས་བྱུང་བ་དང་། མི་འབོར་དུང་ཕྱུར་བཅུ་བཞི་ལྷག་ལ་ཕྱོགས་ཡོངས་ནས་འབྱོར་འབྲིང་མངོན་འགྱུར་བྱུང་ཞིང་། ཀྲུང་གོའི་མི་དམངས་ཀྱིས་དགའ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་རྒྱུན་ཆད་མེད་པར་མངོན་འགྱུར་བྱུང་ཡོད།  དེ་རིང་། ཀྲུང་གོའི་མི་དམངས་ནི་སྔར་བས་གདེང་ཚོད་ཀྱིས་ཁེངས་པ་དང་། རང་མགོ་རང་ཐོན། རང་སྟོབས་རང་སྤེལ་བྱུང་བར་བརྟེན། བློ་སྟོབས་དང་། ལ་རྒྱ། བློ་གདེང་བཅས་ཆེས་ཆེར་བསྐྱེད་ཅིང་། ལོ་རྒྱུས་ཀྱི་འཕེལ་རིམ་ནང་བསགས་པའི་ནུས་ཤུགས་ཆེན་པོ་དྲག་ཏུ་འཕྱུར་བ་དང་། སྔར་བྱུང་མྱོང་མེད་པའི་ལོ་རྒྱུས་ཀྱི་རང་འགུལ་སྙིང་སྟོབས་དང་ལོ་རྒྱུས་ཀྱི་གསར་གཏོད་སྙིང་སྟོབས་རྒྱས་ཏེ། ཡིད་ཆེས་བརྒྱ་འགྱུར་གྱིས་ཁེངས་ཏེ་དུས་རབས་གསར་པའི་ཀྲུང་གོ་འཕེལ་རྒྱས་འགྲོ་བའི་ལོ་རྒྱུས་རླབས་པོ་ཆེ་རྩོམ་བཞིན་ཡོད།
    (གཉིས།) ཏང་གི་ལོ་བརྒྱའི་འབད་འཐབ་ཀྱིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བ་མངོན་འགྱུར་བྱེད་པའི་འགྲོ་ལམ་ཡང་དག་བཏོད། ཉེ་རབས་ཀྱི་རྗེས་སུ། འོད་སྟོང་འབར་བའི་ཤེས་དཔལ་བསྐྲུན་པའི་ཀྲུང་ཧྭ་མི་རིགས་ནི་ཤེས་དཔལ་གྱི་རྒྱུན་མཐུད་དཀའ་བའི་ཉམས་ཉེན་ཚབས་ཆེན་ལ་འཕྲད་ཅིང་། འཛམ་གླིང་གི་མདུན་དུ་ཉམས་རྒུད་དུ་གྱུར་པའི་རྣམ་པ་ཞིག་མངོན་ཡོད། ལོ་ངོ་བརྒྱའི་རིང་ལ། ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་འབད་བརྩོན་ལྷོད་མེད་དང་ཡར་རྒྱས་བརྩོན་ལེན་བྱས་ཏེ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བ་མངོན་འགྱུར་བྱེད་པའི་འགྲོ་ལམ་ཡང་དག་ལེགས་གྲུབ་ངང་བཏོད་ཡོད། ཀྲུང་གོ་ནི་ཁ་ཐོར་དགུ་ཐོར་དང་སྲན་ཕུང་ཐོར་བ་ལྟ་བུ་ནས་ཚད་མཐོའི་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་བྱུང་བའི་བར་དང་། དབུལ་ཕོངས་ཉམས་ཐག་དང་དབུལ་ཞིང་ཕོངས་པ་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་དང་སྟོབས་འབྱོར་མངའ་ཐང་རྒྱས་པའི་བར། གཞན་དབང་དུ་གྱུར་ནས་རྡུང་རྡེག་དང་བརྙས་བཅོས་ཚད་མེད་མྱོང་བ་ནས་རང་བཙན་རང་བདག་དང་གདེང་ཚོད་བརྟན་པོ་བྱུང་བའི་བར་ཏེ། ལོ་བཅུ་ཕྲག་ཁ་ཤས་ཀྱི་དུས་ཚོད་སྤྱད་དེ་དར་རྒྱས་ཆེ་བའི་རྒྱལ་ཁབ་ལོ་ངོ་བརྒྱ་ཕྲག་ཁ་ཤས་རིང་བསྐྱོད་པའི་བཟོ་ལས་ཅན་གྱི་ལོ་རྒྱུས་བརྒྱུད་རིམ་ཡོངས་སུ་བསྐྱོད་ནས། དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་དང་སྤྱི་ཚོགས་ཡུན་རིང་བརྟན་བརླིང་བྱུང་བའི་ངོ་མཚར་ཆེན་པོ་གཉིས་བཏོད་ཡོད། དེ་རིང་། ཀྲུང་ཧྭ་མི་རིགས་ཀྱིས་འཛམ་གླིང་ལ་དཔྱིད་ཀྱི་དཔལ་ཡོན་བཞད་པ་ལྟ་བུའི་རྣམ་པ་མངོན་ཏེ་འཛམ་གླིང་གི་ཤར་ཕྱོགས་སུ་ཀྲོང་ངེར་འགྱིང་ཡོད།
    (གསུམ།) ཏང་གི་ལོ་བརྒྱའི་འབད་འཐབ་ཀྱིས་མར་ཁེ་སིའི་རིང་ལུགས་ཀྱི་སྐྱེ་སྟོབས་ཆེན་པོ་གསལ་སྟོན་བྱས་ཡོད། མར་ཁེ་སིའི་རིང་ལུགས་ཀྱིས་མིའི་རིགས་ཀྱི་སྤྱི་ཚོགས་གོང་དུ་འཕེལ་བའི་ཆོས་ཉིད་གསལ་པོར་བསྟན་ཞིང་། དེ་ནི་འཇིག་རྟེན་ངོས་འཛིན་དང་འཇིག་རྟེན་སྒྱུར་བཀོད་བྱེད་པའི་ཚན་རིག་དང་མཐུན་པའི་བདེན་དོན་ཡིན། དུས་མཚུངས་སུ། མར་ཁེ་སིའི་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་ན། རིགས་པའི་གཞུང་ལུགས་ནས་ལག་ལེན་བར་ཚང་མར་འཛམ་གླིང་ཡོངས་ཀྱི་མར་ཁེ་སིའི་རིང་ལུགས་པས་དཀའ་ཚེགས་ཤིན་ཏུ་ཆེ་ཞིང་འགྲན་སློང་རང་བཞིན་ལྡན་པའི་འབད་བརྩོན་བྱེད་དགོས། ལོ་ངོ་བརྒྱའི་རིང་ལ། ཏང་གིས་མར་ཁེ་སིའི་རིང་ལུགས་རང་ཉིད་ཀྱི་དར་ཆའི་ངོས་སུ་འབྲི་བ་རྒྱུན་འཁྱོངས་བྱས་ཤིང་། མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ་དང་། བློ་རྒྱ་ཡངས་པོར་བརྟེན་ནས་མིའི་རིགས་ཀྱིས་གསར་སྐྲུན་བྱས་པའི་ཤེས་དཔལ་གྱི་ཕུལ་དུ་བྱུང་བའི་གྲུབ་འབྲས་ཐམས་ཅད་བསྡུ་ལེན་བྱས་ཡོད་ལ། མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱིས་ལག་ལེན་རླབས་པོ་ཆེར་སྣེ་ཁྲིད་ཡོད། མར་ཁེ་སིའི་རིང་ལུགས་ཀྱི་ཚན་རིག་རང་བཞིན་དང་བདེན་དོན་རང་བཞིན་དེ་ཀྲུང་གོར་ཞིབ་དཔྱད་གང་ལེགས་ཐོབ་པ་དང་། མར་ཁེ་སིའི་རིང་ལུགས་ཀྱི་མི་དམངས་རང་བཞིན་དང་ལག་ལེན་རང་བཞིན་དེ་ཀྲུང་གོར་ལག་བསྟར་གང་ལེགས་བྱས་ཤིང་། མར་ཁེ་སིའི་རིང་ལུགས་ཀྱི་སྒོ་འབྱེད་རང་བཞིན་དང་དུས་རབས་རང་བཞིན་དེ་ཀྲུང་གོར་གང་ལེགས་མངོན་པར་བྱས་ཡོད། མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་སྒྱུར་བར་རྒྱུན་མ་ཆད་པར་ལེགས་གྲུབ་བྱུང་སྟེ། མར་ཁེ་སིའི་རིང་ལུགས་དེ་ཉིད་སྣང་བརྙན་གསར་རྐྱང་གི་ཐོག་ནས་འཛམ་གླིང་གི་མདུན་དུ་མངོན་པར་བྱས་པ་དང་། འཛམ་གླིང་ཁྱབ་ཁོངས་ནས་སྤྱི་ཚོགས་རིང་ལུགས་དང་མ་རྩའི་རིང་ལུགས་ཀྱི་འདུ་ཤེས་འཛིན་སྟངས་རིགས་གཉིས་དང་། སྤྱི་ཚོགས་ལམ་ལུགས་རིགས་གཉིས་ཀྱི་ལོ་རྒྱུས་ཀྱི་འཕེལ་འགྱུར་དང་དེའི་རྩོད་འགྲན་ཐད་སྤྱི་ཚོགས་རིང་ལུགས་ལ་ཕན་པའི་ཕྱོགས་སུ་འགྱུར་ལྡོག་གལ་ཆེན་འབྱུང་དུ་བཅུག་ཡོད།
    (བཞི།) ཏང་གི་ལོ་བརྒྱའི་འབད་འཐབ་ཀྱིས་འཛམ་གླིང་གི་ལོ་རྒྱུས་འཕེལ་རིམ་ལ་ཤུགས་རྐྱེན་གཏིང་ཟབ་ཐེབས་ཡོད། ཏང་དང་མི་དམངས་ཀྱི་བྱ་གཞག་ནི་མིའི་རིགས་ཡར་ཐོན་ཡོང་བའི་བྱ་གཞག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན། ལོ་ངོ་བརྒྱའི་རིང་ལ། ཏང་གིས་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་དོན་གཉེར་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་བ་དོན་གཉེར་བྱེད་ཀྱིན་ཡོད་པ་མ་ཟད། མིའི་རིགས་ཡར་ཐོན་ཡོང་བ་དང་འཛམ་གླིང་སྤྱི་སྙོམས་ཆེན་པོ་ཡོང་བ་ཡང་དོན་གཉེར་བྱེད་ཀྱིན་ཡོད་ཅིང་། འབད་བརྩོད་ལྷོད་མེད་ཀྱིས་འབད་འཐབ་བྱས་ཏེ་འཛམ་གླིང་འཕེལ་རྒྱས་ཀྱི་འགྲོ་ཕྱོགས་དང་རྣམ་པ་ལ་འགྱུར་ལྡོག་གཏིང་ཟབ་བཏང་ཡོད། ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་འགྲོ་ལམ་ཐོག་ལེགས་གྲུབ་ངང་བསྐྱོད་དེ་མིའི་རིགས་ཀྱི་ཤེས་དཔལ་གྱི་རྣམ་པ་གསར་པ་བཏོད་པ་དང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་པའི་ཐབས་ལམ་རྒྱ་སྐྱེད་བཏང་སྟེ། འཛམ་གླིང་ཐོག་གང་མགྱོགས་འཕེལ་རྒྱས་འགྲོ་འདོད་ཡོད་ལ་རང་ཉིད་ཀྱི་རང་ཚུགས་རང་བཞིན་སྲུང་འཛིན་བྱེད་འདོད་ཀྱང་ཡོད་པའི་རྒྱལ་ཁབ་དང་མི་རིགས་ལ་གདམ་ག་གསར་རྐྱང་ཞིག་འདོན་སྤྲོད་བྱས་ཡོད། ཏང་གིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་བཏང་སྟེ། མིའི་རིགས་ཀྱི་གནད་དོན་གལ་ཆེན་ཐག་གཅོད་བྱེད་ཆེད་དང་། ཡུན་རིང་ཞི་བདེ་དང་། ཡོངས་ཁྱབ་བདེ་འཇགས། མཉམ་དུ་དར་རྒྱས། སྒོ་འབྱེད་ཁོངས་ཡངས། དག་གཙང་མཛེས་སྡུག་བཅས་ཀྱི་འཛམ་གླིང་འཛུགས་སྐྲུན་བྱེད་པར་ཀྲུང་གོའི་བློ་གྲོས་དང་། ཀྲུང་གོའི་ཇུས་གཞི། ཀྲུང་གོའི་སྟོབས་ཤུགས་བཅས་སྐྱེས་སུ་ཕུལ་ནས། མིའི་རིགས་འཕེལ་རྒྱས་དང་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད།
     (ལྔ།) ཏང་གི་ལོ་བརྒྱའི་འབད་འཐབ་ཀྱིས་དུས་རབས་ཀྱི་མདུན་གྲལ་དུ་སྐྱོད་པའི་ཀྲུང་གོའི་གུང་ཁྲན་ཏང་སྐྲུན་བཟོ་བྱས་ཡོད། ཏང་དབུ་བརྙེས་དུས་ཏང་ཡོན་ལྔ་བཅུ་ལྷག་ཙམ་ལས་མེད། དེ་རིང་ཏང་ཡོན་བྱེ་བ་དགུ་དང་ས་ཡ་ལྔ་ལྷག་ཙམ་ཡོད་ཅིང་། མི་འབོར་དུང་ཕྱུར་བཅུ་བཞི་ལྷག་ཡོད་པའི་རྒྱལ་ཁབ་ཆེན་པོར་འགོ་ཁྲིད་བྱེད་བཞིན་ཡོད་ལ། གོ་ལ་ཧྲིལ་པོར་ཤུགས་རྐྱེན་བཟོ་ཤུགས་ཆེན་པོ་ལྡན་པའི་འཛམ་གླིང་གི་སྲིད་འཛིན་ཏང་ཆེན་པོ་ཨང་དང་པོར་གྱུར་ཡོད། ལོ་ངོ་བརྒྱའི་རིང་ལ། ཏང་གིས་ངོ་བོ་དང་དམིགས་ཡུལ་རྒྱུན་འཁྱོངས་དང་། ཕུགས་བསམ་དང་དད་སེམས་རྒྱུན་འཁྱོངས། ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་པོར་སྲུང་བ་བཅས་བྱས་ཤིང་། རང་ངོས་གསར་བརྗེ་བྱེད་ཕོད་པ་དང་། ཤི་གསོན་ལ་ཐུག་པའི་འཐབ་རྩོད་དང་དཀའ་སྤྱད་འབད་བརྩོན་གྱི་ཁྲོད་ནས་ཉེན་ཁ་དང་ཚོད་བགམ་སྣ་ཚོགས་ཐེག་ཅིང་བློས་གཏོང་ཧ་ཅང་ཆེན་པོ་བྱས་པ་དང་། མངོན་གསལ་གྱི་ཆབ་སྲིད་ཀུན་སྤྱོད་ཞུན་བརྡར་ཐོབ་ནས། ཏང་འཛུགས་སྙིང་སྟོབས་རླབས་པོ་ཆེ་འབྱུང་ཁུངས་སུ་བྱས་པའི་སྙིང་སྟོབས་ཀྱི་མ་ལག་ཆགས་པ་དང་། ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་རྒྱུན་འཛིན་བྱས་ཤིང་། ཏང་གི་སྲིད་སྐྱོང་ནུས་པ་དང་འགོ་ཁྲིད་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་ཀྲུང་གོའི་མི་དམངས་ཀྱི་འགོ་ཁྲིད་དེ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཕྱོགས་སུ་ཕྱིར་ལྡོག་མེད་པར་སྐྱོད་བཞིན་ཡོད་པས། ཀྲུང་གོའི་གུང་ཁྲན་ཏང་ནི་རླབས་ཆེན་གཟི་བརྗིད་ཡང་དག་བཅས་ཀྱི་ཏང་ཞིག་ཡིན་པར་ངོ་གནོང་མི་དགོས། 

དྲུག ཀྲུང་གོའི་གུང་ཁྲན་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་ཀྱི་ཉམས་མྱོང་།
    ལོ་ངོ་བརྒྱའི་རིང་ལ། ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་འབད་འཐབ་རླབས་པོ་ཆེ་བྱས་ནས། ཡར་བརྩོན་ཁྲོད་ཐོད་བརྒལ་བྱུང་བ་དང་། འགལ་རྐྱེན་ཁྲོད་དཔའ་ངར་ཆེར་བསྐྱེད། ཕྱོགས་བསྡོམས་ཁྲོད་ཡར་རྒྱས་གཏོང་བ་བཅས་བྱས་ཏེ། ལོ་རྒྱུས་ཀྱི་ཉམས་མྱོང་རྩ་ཆེན་བསགས་ཡོད།
    (གཅིག) ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ། ཀྲུང་གོའི་གུང་ཁྲན་ཏང་ནི་ང་ཚོའི་བྱ་གཞག་ལ་འགོ་ཁྲིད་བྱེད་པའི་སྲོག་ཤིང་གི་སྟོབས་ཤུགས་ཡིན། ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱིས་ཉེ་རབས་རྗེས་ཀྱི་ལོ་རྒྱུས་དང་ལས་དབང་བསྒྱུར་ཐུབ་དོན་དང་དེ་རིང་གི་གྲུབ་འབྲས་རླབས་པོ་ཆེ་འདི་འདྲ་ལེན་ཐུབ་པའི་ཆེས་རྩ་བར་གྱུར་བའི་རྒྱུ་རྐྱེན་ནི་ཀྲུང་གོའི་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ཡོད་པས་ཡིན། ཀྲུང་གོའི་གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་མི་སྲིད་པ་ལོ་རྒྱུས་དང་དོན་དངོས་ཚང་མའི་ཐོག་ནས་ར་འཕྲོད་བྱུང་ཡོད། འཛམ་གླིང་འདིའི་སྟེང་ང་ཚོའི་ཆེས་ཆེ་བའི་སྲིད་ཏང་དང་མི་འབོར་ཆེས་མང་བའི་རྒྱལ་ཁབ་འདི་བཅོས་སྐྱོང་ཡག་པོ་བྱེད་དགོས་ན། ངེས་པར་དུ་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་ལྷག་པར་དུ་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས་དང་། དམངས་གཙོ་གཅིག་སྡུད་ལམ་ལུགས་རྒྱུན་འཁྱོངས་བྱས་ཏེ། ཏང་གིས་ཐོག་མཐའ་བར་གསུམ་དུ་ཁྱོན་ཡོངས་ཀྱི་གནས་ཚུལ་གཅིག་འདོམས་དང་ཕྱོགས་སོ་སོ་མཐུན་སྦྱོར་ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས། ང་ཚོས་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་གཡོ་འགུལ་མེད་པར་རྒྱུན་འཁྱོངས་དང་། ཏང་སྲོག་ཤིང་ཡིན་པ་དང་ཏང་ཀྲུང་དབྱང་གི་དབང་གྲགས་མཐའ་གཅིག་ཏུ་སྲུང་སྐྱོང་། ཏང་གི་འགོ་ཁྲིད་ཀྱི་ཆབ་སྲིད་དགེ་མཚན་འདོན་སྤེལ་གང་ལེགས་བཅས་བྱས་ཏེ། ཏང་གི་འགོ་ཁྲིད་དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་ཁྱབ་ཁོངས་སོ་སོ་དང་། ཕྱོགས་སོ་སོ། ལྷུ་ཚིགས་སོ་སོ་བཅས་སུ་དོན་འཁྱོལ་བྱུང་ཚེ། ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་རྣམས་རྡོག་རྩ་གཅིག་སྒྲིལ་གྱིས་མདུན་དུ་སྐྱོད་པར་འགན་ལེན་ཏན་ཏིག་བྱེད་ཐུབ་ངེས་རེད།
    (གཉིས།) མི་དམངས་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་པ། ཏང་གི་རྩ་བ་ཚུགས་ས་མི་དམངས་དང་། ཁྲག་རྒྱུན་འཁོར་ས་མི་དམངས། སྟོབས་ཤུགས་འབྱུང་ས་མི་དམངས་བཅས་ཡིན་པས། མི་དམངས་ནི་ཏང་གིས་སྲིད་སྐྱོང་རྒྱལ་དར་བྱེད་པའི་བློ་གདེང་ཆེ་ཤོས་ཡིན། དམངས་སེམས་ནི་ཆབ་སྲིད་ཆེ་ཤོས་དང་། དྲང་བདེན་ནི་སྟོབས་ཤུགས་ཆེ་ཤོས་ཡིན། ཏང་གི་ཆབ་སྲིད་ཀྱི་དགེ་མཚན་ཆེ་ཤོས་ནི་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱ་རྒྱུ་དེ་ཡིན་ཞིང་། ཏང་གིས་སྲིད་དབང་བཟུང་རྗེས་ཀྱི་ཉེན་ཁ་ཆེ་ཤོས་ནི་མང་ཚོགས་དང་ཁ་འབྲལ་བ་དེ་རེད། ཏང་གིས་ཀྲུང་གོའི་ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མཚོན་པ་མ་གཏོགས། རང་ཉིད་ལ་དམིགས་བསལ་གྱི་ཁེ་ཕན་གང་ཡང་མེད་ལ། ཁེ་ཕན་ཚོགས་པ་དང་། དབང་ཤུགས་ཚོགས་པ། ཁྱད་དབང་རིམ་གྲས་བཅས་གང་ཡང་རུང་བ་ཞིག་གི་ཁེ་ཕན་ནམ་ཡང་མཚོན་གྱི་མེད་པས། འདི་ནི་ཏང་ཉིད་མི་ཕམ་པའི་གནས་སུ་ཚུགས་ཐུབ་པའི་རྩ་བ་གནས་ས་ཡིན། ང་ཚོས་ཐོག་མཐའ་བར་གསུམ་དུ་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་རྒྱུན་འཁྱོངས་དང་། ཏང་གི་མང་ཚོགས་ལམ་ཕྱོགས་རྒྱུན་འཁྱོངས། རྒྱལ་སྲིད་ནི་མི་དམངས་ཡིན་ལ་མི་དམངས་ནི་རྒྱལ་སྲིད་ཡིན་པ་ཐོག་མཐའ་བར་གསུམ་དུ་སེམས་ལ་བརྟན་པོར་ངེས་པ། ཡོད་ཚད་མི་དམངས་ཀྱི་ཆེད་དུ་ཡིན་པ་དང་ཡོད་ཚད་མི་དམངས་ལ་བརྟེན་རྒྱུ་རྒྱུན་འཁྱོངས། མི་དམངས་ཀྱི་ཆེད་དུ་སྲིད་སྐྱོང་བ་དང་མི་དམངས་ལ་བརྟེན་ནས་སྲིད་སྐྱོང་བ་རྒྱུན་འཁྱོངས། མི་དམངས་ཀྱི་ཆེད་དུ་འཕེལ་རྒྱས་གཏོང་བ་དང་མི་དམངས་ལ་བརྟེན་ནས་འཕེལ་རྒྱས་གཏོང་བ། འཕེལ་རྒྱས་ཀྱི་གྲུབ་འབྲས་མི་དམངས་ཀྱིས་མཉམ་སྤྱོད་བྱེད་པ་བཅས་རྒྱུན་འཁྱོངས། བློ་བརྟན་འགྱུར་མེད་ཀྱིས་མི་དམངས་ཡོངས་རྫོགས་མཉམ་དུ་ཕྱུག་འགྱུར་གྱི་ལམ་དུ་སྐྱོད་པ་བཅས་བྱས་ཚེ། མི་དམངས་ཀྱི་འགོ་ཁྲིད་དེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་པ་སྔར་ལས་ཆེན་པོ་ལེན་ཐུབ་ངེས་ཡིན་ལ། ཀྲུང་གོའི་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་ཁ་ཕྲལ་གཏོང་བ་དང་ཕན་ཚུན་ཁ་གཏད་དུ་ལངས་སུ་འཇུག་རྒྱུའི་རེ་ངན་བཅངས་པ་ཐམས་ཅད་ནམ་ཡང་འགྲུབ་མི་སྲིད།
    (གསུམ།) རིགས་པའི་གཞུང་ལུགས་གསར་གཏོད་རྒྱུན་འཁྱོངས་བྱེད་པ། མར་ཁེ་སིའི་རིང་ལུགས་ནི་ང་ཚོས་ཏང་དང་རྒྱལ་ཁབ་འཛུགས་པ་དང་། ཏང་དར་སྤེལ་དང་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བའི་རྩ་བའི་སློབ་སྟོན་བསམ་བློ་ཡིན། མར་ཁེ་སིའི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ནི་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཡིན་པ་ལས་ལུང་ཚིག་སྐམ་པོ་མིན་པས། ངེས་པར་དུ་ལག་ལེན་ལ་འཕེལ་རྒྱས་བྱུང་བ་དང་བསྟུན་ནས་འཕེལ་རྒྱས་གཏོང་བ་དང་། ངེས་པར་དུ་ཀྲུང་གོ་ཅན་དུ་གྱུར་ཚེ་གཞི་ནས་རྩ་བ་ཚུགས་ཐུབ་པ་དང་། རང་ས་ཅན་དུ་འགྱུར་ཚེ་གཞི་ནས་མི་སེམས་ལ་འཇགས་ཐུབ། ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་འཚོལ་ཞིབ་བྱེད་ཐེངས་རེ་རེ་དང་། བར་ཆད་བྱུང་ཐེངས་རེ་རེ། གསར་འབྱེད་བྱེད་ཐེངས་རེ་རེ་བཅས་ཀྱི་ཁྲོད་ནས་ཀྲུང་གོའི་ཆབ་སྲིད་ཀྱི་སྟོབས་ཤུགས་གཞན་དག་གིས་འགྲུབ་མི་སྲིད་པའི་དཀའ་ཚེགས་ཆེ་བའི་ལས་འགན་ལེགས་འགྲུབ་བྱེད་ཐུབ་པའི་རྩ་བ་ནི་བསམ་བློ་བཅིངས་འགྲོལ་དང་། དངོས་ཐོག་བདེན་འཚོལ། དུས་བསྟུན་མདུན་སྐྱོད། བདེན་འཚོལ་དོན་གཉེར་བཅས་རྒྱུན་འཁྱོངས་དང་། མར་ཁེ་སིའི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་དོན་དངོས་བྱེ་བྲག་པ་དང་ཟུང་འབྲེལ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས། ལག་ལེན་ནི་བདེན་དོན་ཡིན་མིན་ཞིབ་བཤེར་བྱེད་པའི་ཚད་གཞི་ཉག་གཅིག་ཡིན་པ་རྒྱུན་འཁྱོངས། ཡོད་ཚད་དོན་དངོས་གཞིར་འཛིན་རྒྱུ་རྒྱུན་འཁྱོངས་བཅས་བྱས་ཏེ། དུས་རབས་ཀྱི་དྲི་བ་དང་མི་དམངས་ཀྱི་དྲི་བར་དུས་ཐོག་ཏུ་ལན་བཏབ་ནས། མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བར་ཐུག་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་བསྟན་དོན། དེང་རབས་ཀྲུང་གོའི་སྤྱི་ཚོགས་འཕོ་འགྱུར་རླབས་པོ་ཆེ་ནི་རང་རྒྱལ་ལོ་རྒྱུས་རིག་གནས་ཀྱི་མ་ཕྱི་སྟབས་བདེའི་ངང་རྒྱུན་སྲིང་བ་མ་ཡིན་ལ། མར་ཁེ་སིའི་རིང་ལུགས་ཀྱི་གསུང་རབ་རྩོམ་པ་པོས་བསམ་ཚོད་བྱས་པའི་མ་དཔེ་སྟབས་བདེའི་ངང་རྒྱས་འགེབས་བྱེད་པ་མིན། རྒྱལ་ཁབ་གཞན་གྱིས་སྤྱི་ཚོགས་རིང་ལུགས་ལག་ལེན་བྱས་པའི་བསྐྱར་པར་མིན་ལ། ཕྱིའི་རྒྱལ་ཁབ་ཀྱིས་དེང་རབས་ཅན་འཕེལ་རྒྱས་བཏང་བ་པར་སློག་བརྒྱབ་པ་ཡང་མིན། ང་ཚོས་ལག་ལེན་གསར་པ་དང་ཟུང་འབྲེལ་བྱས་ཏེ་རིགས་པའི་གཞུང་ལུགས་གསར་གཏོད་བྱེད་པར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་ཕོད་པ་དང་། རིགས་པའི་གཞུང་ལུགས་གསར་པས་ལག་ལེན་གསར་པར་སློབ་སྟོན་བྱེད་མཁས་པོ་བྱས་ཚེ། མར་ཁེ་སིའི་རིང་ལུགས་ལ་ཀྲུང་གོའི་ས་གཞི་ཆེན་པོའི་ཐོག་བདེན་དོན་གྱི་སྟོབས་ཤུགས་སྔར་ལས་ཆེན་པོ་དང་གོ་སྐོན་བློ་འགུག་གི་ནུས་པ་སྔར་ལས་ཆེན་པོ་འདོན་དུ་འཇུག་ཐུབ་ངེས་ཡིན།
    (བཞི།) རང་བཙན་རང་བདག་རྒྱུན་འཁྱོངས་བྱེད་པ། རང་བཙན་རང་བདག་ནི་ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་ཀྱི་བླ་སྲོག་ཡིན་ལ། ང་ཚོས་ཏང་དང་རྒྱལ་ཁབ་འཛུགས་པའི་རྩ་དོན་གལ་ཆེན་ཡང་ཡིན། རང་ཉིད་ཀྱི་འགྲོ་ལམ་དུ་བསྐྱོད་རྒྱུ་ནི་ཏང་གིས་ལོ་བརྒྱའི་རིང་འབད་འཐབ་བྱས་ནས་ཐོབ་པའི་ལོ་རྒྱུས་ཀྱི་བསྡོམས་ཚིག་ཡིན། ཏང་གིས་སྔར་ནས་བཟུང་རང་བཙན་རང་བདག་གིས་མདུན་སྐྱོད་ཀྱི་འགྲོ་ལམ་གསར་གཏོད་བྱ་རྒྱུ་རྒྱུན་འཁྱོངས་དང་། རྒྱལ་ཁབ་དང་མི་རིགས་འཕེལ་རྒྱས་གཏོང་རྒྱུ་དེ་རང་གི་སྟོབས་ཤུགས་ཀྱི་རྨང་གཞིའི་ཐོག་འཇོག་རྒྱུ་རྒྱུན་འཁྱོངས། ཀྲུང་གོའི་ལས་དོན་ངེས་པར་དུ་ཀྲུང་གོའི་མི་དམངས་རང་ཉིད་ཀྱི་འདོད་བློ་ལྟར་སྒྲུབ་པ་དང་རང་ཉིད་ཀྱིས་ཐག་གཅོད་པ་རྒྱུན་འཁྱོངས་བཅས་བྱེད་ཀྱི་ཡོད། མིའི་རིགས་ཀྱི་ལོ་རྒྱུས་ཐོག་ཕྱི་ཕྱོགས་ཀྱི་སྟོབས་ཤུགས་ལ་བརྟེན་པ་དང་། ཕྱི་རྒྱལ་གྱི་མ་དཔེ་འདྲ་བཤུས་བྱས་པ། གཞན་གྱི་རྗེས་སུ་འབྲངས་ནས་གཞན་ལ་བསྟུན་རྐྱང་བྱས་པ་བཅས་ཀྱི་ཐོག་ནས་སྟོབས་ལྡན་དང་དར་རྒྱས་བྱུང་བའི་མི་རིགས་དང་རྒྱལ་ཁབ་གཅིག་ཀྱང་མེད། དེ་ལྟར་བྱས་པའི་མཇུག་འབྲས་ནི་ཡང་ན་རང་ཉིད་ཕམ་ཉེས་འབྱུང་ངེས་ཡིན་པ་དང་ཡང་ན་རང་ཉིད་གཞན་དེའི་ཟུར་གཏོགས་སུ་འགྱུར་ངེས་ཡིན་པ་དེ་རེད། ང་ཚོས་རང་བཙན་རང་བདག་དང་རང་སྟོབས་རང་སྤེལ་རྒྱུན་འཁྱོངས་བྱས་ཏེ། ཁེངས་སྐྱུང་གི་སྒོ་ནས་ཕྱིའི་རྒྱལ་ཁབ་ཀྱི་ཉམས་མྱོང་བཟང་པོ་དཔྱད་གཞིར་བཟུང་སྟེ་སློབ་སྦྱོང་བྱེད་པ་མ་ཟད། མི་རིགས་རང་བཀུར་གྱི་བསམ་པ་དང་གདེང་ཚོད་ཀྱི་བསམ་པ་བརྟན་པོ་བཟུང་ནས། ལོག་བཤད་ལ་ཡིད་མི་ཆེས་པ་དང་གནོན་ཤུགས་ལ་མ་སྐྲག་ཚེ། ཀྲུང་གོ་འཕེལ་རྒྱས་དང་ཡར་ཐོན་ཡོང་བའི་ལས་དབང་ཐོག་མཐའ་བར་གསུམ་དུ་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་ཐུབ་ངེས་རེད།
    (ལྔ།) ཀྲུང་གོའི་འགྲོ་ལམ་རྒྱུན་འཁྱོངས་བྱེད་པ། ཁ་ཕྱོགས་ཀྱིས་འགྲོ་ལམ་གཏན་འཁེལ་བྱེད་པ་དང་འགྲོ་ལམ་གྱིས་ལས་དབང་གཏན་འཁེལ་བྱེད། ཏང་གིས་ལོ་བརྒྱའི་འབད་འཐབ་ཁྲོད་ཐོག་མཐའ་བར་གསུམ་དུ་རང་རེའི་རྒྱལ་ཁབ་ཀྱི་གནས་ཚུལ་ནས་བརྩམས་ཏེ་ཀྲུང་གོའི་དོན་དངོས་དང་འཚམ་པའི་འགྲོ་ལམ་ཡང་དག་འཚོལ་ཞིབ་བྱས་ནས་གྲུབ་ཡོད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ནི་མི་དམངས་ལ་དགའ་སྐྱིད་ལྡན་པའི་འཚོ་བ་གསར་སྐྲུན་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བ་མངོན་འགྱུར་བྱེད་པའི་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་ཡིན། ཀྲུང་ཧྭའི་ས་གཞི་ཆེ་མོར་གཞི་ཚུགས་ནས་ཀྲུང་ཧྭའི་ཤེས་དཔལ་རྒྱུན་འཛིན་དང་། ཀྲུང་གོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འགྲོ་ལམ་ཡང་དག་པའི་ཐོག་བསྐྱོད་ཚེ། ཏང་དང་མི་དམངས་ལ་འགྲན་ཟླ་མེད་པའི་གར་སྟེགས་རྒྱ་ཆེན་པོ་ཡོད་པ་དང་། འགྲན་ཟླ་མེད་པའི་ལོ་རྒྱུས་ཀྱི་བསགས་ནོར་ཡོད་ལ། འགྲན་ཟླ་མེད་པའི་མདུན་སྐྱོད་ཀྱི་ངེས་ཤུགས་ཆེན་པོ་ཡོད། ང་ཚོ་བཀག་སྡོམ་རེངས་གྱུར་གྱི་ལམ་རྙིང་དུ་མི་བསྐྱོད་པ་དང་། དར་ཆ་བརྗེ་སྒྱུར་གྱི་ལོག་ལམ་དུ་ཡང་མི་བསྐྱོད་པར། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་ཚེ། རང་རྒྱལ་འདི་ཉིད་འབྱོར་ཕྱུག་དང་། དམངས་གཙོ། དཔལ་ཡོན། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཞིག་ཏུ་འཛུགས་སྐྲུན་བྱེད་ཐུབ་ངེས་རེད།
    (དྲུག) བློ་ཁོག་ཡངས་པོ་རྒྱུན་འཁྱོངས་བྱེད་པ། རྒྱ་ཆེན་མཛད་པ་སྐྱོང་བའི་ཚེ། །ས་སྟེང་ཐམས་ཅད་སྤྱི་སྐལ་ཡིན། ། ཏང་གིས་ཐོག་མཐའ་བར་གསུམ་དུ་འཛམ་གླིང་གི་མིག་རྒྱང་ཐོག་ནས་མིའི་རིགས་ཀྱི་མདུན་ལམ་དང་ལས་དབང་ལ་དོ་ཁུར་བྱེད་བཞིན་ཡོད་ཅིང་། མིའི་རིགས་འཕེལ་རྒྱས་འགྲོ་བའི་རླབས་རྒྱུན་ཆེན་པོ་དང་། འཛམ་གླིང་འགྱུར་ལྡོག་འགྲོ་བའི་རྣམ་པ་ཆེན་པོ། ཀྲུང་གོ་འཕེལ་རྒྱས་འགྲོ་བའི་ལོ་རྒྱུས་ཆེན་པོ་བཅས་ཀྱི་ཐོག་ནས་ཕྱི་རོལ་གྱི་འཇིག་རྟེན་བར་གྱི་འབྲེལ་བར་ངོས་འཛིན་དང་ཐག་གཅོད་ཡང་དག་བྱས་ཏེ། སྒོ་འབྱེད་རྒྱུན་འཁྱོངས་ལས་བཀག་སྡོམ་མི་བྱེད་པ་དང་། གཉིས་ཕན་མཉམ་རྒྱལ་རྒྱུན་འཁྱོངས་ལས་བསྡོམས་སྟོང་འཐབ་འགྲན་མི་བྱེད་ཅིང་། དྲང་གཞག་འཛིན་པ་དང་དྲང་བདེན་དར་སྤེལ་གཏོང་རྒྱུ་རྒྱུན་འཁྱོངས་ཀྱིས་ཡང་དག་པའི་ལོ་རྒྱུས་ཕྱོགས་དང་མིའི་རིགས་ཡར་ཐོན་ཡོང་བའི་ཕྱོགས་སུ་ལངས་ཡོད། ང་ཚོས་ཞི་བདེའི་འཕེལ་རྒྱས་ཀྱི་འགྲོ་ལམ་རྒྱུན་འཁྱོངས་བྱས་ནས། འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་བྱེད་པར་བརྟེན་ནས་རང་ཉིད་འཕེལ་རྒྱས་གཏོང་བ་མ་ཟད། རང་ངོས་འཕེལ་རྒྱས་གཏོང་བར་བརྟེན་ནས་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་དང་། འཛམ་གླིང་ཐོག་གི་ཡར་ཐོན་སྟོབས་ཤུགས་མཐའ་དག་དང་ལག་གདང་སྦྲེལ་ནས་མདུན་དུ་སྐྱོད་པ། གཞན་ལ་རྒྱབ་རྟེན་མི་བཅོལ་བ་དང་། གཞན་ལ་འཕྲོག་བཅོམ་མི་བྱེད་པ། ནམ་ཡང་བཙན་པོ་དབང་ཡོད་མི་བྱེད་པ་བཅས་བྱས་ཚེ། མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་ཡོང་བར་བློ་གྲོས་དང་སྟོབས་ཤུགས་རྒྱུན་ཆད་མེད་པར་སྐྱེས་སུ་ཕུལ་ནས། འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་དང་མཉམ་དུ་ལོ་རྒྱུས་ཀྱི་འཁོར་ལོ་འོད་སྟོང་འབར་བའི་མདུན་ལམ་གྱི་ཕྱོགས་སུ་འཁོར་བར་སྐུལ་འདེད་གཏོང་ཐུབ་ངེས་རེད།
    (བདུན།) གསར་གཏོད་སྲོལ་འབྱེད་རྒྱུན་འཁྱོངས་བྱེད་པ། གསར་གཏོད་ནི་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་འཕེལ་རྒྱས་དང་ཡར་ཐོན་ཡོང་བའི་མཛད་མཐའ་མེད་པའི་སྒུལ་ཤུགས་ཡིན། བྱ་གཞག་ཇི་ཙམ་རླབས་པོ་ཆེ་ཡིན་ན། དཀའ་ངལ་དང་ཉེན་ཁ་དེ་ཙམ་ཆེ་བ་དང་།  དཀའ་སྤྱད་འབད་འཐབ་དེ་ཙམ་བྱེད་དགོས་ལ། གསར་གཏོད་སྲོལ་འབྱེད་དེ་ཙམ་བྱེད་དགོས།  ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་དཀའ་ངལ་གཙང་སེལ་དང་། གོང་འོག་འཚོལ་ཞིབ། སྟོབས་ཤུགས་གང་ཡོད་ཀྱིས་གསར་འབྱེད། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བཅས་བྱས་ཏེ། རིགས་པའི་གཞུང་ལུགས་གསར་གཏོད་དང་། ལག་ལེན་གསར་གཏོད། ལམ་ལུགས་གསར་གཏོད། རིག་གནས་གསར་གཏོད་བཅས་བྱེད་པ་དང་དེ་བཞིན་ཕྱོགས་གཞན་པ་གང་ཅིའི་ཐད་ཀྱི་གསར་གཏོད་བྱེད་པར་རྒྱུན་ཆད་མེད་པར་སྐུལ་སྤེལ་གཏོང་བ་དང་། ཀུན་གྱི་འགོ་མ་བྱེད་ཕོད་པ། སྔོན་རབས་པ་བསྐྱོད་མ་ཐུབ་པའི་ལམ་དུ་བསྐྱོད་པ་བཅས་བྱས་པས། དཀའ་སྡུག་དང་ཉེན་ཁ་གང་གིས་ཀྱང་ཏང་དང་མི་དམངས་མདུན་དུ་སྐྱོད་པའི་གོམ་སྟབས་འགོག་ཐུབ་མེད། ང་ཚོས་དུས་རབས་ཀྱི་འཕེལ་ཕྱོགས་དང་བསྟུན་ཞིང་། མི་དམངས་ཀྱི་འདོད་དོན་སྒྲུབ་པ་དང་། སྒྱུར་བཅོས་ལ་སྐུལ་འདེད་གཏོང་ཕོད་པ། འགྱུར་ལྡོག་ལ་ངོས་འཛིན་ཡང་དག་དང་། ཚན་རིག་དང་མཐུན་པའི་སྒོ་ནས་འགྱུར་ལྡོག་གཏོང་བ། རང་འགུལ་གྱིས་འགྱུར་ལྡོག་ཡོང་ཐབས་བྱེད་པ། ནམ་ཡང་རེངས་པོར་མི་འགྱུར་བ། ནམ་ཡང་འཕེལ་མེད་རང་སོར་མི་གནས་པ་བཅས་བྱས་ཚེ། མི་རྣམས་ཧ་ལས་ཧང་སང་བར་བྱེད་པའི་མི་ཡུལ་གྱི་ངོ་མཚར་སྔར་ལས་མང་པོ་གསར་སྐྲུན་བྱེད་ཐུབ་ངེས་རེད།
    (བརྒྱད།) འཐབ་རྩོད་བྱེད་ཕོད་པ་རྒྱུན་འཁྱོངས་བྱེད་པ། འཐབ་རྩོད་བྱེད་ཕོད་པ་དང་རྒྱལ་ཁ་ལེན་ཕོད་པ་ནི་ཏང་དང་མི་དམངས་ཀྱི་འགྲན་ཟླ་བྲལ་བའི་བསམ་པའི་སྟོབས་ཤུགས་ཆེན་པོ་ཞིག་ཡིན། ཏང་དང་མི་དམངས་ལ་ཐོབ་པའི་གྲུབ་འབྲས་ཡོད་ཚད་ནི་རྒྱུན་ཆད་མེད་པར་འཐབ་རྩོད་བྱས་ནས་ཐོབ་པ་ཡིན་པ་ལས། གནམ་ནས་ལྷུང་བའམ་ཡང་ན་གཞན་གྱིས་གནང་སྦྱིན་བྱས་ནས་ཐོབ་པ་གཏན་ནས་མིན། ཏང་ནི་ནང་རྩོད་ཕྱི་འཁྲུག་གི་ཁྲོད་ནས་དབུ་བརྙེས་པ་དང་། དཀའ་ངལ་མང་པོའི་ཁྲོད་ནས་འཚར་ལོངས་བྱུང་། འགག་སྒྲོལ་དཀའ་སེལ་གྱི་ཁྲོད་ནས་སྟོབས་ཆེར་གྱུར་པ་ཡིན་པས། མི་དམངས་དང་། རྒྱལ་ཁབ། མི་རིགས་བཅས་ཀྱི་ཆེད་དང་། ཕུགས་བསམ་དང་དད་སེམས་ཀྱི་ཆེད་དུ། དགྲ་བོ་ཇི་འདྲའི་སྟོབས་དང་ལྡན་ཞིང་། འགྲོ་ལམ་ཇི་འདྲའི་ཉེན་ཁ་ཆེ་བ་དང་། འགྲན་སློང་ཅི་འདྲའི་ཛ་དྲག་ཆེ་ནའང་། ཏང་ལ་གཏན་ནས་འཇིགས་སྐྲག་མི་མངའ་ཞིང་། གཏན་ནས་ཕྱིར་བཤོལ་མི་བྱེད་ལ། རང་སྲོག་བློས་གཏོང་བར་མི་སྐྲག་པ་དང་། ལན་བརྒྱར་ཕམ་རུང་དཔའ་མི་ཞུམ། ང་ཚོས་འཐབ་རྩོད་རླབས་པོ་ཆེ་གསར་པའི་ལོ་རྒྱུས་ཀྱི་ཁྱད་ཆོས་ཁོང་དུ་ཆུད་པ་དང་། ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་དང་བེད་སྤྱོད་ཡག་པོ་བྱས་ཏེ། ལག་པ་སུ་སྔ་རྩོད་པ་དང་རང་འགུལ་ཆེ་བ་དང་། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་དང་འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱི་བློ་རྩ་དང་སྟོབས་ཤུགས་གོང་བུར་སྒྲིལ་བ་བཅས་བྱས་ཚེ། སྔོན་དཔག་བྱེད་ཐུབ་པ་དང་སྔོན་དཔག་བྱེད་དཀའ་བའི་ཉེན་ཁ་དང་འགྲན་སློང་ཐམས་ཅད་ལས་རྣམ་པར་རྒྱལ་ཐུབ་ངེས་རེད།
    (དགུ།) འཐབ་ཕྱོགས་གཅིག་གྱུར་རྒྱུན་འཁྱོངས་བྱེད་པ། མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན། ཆེས་རྒྱ་ཆེ་བའི་འཐབ་ཕྱོགས་གཅིག་གྱུར་འཛུགས་པ་ནི་ཏང་དགྲ་ལས་རྣམ་པར་རྒྱལ་ཐུབ་པའི་ཐབས་མཆོག་གལ་ཆེན་ཞིག་ཡིན་ལ། ཏང་གིས་སྲིད་སྐྱོང་རྒྱལ་དར་བྱེད་ཐུབ་པའི་ཐབས་མཆོག་གལ་ཆེན་ཞིག་ཀྱང་ཡིན། ཏང་གིས་ཐོག་མཐའ་བར་གསུམ་དུ་མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོ་རྒྱུན་འཁྱོངས་དང་། མཐུན་སྒྲིལ་བྱེད་ཐུབ་པའི་སྟོབས་ཤུགས་ཡོད་ཚད་ལ་མཐུན་སྒྲིལ། སྐུལ་སློང་བྱེད་ཐུབ་པའི་མཐུན་རྐྱེན་ཡོད་ཚད་སྐུལ་སློང་བྱས་ཏེ། སྲིད་ཏང་གི་འབྲེལ་བ་དང་། མི་རིགས་ཀྱི་འབྲེལ་བ། ཆོས་ལུགས་ཀྱི་འབྲེལ་བ། རིམ་གྲས་ཀྱི་འབྲེལ་བ། རྒྱལ་ཁབ་ཕྱི་ནང་གི་སྤུན་ཟླའི་འབྲེལ་བ་བཅས་ཞི་མཐུན་ཡོང་བར་སྐུལ་འདེད་བཏང་ནས། གང་ཐུབ་ཅི་ཐུབ་ཀྱིས་མཉམ་དུ་འབད་འཐབ་བྱེད་པའི་སྟོབས་ཤུགས་གོང་བུར་བསྒྲིལ་ཡོད། ང་ཚོས་མི་རིགས་ཁག་གི་མཐུན་སྒྲིལ་ཆེན་པོ་དང་། རྒྱལ་ཡོངས་མི་དམངས་ཀྱི་མཐུན་སྒྲིལ་ཆེན་པོ། ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱི་མཐུན་སྒྲིལ་ཆེན་པོ་བཅས་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བཙུགས་ནས། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱི་བསམ་བློ་གཏོང་ས་གཅིག་དང་ཤེད་ཤུགས་འདོན་ས་གཅིག་ཡིན་པའི་གསོན་ཉམས་ལྡན་པའི་རྣམ་པ་ཆགས་ཚེ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བ་མངོན་འགྱུར་བྱེད་པའི་བརྗིད་ཆེའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཐུབ་ངེས་རེད།
    (བཅུ།) རང་ངོས་གསར་བརྗེ་རྒྱུན་འཁྱོངས་བྱེད་པ། རང་ངོས་གསར་བརྗེ་བྱེད་ཕོད་པ་ནི་ཀྲུང་གོའི་གུང་ཁྲན་ཏང་འདི་སྲིད་ཏང་གཞན་དང་མི་འདྲ་བར་ཁྱད་འབྱེད་བྱེད་ཀྱི་མཚོན་རྟགས་མངོན་གསལ་དོད་པོ་ཞིག་ཡིན། རང་ངོས་གསར་བརྗེའི་སྙིང་སྟོབས་ནི་ཏང་གི་ལང་ཚོའི་གསོན་ཤུགས་ནམ་ཡང་མི་ཉམས་པར་བྱེད་པའི་འདེགས་སྐྱོར་ཆེན་པོ་ཞིག་ཡིན། སྔོན་ཐོན་གྱི་མར་ཁེ་སིའི་རིང་ལུགས་ཀྱི་སྲིད་ཏང་ནི་རྒྱུན་ཆད་མེད་པར་རང་ངོས་གསར་བརྗེ་བྱེད་པའི་གོ་རིམ་ཁྲོད་ཞུན་བརྡར་བྱས་ནས་བྱུང་བ་ཞིག་ཡིན་པ་ལས་རང་བྱུང་ལྷུན་གྱིས་གྲུབ་པ་ཞིག་མིན། ཏང་ལོ་བརྒྱའི་འགྱུར་ལྡོག་ཆེན་པོའི་ནང་བརྒྱུད་ཀྱང་སྔར་བས་གསོན་ཤུགས་ཀྱིས་ཁེངས་པར་གྱུར་པའི་གསང་བ་ནི་ཐོག་མཐའ་བར་གསུམ་དུ་བདེན་དོན་རྒྱུན་འཁྱོངས་དང་ནོར་འཁྲུལ་དག་བཅོས་བྱས་པའི་རྐྱེན་གྱིས་ཡིན། ཏང་རླབས་པོ་ཆེ་ཡིན་དོན་ནི་ནོར་འཁྲུལ་མི་བཟོ་བའི་རྐྱེན་གྱིས་མིན་ཏེ། སྐྱོན་གསང་ནས་བཅོས་འདོད་མེད་པ་གཏན་ནས་མི་བྱེད་པར། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ཧུར་ཐག་སྤེལ་བ་དང་། གནད་དོན་ལ་དྲང་ཐད་ནས་གདོང་གཏོད་ཕོད་པ་དང་རང་ངོས་གསར་བརྗེ་བྱེད་ཕོད་པའི་རྐྱེན་གྱིས་ཡིན། ང་ཚོས་ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་ལ་གནོད་པའི་རྒྱུ་རྐྱེན་ཡོད་ཚད་རྒྱུན་ཆད་མེད་པར་གཙང་སེལ་དང་། ཏང་གི་གཟུགས་གཞི་བདེ་ཐང་ལ་གནོད་པའི་ནད་དུག་ཡོད་དོ་ཅོག་གཙང་སེལ་བྱས་ཚེ། ཏང་གི་ངོ་བོ་མི་འགྱུར་བ་དང་། ཁ་དོག་མི་འགྱུར་བ། བྲོ་བ་མི་འགྱུར་བ་བཅས་ལ་འགན་ལེན་ཏན་ཏིག་བྱེད་ཐུབ་ངེས་ཡིན་པ་དང་། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ལོ་རྒྱུས་འཕེལ་རིམ་ནང་ཏང་ཐོག་མཐའ་བར་གསུམ་དུ་འགོ་ཁྲིད་ཀྱི་སྲོག་ཤིང་སྟོབས་ལྡན་དུ་འགྱུར་བར་འགན་ལེན་ཏན་ཏིག་བྱེད་ཐུབ་ངེས་རེད། 
    གོང་གི་ཕྱོགས་བཅུ་པོ་ནི་དུས་ཡུན་རིང་པོའི་ལག་ལེན་ཁྲོད་ནས་གསོག་འཇོག་བྱས་པའི་ཉམས་མྱོང་རྩ་ཆེན་ཡིན་ལ། ཏང་དང་མི་དམངས་ཀྱིས་མཉམ་དུ་གསར་སྐྲུན་བྱས་པའི་བསམ་པའི་རྒྱུ་ནོར་ཡིན་པས། ངེས་པར་དུ་གཅེས་འཛིན་ལྡབ་འགྱུར་དང་ཡུན་རིང་རྒྱུན་འཁྱོངས་བྱེད་དགོས་པ་མ་ཟད། དུས་རབས་གསར་པའི་ལག་ལེན་ཁྲོད་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་གཏོང་དགོས།

བདུན། དུས་རབས་གསར་པའི་ཀྲུང་གོའི་གུང་ཁྲན་ཏང་།
    ཐོག་མའི་བསམ་འདུན་མ་བརྗེད་ན། ད་གཟོད་མགོ་མཇུག་འཁྱོངས་པར་ངེས། ཀྲུང་གོའི་གུང་ཁྲན་ཏང་གིས་ཀྲུང་ཧྭ་མི་རིགས་ཀྱི་དུས་གཏན་གྱི་བྱ་གཞག་རླབས་པོ་ཆེ་བསྒྲུབ་རྒྱུའི་སེམས་ཐག་བཅད་ཅིང་། ལོ་བརྒྱ་ནི་ལང་ཚོ་དར་ལ་བབས་པའི་སྒང་ཡིན། འདས་ཟིན་པའི་ལོ་ངོ་བརྒྱའི་རིང་ཏང་གིས་མི་དམངས་དང་ལོ་རྒྱུས་ལ་རྒྱུགས་ལན་ཕུལ་དུ་བྱུང་བ་ཕུལ་ཡོད། ད་ལྟ། ཏང་གིས་ཀྲུང་གོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་སླར་ཡང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་རྒྱུགས་སྤྲོད་ལམ་ཁ་གསར་པར་སྐྱོད་བཞིན་ཡོད། དུས་རབས་ནི་རྒྱུགས་འདོན་མཁན་དང་། ང་ཚོ་ནི་རྒྱུགས་སྤྲོད་མཁན། མི་དམངས་ནི་རྒྱུགས་བཤེར་མཁན་བཅས་ཡིན། ང་ཚོས་ངེས་པར་མུ་མཐུད་དུ་རྒྱུགས་འབྲས་ཡག་པོ་བླངས་ཏེ། དུས་རབས་གསར་པ་དང་འཐབ་ལམ་གསར་པའི་ཐོག་རྣམ་པ་གསར་པ་དང་བྱས་རྗེས་གསར་པ་མངོན་དགོས།
    ཏང་གི་ཚོགས་ཆེན་བཅུ་དགུ་པས་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར་དུས་རིམ་གཉིས་སུ་བགོས་ནས་སྐུལ་སྤེལ་གཏོང་བའི་འཐབ་ཇུས་བཀོད་སྒྲིག་བྱས་ཡོད། 2020ལོ་ནས་2035ལོའི་བར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱ་རྒྱུ་དང་། 2035ལོ་ནས་དུས་རབས་འདིའི་དུས་དཀྱིལ་བར་རང་རྒྱལ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཞིག་ཏུ་འཛུགས་སྐྲུན་ཚར་བར་བྱ་རྒྱུ། སྐབས་དེ་དུས། རང་རྒྱལ་གྱི་དངོས་པོའི་དཔལ་ཡོན་དང་། ཆབ་སྲིད་ཀྱི་དཔལ་ཡོན། བསམ་པའི་དཔལ་ཡོན། སྤྱི་ཚོགས་ཀྱི་དཔལ་ཡོན། སྐྱེ་ཁམས་དཔལ་ཡོན་བཅས་ཕྱོགས་ཡོངས་ནས་ཡར་རྒྱས་འགྲོ་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་བྱེད་ནུས་དེང་རབས་ཅན་མངོན་འགྱུར་བྱུང་ནས། ཕྱོགས་བསྡུས་རྒྱལ་སྟོབས་དང་རྒྱལ་སྤྱིར་ཤུགས་རྐྱེན་བཟོ་ཤུགས་སྔོན་གྲལ་དུ་སླེབས་པའི་རྒྱལ་ཁབ་ཅིག་ཏུ་འགྱུར་བ་དང་། མི་དམངས་ཡོངས་རྫོགས་མཉམ་དུ་ཕྱུག་པོར་འགྱུར་བ་གཞི་རྩའི་ཆ་ནས་མངོན་འགྱུར་འབྱུང་ཞིང་། རང་རྒྱལ་མི་དམངས་ཀྱིས་སྔར་ལས་བདེ་སྐྱིད་ཁམས་བཟང་གི་འཚོ་བར་ལོངས་སུ་སྤྱོད་པ་དང་། ཀྲུང་ཧྭ་མི་རིགས་སྔར་ལས་སྤོབས་སེམས་ཀྱིས་ཁེངས་ཏེ་འཛམ་གླིང་མི་རིགས་ཀྱི་ཁྲོད་དུ་འགྱིང་ངེར་ལངས་ཐུབ་ངེས་ཡིན།
    དེ་རིང་། ང་ཚོ་ལོ་རྒྱུས་ཐོག་གི་དུས་སྐབས་གང་ཞིག་ལས་ཀྱང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་དམིགས་འབེན་མངོན་འགྱུར་བྱེད་པར་སྔར་བས་ཐག་ཉེ་ཞིང་སྔར་བས་ཡིད་ཆེས་དང་ནུས་པ་ལྡན། དུས་མཚུངས་སུ། ཏང་ཡོངས་ཀྱིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ནི་ཞེ་ལྷོད་བག་ཕེབས་དང་། རྔ་རྡུང་རོལ་དཀྲོལ་བྱས་ནས་ཕྱིའི་རྣམ་པ་བསྟན་པ་ཙམ་གྱིས་མངོན་འགྱུར་བྱེད་ཐུབ་པ་ཞིག་གཏན་ནས་མིན་ཞིང་། མདུན་སྐྱོད་ཀྱི་འགྲོ་ལམ་ཐོག་སྔོན་དཔག་བྱེད་ཐུབ་པ་དང་སྔོན་དཔག་བྱེད་དཀའ་བའི་ཉེན་ཁ་དང་འགྲན་སློང་སྣ་ཚོགས་སྔར་བཞིན་གནས་ཡོད་པ་ངེས་པར་དུ་རིག་པ་དྭངས་གསལ་གྱིས་རྟོགས་དགོས། རང་རྒྱལ་ནི་སྔར་བཞིན་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་དུ་གནས་པ་མ་ཟད་ད་དུང་དུས་ཡུན་རིང་པོར་གནས་པར་འགྱུར་པ་དང་། རང་རྒྱལ་ནི་སྔར་བཞིན་འཛམ་གླིང་ཐོག་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་ཡིན་པ། སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་ནི་མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བཞིན་པའི་དགའ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་དགོས་མཁོ་དང་འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་བར་གྱི་འགལ་བ་ཡིན་པ་བཅས་ངེས་པར་དུ་རིག་པ་དྭངས་གསལ་གྱིས་རྟོགས་དགོས། ཏང་ཡོངས་ཀྱིས་ཀྲུང་གོའི་གུང་ཁྲན་ཏང་ནི་ཅི་ཞིག་ཡིན་པ་དང་ཅི་ཞིག་བསྒྲུབ་དགོས་པའི་རྩ་བའི་གནད་དོན་འདི་ཡིད་ལ་བརྟན་པོར་འཛིན་དགོས་པ་དང་། ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པ་དང་། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ། ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བ། ཐོག་མཐའ་བར་གསུམ་དུ་ཁེངས་སྐྱུང་གཟབ་ནན་དང་། ང་རྒྱལ་དང་འཚབ་འཚུབ་མེད་པ། དཀའ་སྤྱད་འབད་བརྩོན་བཅས་བྱས་ཏེ། རྒྱལ་ཁ་རླབས་པོ་ཆེའི་ཁྲོད་ནས་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པའི་སྟོབས་ཤུགས་བསྐྱེད་དགོས་ཤིང་། བར་ཆད་དང་ཕམ་ཁའི་ཁྲོད་ནས་ལོ་རྒྱུས་ཀྱི་བསླབ་བྱ་བླངས་ཏེ། ཉེན་ཁ་གང་ཞིག་ལའང་མི་སྐྲག་པ་དང་། འགལ་རྐྱེན་གང་གིས་ཀྱང་མགོ་མི་འཐོམ་པ། རྩ་བའི་རང་བཞིན་གྱི་གནད་དོན་ཐད་རྩ་སློག་རང་བཞིན་གྱི་ནོར་འཁྲུལ་གཏན་ནས་མི་འབྱུང་བ། དམ་འཛིན་ལྷོད་མེད་བྱེད་པའི་འགྱུར་མེད་ཨུ་ཚུགས་ལ་བརྟེན་ཏེ་སྔར་ནས་གཏན་ལ་ཕབ་ཟིན་པའི་དམིགས་འབེན་མངོན་འགྱུར་གང་ཐུབ་བྱེད་པ། ལེ་དབར་བརྒྱ་ལ་སྐྱོད་འདོད་ན་དགུ་བཅུར་སླེབས་པ་ལམ་ཕྱེད་ཙམ་ཡིན་པ་བཅས་ཀྱི་རིག་པ་དྭངས་གསལ་གྱི་སྒོ་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་སྐུལ་འདེད་ལྷོད་མེད་གཏོང་དགོས།
    ཏང་ཡོངས་ཀྱིས་ངེས་པར་དུ་མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ་”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་རྒྱུན་འཁྱོངས་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ། མར་ཁེ་སིའི་རིང་ལུགས་ཀྱི་ལངས་ཕྱོགས་དང་། ལྟ་བ། བྱེད་ཐབས་བཅས་ལ་བརྟེན་ནས་དུས་རབས་ལ་ལྟ་ཞིབ་དང་། དུས་རབས་སྟངས་འཛིན། དུས་རབས་ལ་སྣེ་ཁྲིད་བཅས་བྱས་ཏེ། གུང་ཁྲན་ཏང་གི་སྲིད་སྐྱོང་གི་ཆོས་ཉིད་དང་། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ཆོས་ཉིད། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་བཅས་ལ་ངོས་འཛིན་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་དགོས། ངེས་པར་དུ་ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཇུས་གཞི་བཅས་རྒྱུན་འཁྱོངས་བྱེད་པ་དང་། “འདུ་ཤེས་བཞི་”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི་”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས་”བྱེད་ཐུབ་པ། མ་ལག་གི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ། “ཕྱོགས་ལྔ་གཞི་གཅིག་”གི་སྤྱིའི་བཀོད་པ་གཅིག་འདོམས་ཀྱིས་སྐུལ་འདེད་གཏོང་བ། “ཕྱོགས་ཡོངས་བཞི་”ཡི་འཐབ་ཇུས་ཀྱི་བཀོད་པ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་འཛུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ། སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་པ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་སྒོ་འབྱེད་ཟབ་སྤེལ་བྱེད་པ། མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་སྤེལ་གཏོང་བ། ཚན་རྩལ་རང་ཚུགས་རང་དར་ཡོང་བར་སྐུལ་འདེད་བྱེད་པ། བརྒྱུད་རིམ་ཧྲིལ་པོར་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་བ། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པར་འགན་ལེན་དང་། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་རྒྱུན་འཁྱོངས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་རྒྱུན་འཁྱོངས། འཕེལ་རྒྱས་ཁྲོད་དམངས་འཚོ་འགན་སྲུང་དང་ལེགས་བཅོས་རྒྱུན་འཁྱོངས། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོང་བ་རྒྱུན་འཁྱོངས། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་ཚད་མགྱོགས་སུ་གཏོང་བ། མི་དམངས་ཕྱུག་འགྱུར་དང་། རྒྱལ་ཁབ་སྟོབས་ལྡན། ཀྲུང་གོ་མཛེས་སྡུག་ལྡན་པ་བཅས་སུ་འགྱུར་བར་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།
    ཏང་ཡོངས་ཀྱིས་ངེས་པར་དུ་མི་དམངས་མང་ཚོགས་དང་ཤ་ཁྲག་ལྟ་བུའི་འབྲེལ་བ་ནམ་ཡང་མཐའ་འཁྱོངས་བྱེད་དགོས་ཤིང་། མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལངས་པ་དང་། མི་དམངས་ཀྱི་བྱེད་པོའི་གོ་གནས་རྒྱུན་འཁྱོངས། མི་དམངས་ཀྱི་གསར་གཏོད་སྙིང་སྟོབས་ལ་བརྩི་འཇོག  མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་བསྟར་བ། སྤྱི་ཚོགས་དྲང་སྙོམས་དྲང་བདེན་ཡོང་བར་སྲུང་སྐྱོང་། འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་གནད་དོན་དང་མི་དམངས་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྨོན་བཞིའི་ཐད་ཀྱི་གནད་དོན་ཐག་གཅོད་གང་ལེགས་བཅས་བྱས་ནས། ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་ཡག་པོ་དང་། སྲུང་སྐྱོང་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་རྒྱུན་ཆད་མེད་པར་གཏོང་དགོས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་རྒྱུན་ཆད་མེད་པར་དགའ་སྐྱིད་ལྡན་པའི་འཚོ་བའི་ཆེད་དུ་འབད་འཐབ་བྱེད་དགོས།
    ཏང་ཡོངས་ཀྱིས་ངེས་པར་དུ་དཀའ་སྤྱད་འབད་བརྩོན་བྱས་ན་གནས་ཐུབ་ཅིང་། བདེ་ཆགས་རོལ་རྩེད་བྱས་ན་འཇིག་པར་འགྱུར་བ་འདི་ཡིད་ལ་བརྗེད་མེད་དུ་བཟུང་ཞིང་། ཕུགས་ཡུན་གྱི་ཉམས་ཉེན་རྟག་དྲན་དང་བདེ་སྡོད་ཉེན་བསམ་བྱས་ཏེ། དུས་རབས་གསར་པའི་ཏང་འཛུགས་སྐྲུན་གྱི་ལས་གྲྭ་རླབས་པོ་ཆེ་གསར་པར་མུ་མཐུད་སྐུལ་འདེད་གཏོང་བ་དང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་རྒྱུན་འཁྱོངས་བྱེད་པ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་བཏང་སྟེ། ཏང་གི་མདུན་དུ་ལྷགས་པའི་ཡུན་རིང་སྲིད་སྐྱོང་གི་ཉམས་སད་དང་། སྒྱུར་བཅོས་སྒོ་འབྱེད་ཀྱི་ཉམས་སད། ཚོང་རའི་དཔལ་འབྱོར་གྱི་ཉམས་སད། ཕྱི་རོལ་ཁོར་ཡུག་གི་ཉམས་སད་བཅས་ལ་དཔའ་ངར་ཆེན་པོས་གདོང་གཏད་དེ། བསམ་པ་ལེ་ལོའི་དབང་དུ་འགྱུར་བའི་ཉེན་ཁ་དང་། འཇོན་ཐང་མི་འདང་བའི་ཉེན་ཁ། མང་ཚོགས་དང་ཁ་འབྲལ་བའི་ཉེན་ཁ། སྒྱིད་ལུག་དང་རུལ་སུངས་ཀྱི་ཉེན་ཁ་བཅས་ལས་མཐའ་གཅིག་ཏུ་རྣམ་པར་རྒྱལ་དགོས། དཀའ་ཉེན་ཇི་ཙམ་ཆེ་ན་དེ་ཙམ་མདུན་དུ་སྐྱོད་པའི་དཔའ་བོའི་བློ་སྟོབས་ངེས་པར་དུ་མཐའ་འཁྱོངས་བྱས་ཏེ། འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པ། རི་ལ་ཐུག་ན་ལམ་འབྱེད་པ་དང་ཆུ་ལ་ཐུག་ན་ཟམ་འཛུགས་པ། མགོ་མི་བསྒུར་བ་དང་། གཉའ་མི་ཆག་པ་བཅས་བྱས་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་གི་གྲུ་གཟིངས་ཀྱིས་རྦ་རླབས་གཤགས་ཏེ་ཞུམ་མེད་མདུན་སྐྱོད་བྱེད་པར་སྐུལ་འདེད་གཏོང་དགོས།
    ཏང་དང་མི་དམངས་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བར་ཀྲུང་གོའི་གུང་ཁྲན་ཏང་མིས་མི་རབས་ནས་མི་རབས་བར་དུ་རྒྱུན་མཐུད་ཀྱིས་འབད་འཐབ་བྱེད་དགོས་པས། ངེས་པར་དུ་རྒྱུན་འཛིན་མཁན་ཡོད་པའི་རྩ་བའི་ཇུས་ཆེན་འདི་དམ་འཛིན་ཡག་པོ་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མིར་སློབ་གསོ་གཏོང་བ་དང་། ཏང་གི་ཕུགས་བསམ་དང་དད་སེམས་ཀྱིས་མི་གོང་བུར་བསྒྲིལ་བ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བས་མི་གསོ་སྐྱོང་བྱེད་པ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་བྱེད་པའི་ལོ་རྒྱུས་ཀྱི་ལས་འགན་གྱིས་མིར་སྐུལ་མ་གཏོང་བ་བཅས་རྒྱུན་འཁྱོངས་བྱས་ཏེ། དུས་རབས་ཀྱི་ལས་འགན་ལྗིད་པོ་འཁུར་ཐུབ་པའི་རྒྱུན་འཛིན་པ་འབོར་ཆེན་གསོ་སྐྱོང་དང་སྐྱེད་སྲིང་བྱེད་དགོས། སྤྱོད་ཡོན་གཉིས་ལྡན་དང་བློ་དཀར་སྤྱོད་གཙང་འགན་འཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་ལས་བྱེད་པ་དང་ལྷག་པར་དུ་ཕུལ་བྱུང་ན་གཞོན་ལས་བྱེད་པ་རྒྱུན་ཆད་མེད་པར་གསོ་སྐྱོང་དང་འདེམས་བསྐོ་བྱེད་དགོས་ཤིང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་རང་རྟོགས་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་འགྱུར་མེད་དད་སེམས་ཡོད་མཁན་དང་ལག་ལེན་རྣམ་དག་བྱེད་མཁན་ཞིག་བྱ་རྒྱུར་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས། སྟོང་བཤད་ཀྱིས་རྒྱལ་ཁབ་ཕུང་བ་དང་དངོས་སྒྲུབ་ཀྱིས་རྒྱལ་ཁབ་དར་བའི་གནས་ལུགས་བློ་ལ་བརྟན་པོར་བཅངས་ནས། མི་དམངས་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་བའི་ཁྱིམ་ཚང་དང་རྒྱལ་ཁབ་ལ་བཅངས་པའི་བརྩེ་སེམས་སྐྱེད་པ་དང་། བླ་ན་མེད་པའི་བསམ་བློའི་གོ་འཕང་དོན་གཉེར། འགན་འཁྲི་འཁུར་བའི་འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱེད་དགོས། ཕྱོགས་སོ་སོའི་སྔོན་ཐོན་མི་སྣ་དང་ལྷག་པར་དུ་ཕུལ་དུ་བྱུང་བའི་ན་གཞོན་རྒྱུན་ཆད་མེད་པར་ཏང་ནང་དུ་བསྡུ་ལེན་བྱས་ཏེ། ན་གཞོན་ཏང་ཡོན་གྱིས་དུས་ནམ་ཡང་ཏང་གི་དར་ཆ་རང་ཉིད་ཀྱི་དར་ཆར་འཛིན་པ་དང་། ཏང་གི་ཁ་ཕྱོགས་རང་ཉིད་ཀྱི་ཁ་ཕྱོགས་སུ་འཛིན་པ། ཏང་གི་འདོད་བློ་རང་ཉིད་ཀྱི་འདོད་བློར་འཛིན་པ་བཅས་ཀྱི་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ། ཏང་གི་གསར་བརྗེའི་ཁྲག་རྒྱུན་འཛིན་པ་དང་ཏང་གི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་ནས། འཐབ་རྩོད་ཁྲོད་ནས་སྦྱོང་བརྡར་ཐོབ་པ་དང་། མཐོང་རྒྱ་སྐྱེད་པ། སྟོབས་ཤུགས་རྒྱས་པ། འཇོན་ཐང་འཕེལ་བ་བཅས་བྱེད་དགོས། རྒྱལ་གཅེས་བློས་གཏོང་དང་གསར་གཏོད་བྱེད་ཕོད་པའི་ཕུལ་བྱུང་གི་ཤེས་ལྡན་མི་སྣ་རྒྱུན་ཆད་མེད་པར་གསོ་སྐྱོང་དང་སྐྱེད་སྲིང་བྱེད་པ་དང་། ཁ་ཞེ་གཉིས་མེད་ཀྱིས་ཤེས་ལྡན་མི་སྣར་དགའ་ཞེན་དང་། སེམས་ནུས་ཡོད་རྒུས་ཤེས་ལྡན་མི་སྣ་གསོ་སྐྱོང་། བློ་ཞིབ་མོས་ཤེས་ལྡན་མི་སྣ་བཀོལ་སྤྱོད་བཅས་བྱས་ཏེ། ཕྱོགས་སོ་སོའི་ཕུལ་དུ་བྱུང་བའི་ཤེས་ལྡན་མི་སྣ་ཏང་དང་མི་དམངས་ཀྱི་འབད་འཐབ་རླབས་པོ་ཆེའི་ཁྲོད་དུ་བསྡུ་འགུག་བྱེད་དགོས།
     ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ། ཏང་འཛུགས་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་ཤུགས་ཆེན་གཏོང་བ། ཁ་སང་གི་དཀའ་སྡུག་དང་གཟི་བརྗིད་བརྗེད་མི་རུང་ལ། དེ་རིང་གི་འགན་འཁྲི་འཁུར་སེམས་ལ་ངོ་གནོང་མི་དགོས་པ། སང་ཉིན་གྱི་ཕུགས་འདུན་རླབས་པོ་ཆེ་སྟོང་ཟད་དུ་མི་གཏོང་བ། ལོ་རྒྱུས་མེ་ལོང་དུ་འཛིན་པ། མ་འོངས་གསར་གཏོད་བྱེད་པ། དཀའ་སྤྱད་སྙིང་རུས་ཀྱིས་ལས་ཀ་སྒྲུབ་པ། བློ་རྩ་བརྟན་པོས་མདུན་དུ་སྐྱོད་པ་བཅས་བྱས་ཏེ། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་ཞེས་འབོད་སྐུལ་བཏང་བ་རེད། འདས་ཟིན་པའི་ལོ་ངོ་བརྒྱའི་ནང་རྒྱལ་ཁ་དང་གཟི་འོད་རླབས་པོ་ཆེ་ཐོབ་པའི་ཀྲུང་གོའི་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་ལ་དུས་རབས་གསར་པ་དང་འཐབ་ལམ་གསར་པའི་ཐོག་རྒྱལ་ཁ་དང་གཟི་འོད་སྔར་ལས་རླབས་པོ་ཆེ་འཐོབ་ངེས་ཡིན་པར་ང་ཚོར་ཡིད་ཆེས་བརྟན་པོ་ཡོད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1