ཨུ་རུ་སི་དང་ཧྥ་རན་སིའི་མགོ་ཁྲིད་པས་ཁ་པར་བརྒྱུད་དེ་ཕྱོགས་གཉིས་ཀྱི་འབྲེལ་བ་དང་རྒྱལ་སྤྱིའི་གནད་དོན་གལ་ཆེན་ལ་གྲོས་བསྡུར་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 11-18


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་བཅོ་ལྔ་ཉིན་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་ལ་ཁ་པར་བཏང་སྟེ། ཕྱོགས་གཉིས་ཀྱི་འབྲེལ་བ་དང་ཨུ་རུ་སི་དཀར་པོ་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་མཐའ་མཚམས་ས་ཁུལ་གྱི་ཡུལ་གྱར་བའི་ཉམས་ཉེན་སོགས་རྒྱལ་སྤྱིའི་གནད་དོན་གལ་ཆེན་སོགས་ལ་གྲོས་བསྡུར་བྱས། 
        ཁི་ལི་མུའུ་ལིན་ཕོ་བྲང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཕྱོགས་གཉིས་ཀྱིས་ཉེ་སྔོན་ཧྥ་རན་སིའི་རྒྱལ་ས་ཕཱ་རེ་སི་ནས་སྤེལ་བའི་ཨུ་རུ་སི་དང་ཧྥ་རན་སིའི་བདེ་འཇགས་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལ་ཡིད་ཚིམས་པའི་ཚུལ་བསྟན་པ་དང་། མུ་མཐུད་དུ་དམག་དོན་དང་ཆབ་སྲིད་སོགས་གྲོས་གཞི་གཙོ་བོའི་ཐད་ནས་གྲོས་མོལ་བྱེད་འདོད་ཡོད་པའི་ཚུལ་བསྟན། 
        ཨུ་རུ་སི་དཀར་པོ་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་མཐའ་མཚམས་ས་ཁུལ་གྱི་ཡུལ་གྱར་བའི་ཉམས་ཉེན་ཐད་ནས་ཕུའུ་ཅིན་གྱིས་བསྟན་དོན། ཕོ་ལན་གྱི་མཐའ་སྲུང་དམག་མིས་ཡུལ་གྱར་བར་བཟུང་བའི་རྣམ་འགྱུར་ཧ་ཅང་གཏུམ་དྲག་རེད་ཟེར། ཁོས་ཨུ་རུ་སི་དཀར་པོའི་ཙུང་ཐུང་ལུའུ་ཁཱ་ཧྲིན་ཁི་དང་མཉམ་དུ་མཐའ་མཚམས་ཀྱི་ཡུལ་གྱར་བའི་ཉམས་ཉེན་ཐད་ནས་འབྲེལ་འདྲིས་བྱས་པ་དང་། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨུ་རུ་སི་དཀར་པོ་དང་མཉམ་དུ་ཡུལ་གྱར་བའི་གནད་དོན་ཐད་ནས་ཐད་ཀར་གྲོས་མོལ་བྱེད་དགོས་པར་འདོད། 
        ཨུ་རུ་སི་དང་ཧྥ་རན་སིའི་མགོ་ཁྲིད་པས་ཁ་པར་གཏོང་སྐབས་ཝུའུ་ཁི་ལན་ནང་ཁུལ་གྱི་འཁྲུག་རྩོད་ཐག་གཅོད་བྱེད་པར་དུས་ཡུན་རིང་བོར་གྲུབ་འབྲས་མ་བྱུང་བར་ཡིད་འཕང་བའི་ཚུལ་བསྟན། ཕུའུ་ཅིན་གྱིས་བཤད་རྒྱུར། ཨ་མེ་རི་ཁ་དང་དེའི་མནའ་མཐུན་རྒྱལ་ཁབ་ཀྱིས་མཚོ་ནག་ནས་གཞི་རྒྱ་ཆེ་བའི་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་བར་དཀྲུག་འཕེན་གྱི་རང་བཞིན་ལྡན་པ་དང་། བྱ་སྤྱོད་དེ་ལས་ཨུ་རུ་སི་དང་བྱང་ཆིངས་རྩ་འཛུགས་བར་གྱི་ཛ་དྲག་གི་འབྲེལ་བ་སྔར་ལས་ཇེ་སྡུག་ཏུ་གཏོང་སྲིད་ཟེར། 
        རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ད་རུང་ནཱ་ཀི་ཨར་ནོའུ་དང་ཁཱ་ལཱ་པཱ་ཧི་ས་ཁུལ་གྱི་གནད་དོན་དང་། ལི་པུ་ཡཱའི་གནད་དོན། མཱ་ལིའི་གནས་བབ་སོགས་ལ་གྲོས་བསྡུར་བྱས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1