“དབྱར་རྩྭ་དགུན་འབུ”ཡག་ཤོས་སློབ་ཁང་དང་དཔེ་དེབ་ནང་ཡོད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 11-23


 
    གངས་ལྗོངས་ས་མཐོར་དགུན་ཁ་འཆར་བ་སྔ། འོན་ཀྱང་འདི་ལོ་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ཉག་ཆུ་རྫོང་མགར་ར་སློབ་གསོ་གཅིག་སྡུད་སློབ་གཉེར་ཁུལ་གྱི་སློབ་མ་2995དང་དགེ་རྒན་དང་ལས་བཟོ་323གྱི་ངོས་ནས་བརྗོད་ན་དེ་བས་དྲོ་སྐྱིད་ལྡན་པ་ཞིག་ཡོད། ཉིན་དེ་དག་རིང་སློབ་གྲྭའི་སློབ་ཁང་དང་། ཉལ་ཁང་། དེ་བཞིན་སློབ་གསོ་སློབ་ཁྲིད་ཁང་བཅས་ཀྱི་ནང་གསར་དུ་སྒྲིག་སྦྱོར་བྱས་ཟིན་པའི་གློག་ཤུགས་དྲོད་ལེན་སྒྲིག་ཆས་གཅིག་རྗེས་གཉིས་མཐུད་ངང་སྤྱོད་འགོ་ཚུགས།
    ཉག་ཆུ་རྫོང་ནི་མཚོ་བོད་ས་མཐོའི་ཤར་ལྷོའི་མཚམས་སུ་གནས་པ་དང་དགུན་ཡུན་རིང་ལ་གནམ་གཤིས་གྲང་ངར་ཆེ་ཞིང་སྐམ་ཤས་ཆེན་པོ་ཡོད། “སྔོན་ཆད་དགུན་དུས་སུ་སློབ་ཁང་ནང་གི་ཕྲུ་གུ་ཚོས་གྱོན་གོས་ཧ་ཅང་མཐུག་པོ་གྱོན་གྱི་ཡོད། འོན་ཀྱང་ད་ཆ་རྣམ་པ་དེ་འདྲ་མཐོང་རྒྱུ་མེད”ཅེས་ཉག་ཆུ་རྫོང་སློབ་གསོ་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་ཁྲེན་ཡིང་ཅུན་གྱིས་བཤད།
    ཁྲེན་ཡིང་ཅུན་གྱིས་གསར་འགོད་པར་ཉག་ཆུ་རྫོང་མགར་ར་སློབ་གསོ་གཅིག་སྡུད་སློབ་གཉེར་ཁུལ་དེ་2013ལོར་སྐྲུན་འགོ་ཚུགས་པ་དང་། བསྐྲུན་རྗེས་མགར་ར་གྲོང་རྡལ་དམའ་རིམ་སློབ་འབྲིང་དང་། མགར་ར་གྲོང་རྡལ་ཡུག་ཁུལ་གྱི་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ མགར་ར་གྲོང་རྡལ་གྱི་སྐད་གཉིས་བུ་བཅོལ་ཁང་བཅས་ལ་ཁྱབ་ཡོད་ཅེས་བཤད།
    གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། དེ་སྔ་འབྲོག་ཁུལ་དུ་ཁྱིམ་བདག་མང་པོ་ཞིག་གིས་དབྱར་རྩྭ་དགུན་འབུ་འཐུ་བའི་དུས་ཚིགས་འཆར་རིམ་བཞིན། ཕྲུ་གུར་ནད་ཕོག་པ་སོགས་ལ་ཁ་གཡར་ནས་ཕྲུ་གུ་རི་ལ་དབྱར་རྩྭ་དགུན་འབུ་འཐུ་བར་བཏང་ནས་སློབ་གྲྭའི་སློབ་གསོ་སློབ་ཁྲིད་ལས་དོན་ལ་ཤུགས་རྐྱེན་ཆེན་པོ་བཟོས་ཀྱི་ཡོད།
   “ལོ་དེ་དག་ནང་ཁྱིམ་བདག་ཚོས‘རིམ་བཞིན་དབྱར་རྩྭ་དགུན་འབུ’ཡག་ཤོས་སློབ་ཁང་དང་དཔེ་དེབ་ནང་ཡོད་པ་ཤེས” ཉག་ཆུ་རྫོང་མགར་ར་སློབ་གསོ་གཅིག་སྡུད་སློབ་གཉེར་ཁུལ་གྱི་འགན་འཁུར་བ་ལི་པིན་གྱིས་གསར་འགོད་པར་ལོ་དེ་དག་རིང་གི་འགྱུར་ལྡོག་གསར་པའི་སྐོར་གླེང་སྐབས། ཁྱིམ་ཚང་མི་ཉུང་བ་ཞིག་གིས་གཅིག་སྡུད་སློབ་གཉེར་ཁུལ་གྱི་ཉེ་འགྲམ་དུ་ཁང་པ་གླས་ནས་ཁྱིམ་གྱི་རྒན་རྒོན་གྱིས་ཕྲུ་གུར་ལྟ་རྟོགས་དང་སློབ་སྦྱོང་ལ་ལྟ་སྐུལ་བྱེད་ཀྱི་ཡོད་ཅེས་དགའ་ཚོར་ཆེན་པོས་བཤད།
    ཁྲེན་ཡིང་ཅུན་གྱིས་གསར་འགོད་པར་ཉེ་བའི་ལོ་ཤས་རིང་ཉག་ཆུ་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་འཕེལ་རྒྱས་བྱུང་ཞིང་། མང་ཚོགས་ཀྱིས་སློབ་གསོར་རེ་བ་དང་མཐོང་ཆེན་བྱེད་ཚད་ཀྱང་ཇེ་ཆེར་འགྲོ་བཞིན་ཡོད། ཉག་ཆུ་རྫོང་གིས་ས་རྒྱ་ཆེ་ལ་མི་འབོར་ཉུང་བ་དང་། གྲོང་ཚོ་དང་གྲོང་རྡལ་གྱི་སློབ་གྲྭའི་སྟོབས་ཤུགས་ཞན་པའི་དངོས་ཡོད་གནས་ཚུལ་ལ་དམིགས་ནས། ཁོང་ཚོས་རྫོང་ཡོངས་ཀྱི་སློབ་གསོའི་ཐོན་ཁུངས་ཡག་ཤོས་གཅིག་སྡུད་བྱས་ཏེ། ཐག་རིང་ལུང་ཁུག་ས་ཁུལ་དང་ཁྱིམ་ཚང་དབུལ་པོའི་བུ་ཕྲུག་ཚོར་ཡང་སྤུས་ལེགས་ཀྱི་སློབ་གསོ་འདྲ་མཉམ་ངང་ལོངས་སུ་སྤྱོད་རྒྱུ་ཡོང་བ་བྱས་ཡོད་ཅེས་བཤད།
    གསར་འགོད་པས་ཨ་སྔོན་སྤྲིན་དཀར་འོག་ཕྲུ་གུ་ཚོ་ལུས་རྩལ་ཐང་དུ་རྩེད་འཇོར་ཅི་དགར་རོལ་བ་མཐོང་བྱུང་། ཕྱི་དྲོའི་རང་སྦྱོང་གི་སྐབས་སུ། བསྟན་བཤིག་ཚ་བའི་སློབ་མ་ཞིག་རང་སྦྱོང་ནན་ཏན་མི་བྱེད་པས“སྐོར་ཞིབ”བྱེད་མཁན་རྩིས་རིག་དགེ་རྒན་ལི་ཁྲོན་ཧྭ་ཡིས་གློ་བུར་དུ་ལག་གི་ཐལ་མོ་བརྡབ་པས་ཞེད་སྣང་ཆེན་པོ་སྐྱེས།
   ལི་ཁྲོན་ཧྭ་འདི་གར་སླེབས་ནས་ལོ་7སོང་ཞིང་། ཁོང་ནི་དེ་སྔ་ཁྲེང་ཏུའུ་ཏུའུ་ཅང་གཡན་གྲོང་ཁྱེར་གྱི་རིག་ཚན་སྣེ་ཁྲིད་པ་ཡིན་ཞིང་། 2015ལོའི་ཟླ་9པར་སི་ཁྲོན་ཞིང་ཆེན་གྱི་འབྲེལ་ཡོད་འཆར་གཞིའི་བཀོད་སྒྲིག་འོག ཁོང་དཀར་མཛེས་ཀྲོའུ་ཉག་ཆུ་རྫོང་དུ་སློབ་སྐྱོར་ལ་ཡོང་། ལོ་གཅིག་གི་དུས་ཚོད་ཐིམ་རྗེས་ཁོང་གིས་རང་འགུལ་ངང་ས་གནས་དེ་གར་མུ་མཐུད་ལས་ཀ་བྱས་ནས་སྡོད་རྒྱུའི་རེ་བ་ཞུས།
    “ང་རང་དེ་གར་སྡོད་པའི་གདམ་ག་བྱེད་དོན་ནི་ས་གནས་དེ་གའི་མང་ཚོགས་ཀྱི་སློབ་གསོའི་ལྟ་བ་གོང་མཐོར་སོང་བ་ལས་རང་ཉིད་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང” ལི་ཁྲོན་ཧྭ་ཡིས་བཟའ་ཟླ་ཡང་ཁོང་གི་སློབ་གྲྭར་ཡོང་རྒྱུའི་བསམ་བློའི་སློབ་གསོ་བརྒྱབ་པས་ད་ཆ་སློབ་གྲྭའི་སྨན་པ་ཞིག་ཏུ་གྱུར། དེ་དང་ཆབས་ཅིག ཁོང་གི་བུ་སློབ་གྲྭ་བསྒྱུར་རྒྱུའི་འགྲོ་ལུགས་གཉེར་ནས་ནང་མི་ཚང་མ་ཁྲེང་ཏུའུ་ནས་ཉག་ཆུར་སྤོས་པ་རེད།
    གཅིག་སྡུད་སློབ་གཉེར་ཁུལ་གྱི་དགེ་རྒན་མང་པོ་ཞིག་གིས་གསར་འགོད་པར། ང་ཚོའི་བསམ་འདུན་ཆེ་ཤོས་ནི་རང་ཉིད་ཀྱིས་སློབ་ཁྲིད་བྱས་པའི་སློབ་མ་རྣམས་ཕྱིར་སྐྱོད་ཐུབ་པ་བྱ་རྒྱུ་དེ་ཡིན་ཞེས་བཤད། ལི་ཁྲོན་ཧྭ་ཡིས་ངས་ལམ་སྟོན་སྒྲོན་མེ་ཞིག་བྱས་ནས་ཕྲུ་གུ་ཚོ་རི་ཁུག་ནས་ཐོན་ཐུབ་པའི་ལམ་སྟོན་བྱེད་འདོད་ཡོད་ཅེས་བཤད།
   སློབ་མའི་ཉལ་ཁང་ཞིག་གི་ནང་གསར་འགོད་པས་ཕྲུ་གུ་ཚོས་གྱང་སྟེང་དུ“ང་ཚོས་སློབ་གཉེར་གྱི་ལམ་བུར་སྐྱོད་ཀྱིན་དུ་རེ་བ་གསར་པ་དང་མདུན་ལམ་གསར་པ་འཚོལ་ཞིབ་བྱེད་བཞིན་ཡོད”ཅེས་བྲིས་ཡོད་པ་མཐོང་བྱུང་།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1