ནང་བསྟན་རིག་གནས་ཀྱིས་སྤྱི་ཚོགས་ལ་ཡར་སྐུལ་གནང་བའི་ སྐོར་ལ་ཅུང་ཟད་གླེང་པ་།

སྐལ་བཟང་བསྟན་འཛིན། རྟའུ་རྫོང་སྐྱིད་སྣང་དགོན། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-23


ནང་བསྟན་རིག་གནས་ཀྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཐོག་འབྱོར་ཕྱུག་དང་དམངས་གཙོ། ཤེས་དཔལ། ཞི་མཐུན་དར་སྤེལ་གཏོང་བ་སོགས་ཀྱི་ཐད་དུ་ཡར་སྐུལ་དང་ཁ་ཕྱོགས་གསལ་པོར་སྟོན་པའི་སྐོར་དང་། དཔལ་འབྱོར་རྩོལ་སྒྲུབ་དང་། རིག་གནས་གོང་སྤེལ། མི་རིགས་མཐུན་སྒྲིལ་སོགས་གཞུང་ལུགས་དང་སྦྲགས་ནས་བརྗོད་ཡོད།

དེང་གི་དུས་འདིར་འཛམ་གླིང་ཧྲིལ་བོས་དཔལ་འབྱོར་འཕེལ་རྒྱས་དང་རིག་གནས་གོང་སྤེལ་གྱི་ཐད་དུ་བརྩོན་བཞིན་མཆིས་ལ། རྒྱལ་ཁབ་ཀྱི་ངོས་ནས་ཀྱང་སྔར་ལས་ད་ལྷག་གི་ཉིན་རེ་ནས་ཉིན་རེར་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་ལྟ་བ་གཞིར་བཟུང་སྟེ། དཔལ་འབྱོར་དང་རིག་གནས། སློབ་གསོ་དང་མི་སྤུས་སོགས་འཐུས་ཇེ་ཚང་དང་འགྲིགས་ཇེ་ལེགས་སུ་གཏོང་བཞིན་ཡོད་པས་མི་རིགས་མཐུན་སྒྲིལ་དང་རྒྱལ་ཁབ་བརྟན་བརླིང་གི་ཤུགས་རྐྱེན་ཟབ་མོ་ཞིག་ཏུ་གྱུར་ཡོད། དེ་ནི་ནང་བསྟན་རིག་གནས་ཀྱི་ཕྱོགས་ནས་ཀྱང་མི་རྣམས་ཀྱི་བདེ་བ་དང་འཚོ་གནས་ཀྱི་ཕྱིར་དུ་དཔལ་འབྱོར་རྩོལ་སྒྲུབ་དང་རིག་གནས་གོང་སྤེལ། སློབ་གསོ་ཡར་སྐུལ་སོགས་ཐབས་ཤེས་སྣ་ཚོགས་ཀྱི་སྒོ་ནས་མི་ཡུལ་འཇིག་རྟེན་དུ་སངས་རྒྱས་ཀྱིས་གསུངས་བཞག་ཡོད་ལ། རྗེས་འཇུག་མཁས་པ་རྣམས་ཀྱིས་སོ་སོ་གང་མོས་དང་གང་མཐུན་གྱི་རིམ་པར་ཐེག་པ་ཆེ་ཆུང་དང་གྲུབ་མཐའ་གོང་འོག་སོགས་རྣམ་པར་ཕྱེས་ཏེ་ཁ་གསལ་ལ་གོ་བདེ་བར་བསྟན་ཡོད་པ་རེད།

གཅིག །དཔལ་འབྱོར་རྩོལ་སྒྲུབ་ཀྱི་འདུ་ཤེས་དགོས་པར་བསྟན་པ།

དཔལ་ལྡན་ཟླ་བ་གྲགས་པས་དབུ་མ་འཇུག་པར་སྐྱེ་བོ་འདི་ཀུན་བདེ་བ་མངོན་འདོད་ཅིང་། །མི་རྣམས་བདེ་བའང་ལོངས་སྤྱོད་མེད་མིན་ལ། །ལོངས་སྤྱོད་ཀྱང་ནི་སྦྱིན་ལས་འབྱུང་མཁྱེན་ནས། ཐུབ་པས་དང་པོར་སྤྱིན་པའི་གཏམ་མཛད་དོ། །ཞེས་མི་རྣམས་ཀྱི་བདེ་བ་ནི་གཙོ་བོ་ལོངས་སྤྱོད་དམ་དཔལ་འབྱོར་གྱིས་དབུལ་བས་འབྱུང་བ་མ་ཡིན་པར། དེ་ལས་ལྡོག་སྟེ་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤྱི་ཚོགས་ཤིག་ཏུ་གྲུབ་ན་ད་གཟོད་མི་རྣམས་ཀྱི་བདེ་བ་འབྱུང་ཞིང་། དེ་འདྲའི་དཔལ་འབྱོར་དེ་ཡང་སྦྱིན་པ་བཏང་བ་ལས་འབྱུང་བར་ཐུབ་པ་སངས་རྒྱས་ཀྱིས་མཁྱེན་ནས་ལས་དང་པོ་བའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཐོག་མར་སྦྱིན་པའི་གཏམ་མཛད་པ་རེད། དེ་ནས་ཤེས་ཐུབ་པ་ནི་མིའི་རིགས་ཀྱི་སྤྱི་ཚོགས་འདི་ལ་མཁོ་བ་ནི་བདེ་བ་ཡིན་ཞིང་བདེ་བ་དེ་ཡང་ལོངས་སྤྱོད་ལས་འབྱུང་གི་ཡོད་པར་བསྟན་པ་དང་། ཕར་ཕྱིན་དྲུག་དང་བསྡུ་དངོས་བཞི་སོགས་ཉམས་ལེན་དེ་དག་གི་ཐོག་མར་སྦྱིན་པ་འཇོག་དོན་ཡང་ལོངས་སྤྱོད་འབྱུང་བའི་ཕྱིར་ཡིན་ལ། ལོངས་སྤྱོད་དེ་མི་རྣམས་ཀྱིས་འཚོལ་དགོས་ངེས་ཤིག་ཏུ་བསྟན་ཡོད་པ་རེད། ལོངས་སྤྱོད་ནི་ནོར་རྫས་ཀྱི་དོན་དེ་དེང་སྐབས་བེད་སྤྱོད་གཏོང་བཞིན་པའི་དཔལ་འབྱོར་དང་དོན་མཐུན་པས་རྗེས་འཇུག་དག་ལ་དཔལ་འབྱོར་རྩོལ་སྒྲུབ་ཀྱི་འདུ་ཤེས་ཤུགས་ཆེར་བླངས་པའང་རེད། ཡང་གཅིག་བཤད་ན་ནང་བསྟན་རིག་གནས་ནི་མིའི་རིགས་ཀྱི་སྤྱི་ཚོགས་ལ་བདེ་སྐྱིད་སྐྲུན་བྱེད་ཀྱི་རིག་གནས་ཤིག་ཡིན་ལ། རིག་གནས་དེས་ཐོག་མར་མི་གཙོ་བྱས་པའི་སེམས་ཅན་རྣམས་ཀྱི་བདེ་སྐྱིད་ནི་གང་འདྲ་ཞིག་ལ་ངོས་འཛིན་བཞིན་ཡོད་པ་དང་། ཁོ་ཚོས་ངོས་བཟུང་པའི་བདེ་སྐྱིད་དེ་ཁོ་ཚོར་ཐབས་ཤེས་ག་འདྲ་ཞིག་བེད་སྤྱད་ནས་ཐོབ་ཏུ་འཇུག་དགོས་པ་སོགས་ལ་རིགས་པས་བརྟག་དཔྱད་བགྱིས་ཤིང་། ལུང་གིས་རྒྱབ་སྐྱོར་བྱས་ཏེ་ཐོས་བསམ་སྒོམ་གསུམ་གྱི་བྱ་བ་དུ་མར་གཅིག་རྗེས་གཉིས་མཐུད་དུ་གསུངས་ཡོད་པ་རེད། དཔལ་འབྱོར་ནི་མིའི་རིགས་ཀྱི་སྤྱི་ཚོགས་ལ་མཚོན་ན་བདེ་སྐྱིད་སྐྲུན་བྱེད་ཀྱི་རྒྱུ་རྐྱེན་གཙོ་བོ་ཞིག་ཏུ་ཁོ་རང་ཚོས་ངོས་འཛིན་བཞིན་ཡོད་ལ། ཁོ་རང་ཚོའི་བདེ་སྐྱིད་ཀྱི་རྨང་གཞི་ཡང་གྲུབ་འདུག་པས། མི་རྣམས་ཀྱི་བདེ་བ་ནི་ལོངས་སྤྱོད་མེད་པ་ལས་འབྱུང་མི་ཐུབ་པར་དགོངས་ནས་ལོངས་སྤྱོད་སྒྲུབ་ལུགས་ཀྱི་ཐབས་ཤེས་འདྲ་མིན་བེད་སྤྱད་དེ་རྗེས་འཇུག་གི་སེམས་ཅན་རྣམས་ལ་གསུངས་ཡོད་པ་རེད། ངོས་དེ་ནས་བསམས་ན་ནང་བསྟན་རིག་གནས་ཀྱི་སྤྱི་ཁོག་ཆེ་ས་ཀུན་ཏུའང་ཕར་ཕྱིན་དྲུག་དང་བསྡུ་དངོས་བཞི་སོགས་ཀྱིས་མ་ཟིན་པ་ཆེར་མེད་ཅིང་། དེ་དག་ཡོངས་ཀྱི་ཐོག་མར་སྦྱིན་པའི་གཏམ་མཛད་དེ་འཇིག་རྟེན་གྱི་མི་རྣམས་ལ་ཕུན་སུམ་ཚོགས་པའི་བདེ་བ་འཚོལ་ཐབས་ངོ་མཚར་བ་ཞིག་བྱིན་པར་མ་ཟད། དེང་རབས་དཔལ་འབྱོར་རིག་པའི་ཕྱོགས་ཁ་དང་མཐུན་པར་མི་རྣམས་ཀྱི་སེམས་རྒྱུད་ལ་ཧུར་བརྩོན་གྱི་ཡར་སྐུལ་ཆེན་པོ་བཏང་ཡོད་པ་རེད། དེ་ནི་སྦྱིན་པ་བཏང་བས་དཔལ་འབྱོར་བསྒྲུབས་ནའང་འདྲ། ཁེ་ལས་གཉེར་བས་དཔལ་འབྱོར་བསྒྲུབས་ནའང་འདྲ། གང་ལྟར་མི་རྣམས་ཀྱི་བདེ་བ་མངོན་པར་འདོད་པ་ཁ་སྐོང་བའི་ཕྱིར་དུ་ལོངས་སྤྱོད་སྒྲུབ་འདོད་ཀྱི་སེམས་ཤུགས་ཆེས་ཆེར་བསྣན་ཡོད་པ་རེད་ལ། ལོངས་སྤྱོད་སྒྲུབ་འདོད་ཀྱི་སེམས་ཤུགས་བརྟན་པོ་ཆགས་རྗེས་ལོངས་སྤྱོད་དེ་ཡང་འཕེལ་རྒྱས་དང་འཐུས་ཚང་གི་ལམ་བུར་བསྐྱོད་དགོས་པ་ཤུགས་སུ་བསྟན་པས། མདོར་ན་ནང་བསྟན་རིག་པའི་ཐོག་མཐའ་ཀུན་དུ་མི་རྣམས་ཀྱི་བདེ་སྐྱིད་དང་འདོད་བློའི་ཆེད་དུ་དཔལ་འབྱོར་སྒྲུབ་སྟངས་ཀྱི་སློབ་གསོ་ཞོར་དང་ཞར་ནས་འབྱུང་ཡོད་པ་རེད། །

གཉིས། རིག་གནས་གོང་སྤེལ་གྱི་བྱ་བ་དགོས་པར་བསྟན་པ།

དེ་ཡང་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། ཤེས་རབ་ཀྱིས་ཞི་བློ་ཡིས་གྲོལ། །ཞེས་གསུངས་པ་ནང་བཞིན་ཤེས་རབ་ཀྱིས་ཉེ་རིང་ཆགས་སྡང་གི་འདུ་ཤེས་ཕྱིན་ཅི་ལོག་ཞི་བར་བྱེད་པ་དང་འཇིག་རྟེན་གྱི་བྱ་དངོས་གང་ལ་འཇུག་རུང་འཁྲུལ་བ་དང་རྨོངས་པ། གོ་འཛོལ་དུ་ཐེབས་པ་སོགས་ཞི་བར་བྱེད་པས་ཤེས་རབ་ནི་གཙོ་བོ་དང་མཆོག་ཏུ་བསྟན་ཏེ། ཡན་ལག་འདི་དག་ཐམས་ཅད་ནི། །ཐུབ་པས་ཤེས་རབ་དོན་དུ་གསུང་། །ཞེས་ཡན་ལག་སྔ་མ་གང་དང་གང་གསུངས་པ་ཐམས་ཅད་རྒྱུད་ལ་ཤེས་རབ་སྐྱེ་བའི་དོན་དུ་གསུངས་པ་རེད་ཅེས་བསྟན་ཡོད། འདི་ནས་ཤེས་ཐུབ་པ་ནི་སངས་རྒྱས་ཀྱི་ཆོས་ཕུང་ཇི་སྙེད་གསུངས་པ་ཐམས་ཅད་གདུལ་བྱའི་རྒྱུད་ལ་ཤེས་རབ་སྐྱེ་བའི་ཆེད་ཡིན་པ་དང་། སྤྱོད་ལམ་གང་དང་གང་བསྟན་པ་ཡོད་ཚད་སེམས་ཅན་རྣམས་ཀྱི་མི་ཤེས་པ་སེལ་བའི་ཆེད་ཡིན་པས། བརྩོན་འགྲུས་དང་ཧུར་ཐག་གི་འབད་ཡུལ་ནི་རང་རྒྱུད་ལ་ཤེས་རབ་སྐྱེས་པ་དེ་ཡིན་པར་བསྟན་ཡོད། དེ་ཡང་ཤེས་རབ་ནི་མཐར་དེད་ན་མི་ཤེས་པ་གང་ཞིག་བསལ་བའི་ཤེས་པ་རབ་ཏུ་གྱུར་བ་ཞིག་ལ་ཟེར་ཞིང་། དེང་སྐབས་རིག་གནས་ཀྱི་གོ་བ་བསྐྱོན་སྟངས་དང་ཕྱོགས་མཚུངས་པས་དོན་དུ་མི་རྣམས་ཀྱིས་རིག་གནས་རྒྱུད་ལ་ལེན་དགོས་པར་མ་ཟད། བླངས་པ་དེ་ཡང་གོམས་པ་དང་གཤིབ་བསྡུར་བགྱིས་ཏེ་གོང་ནས་གོང་དུ་སྤེལ་དགོས་པར་བསྟན་ཡོད། དཔེར་ན་ཤེས་རབ་གང་ཡིན་རུང་རང་རྒྱུད་ལ་སྐྱེས་པ་ཙམ་གྱིས་མི་ཆོག་པར་དེ་ཉིད་བསྐལ་བ་དུ་མར་སྒོམ་ཞིང་གོམས་པ་མངོན་དུ་གྱུར་ཏེ་ས་ནས་ས་འཕར་ཞིང་། ལམ་ནས་ལམ་འཕགས་ཏེ་སངས་རྒྱས་ཀྱི་གོ་འཕང་དུ་བསྐྱོད་དགོས་ལ། ཤེས་རིག་ཡོན་ཏན་གང་ཡིན་རུང་ཤེས་པ་ཙམ་གྱིས་མི་ཆོག་པར་གོང་ནས་གོང་དུ་སྤེལ་བའི་ལས་ལ་གཞོལ་དགོས་པ་དང་། དེ་འདྲའི་ཤེས་རིག་ཡོན་ཏན་གོང་སྤེལ་གྱི་ཕྱོགས་སུ་འབད་འབུངས་ཅི་ནུས་བགྱི་དགོས་པས། ཡོན་ཏན་མ་ལུས་བརྩོན་འགྲུས་ཀྱི་རྗེས་སུ་འགྲོའོ་ཞེས་ཤེས་རིག་དང་ཡོན་ཏན་རྒྱུད་ལ་སྐྱེས་ཆེད་བརྩོན་འགྲུས་ནི་མེད་ཐབས་མེད་པའི་སྐུལ་ལྕག་ཅིག་ཏུ་བསྟན་ཡོད་པ་རེད།

གཞན་ད་དུང་རྒྱལ་ཚབ་བྱམས་པ་མགོན་པོས་རིག་པའི་གནས་ལྔ་དག་ལ་མཁས་པར་མ་བྱས་ན། །འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་འཐོབ་མི་འགྱུར། །ཅེས་རིག་པའི་གནས་ལྔ་སོགས་རིག་གནས་ཆེ་ཕྲ་གང་འདྲ་ཞིག་ཡིན་རུང་མཁས་པ་བྱང་ཆུབ་པ་ཞིག་མ་བྱས་ན། འཕགས་པ་ཡིན་རུང་ཐམས་ཅད་མཁྱེན་པའི་གོ་འཕངས་མི་ཐོབ་ཅེས་རིག་གནས་ལ་སློབ་སྦྱོང་གི་བྱ་བ་བྱེད་དགོས་པར་སྐུལ་མ་ཤུགས་ཆེར་གནང་ཡོད་པ་རེད། དེས་ན་ཆོས་ལུགས་ཡིན་མིན་དང་མི་རིགས་འདྲ་མིན་གྱི་ཚད་བཀག་མེད་པར་རིག་གནས་ཡོན་ཏན་ཡོད་ཚད་པོ་འགྲོ་བ་མིའི་རིགས་ཀྱི་སྤྱི་ཚོགས་ལ་དགོས་ངེས་ཤིག་ཏུ་བརྩིས་ཏེ་བསླབ་དགོས་པར་བསྟན་ཡོད་པ་དང་། ནང་བསྟན་རིག་གནས་ཀྱི་བླ་ན་མེད་པའི་དཀྱེལ་ཡངས་རང་བཞིན་གྱི་བསམ་བློ་ཞིག་ཀྱང་མངོན་ཡོད་པ་རེད། འདི་ནས་རྗེས་འཇུག་གི་སྐྱེ་བོ་རྣམས་ལ་ངོ་མཚར་ཞིང་ཡིད་དགའ་བའི་ལམ་ཁ་ཞིག་བྱིན་ཡོད་པ་ནི། རིག་གནས་ཡོན་ཏན་ཀུན་ལ་བདུད་རྩི་བཟང་པོའི་འདུ་ཤེས་ཀྱིས་དོན་གཉེར་དང་སློབ་སྦྱོང་བགྱི་དགོས་པར་མ་ཟད། གུས་བཀུར་དང་བརྩི་འཇོག་གི་འདུ་ཤེས་ཀྱང་ཡོད་དགོས་པར་བསྟན་ཡོད་པ་རེད། ངོས་དེ་ནས་བོད་པ་བྱིངས་ལ་གོམས་གཤིས་ཤིག་ཆགས་ཡོད་པ་ནི་ཡི་གེ་ཡིན་ཕྱིན་དམན་སར་མི་འཇོག་པ་དང་གུས་པ་དང་བརྩི་བཀུར་གྱིས་མགོ་ཐོད་དུ་བླངས་ཏེ་མཐོ་སར་འཇོག་པ་དེ་རེད། གོམས་གཤིས་འདི་ནི་རིག་གནས་ལ་དགའ་བའི་རྟགས་མཚན་ཞིག་ཡིན་པར་མ་ཟད་གོང་དུ་བཤད་པའི་ནང་བསྟན་རིག་གནས་ཀྱི་བསླབ་བྱ་དེ་དག་གིས་སེམས་ཁམས་སུ་བགོས་པའི་ཡོན་ཏན་ཞིག་ཀྱང་ཡིན་སྲིད། གང་ལྟར་རིག་གནས་གོང་སྤེལ་གྱི་བྱ་བ་ནི་སངས་རྒྱས་ཆོས་ལུགས་ཀྱི་དགོངས་བཞེད་གཙོ་བོ་གཅིག་རེད་ཅེས་ཀྱང་ཐལ་མི་ཆེའོ། །

གསུམ། མི་རིགས་མཐུན་སྒྲིལ་གྱི་བརྩོན་པ་དགོས་པར་བསྟན་པ།

སྟོན་པ་ཉིད་ཀྱི་ཞལ་ནས་རིགས་མི་གཙོ་རུས་མི་གཙོ་བསླབ་པ་རིན་པོ་ཆེ་ཁོ་ན་གཙོ་ཞེས་རིགས་དང་རུས་ཀྱི་ཁྱད་པར་དང་ཕྱོགས་རིས་མེད་ཅིང་། རིགས་རུས་གང་ཡང་གཙོ་བོ་མི་འཛིན་པར་བསླབ་པའམ་ནང་གི་ཡོན་ཏན་མཐོ་དམན་གྱིས་གོང་འོག་བསྒྲིག་དགོས་གསུངས་ཡོད་པས། རིགས་རྒྱུད་གཅིག་པར་ལྷག་ཏུ་བརྩེ་བའི་མཆོག་འཛིན་དང་རིགས་རྒྱུད་གཞན་པར་དེ་ལས་སྡང་བའི་ཕྱོགས་འཐེན་གྱི་ལས་ནམ་ཡང་སྤང་བྱར་བསྟན་ཏེ། མི་རིགས་ཕན་ཚུན་བར་མཛའ་བརྩེ་དང་མཐུན་སྒྲིལ་གྱི་བྱ་བར་འབད་དགོས་པར་བསྟན་ཡོད། འདིས་ནི་སྤྱི་ཚོགས་འཆམ་མཐུན་དང་མི་རིགས་མཐུན་སྒྲིལ། རྒྱལ་ཁབ་བརྟན་བརླིང་སོགས་ཕྱོགས་མང་པོར་ཕན་ཁེ་ཆེ་བའི་བསླབ་བྱ་ཞིག་གནང་ཡོད་པར་མ་ཟད། རིགས་རུས་མཆོག་དམན་འཛིན་པའི་ལྟ་བ་རྨང་ནས་བཤིག་སྟེ་གནས་ལུགས་དང་འབྱོར་བའི་ཤེས་རིག་ཡོན་ཏན་ཅན་དེ་དག་ལ་བརྩི་བཀུར་བྱེད་དགོས་པར་བསྟན་ཡོད།

མི་རིགས་མཐུན་སྒྲིལ་ནི་སྤྱི་ཚོགས་དང་མི་སྒེར་གྱི་བདེ་འཇགས་ལ་འབྲེལ་བ་དམ་ཟབ་ཡོད་པས་རང་གི་བདེ་འཇགས་དང་འཚོ་བའི་ཁེ་ཕན་གྱི་ཕྱིར་དུ་མི་རིགས་དང་མི་རིགས་བར། ཡུལ་ལུང་དང་ཡུལ་ལུང་བར། ཚོ་ཁག་དང་ཚོ་ཁག་བར། ཁྱིམ་ཚང་དང་ཁྱིམ་ཚང་བར་མཐུན་པོ་འཇག་མོ་བྱ་རྒྱུ་ནི་ཧ་ཅང་གལ་ཆེ་བ་ཞིག་རེད། དཔེར་ན་རང་གི་ཁྱིམ་ཚང་དང་མི་རིགས་སོགས་ཀྱིས་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་བཞིན་དུ་གཞན་ལ་ཡང་དེ་འདྲའི་བསམ་བློ་བསྐོར་ཏེ་བདག་གཞན་བརྗེ་བ་དང་བདག་གཞན་མཉམ་པ། བདག་བས་གཞན་གཅེས་སོགས་ཀྱི་སེམས་ཅི་ནུས་ཅི་ཐུབ་ཀྱིས་བསྒོམ་དགོས་པར་ནང་དོན་རིག་པའི་གཞུང་ལུགས་ཁག་ན་གསུངས་ཡོད་ཅིང་། གོང་དུ་བཤད་པ་ནང་བཞིན་རང་གི་ལུས་ལ་དཔེ་ལོངས་ལ། གཞན་ལ་གནོད་པ་མ་བྱེད་ཅིག་ཅེས་པའི་བསླབ་བྱ་དེ་ནི་ནང་དོན་རིག་པའི་སྤྱི་ཁོག་གི་འགྲོ་སྟངས་ཤིག་ཀྱང་རེད། དེས་ན་ནང་དོན་རིག་པའི་ཐོག་མཐའ་ཀུན་ཏུ་གཞན་ལ་འཚེ་བའི་བྱ་སྤྱོད་གཞི་ནས་བཤིག་ཅིང་། སེམས་ཅན་ཐམས་ཅད་ལ་ཕྱོགས་རུས་མེད་པར་ཕན་ཅི་ཐོགས་དང་བཟང་ཅི་ནུས་ཀྱིས་ཉེ་རིང་ཆགས་སྡང་དང་བྲལ་བའི་བློ་བཏང་སྙོམས་སུ་གནས་དགོས་པར་བསྟན་པས་སྤྱི་ཚོགས་ཡར་རྒྱས་ཀྱི་ཤུགས་རྐྱེན་ཟབ་མོ་བཏིང་ཡོད་པ་རེད།

མཇུག་བསྡུས་ན་སངས་རྒྱས་ཀྱི་ཆོས་འཁོར་རིམ་པ་གསུམ་སོགས་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་བསླབ་བྱ་མང་དུ་བསྩལ་ཡོད་པ་ལས། གཅིག་བསྡུས་ཀྱི་ཉིང་བཅུད་གནད་དུ་དྲིལ་ན་མི་རྣམས་ཀྱི་བསམ་པ་དང་སྤྱོད་པ་ལེགས་ལམ་དུ་ཁྲིད་བྱེད་ཅིག་ལས་མ་འདས་པས། གནས་ལུགས་དང་མཐུན་པའི་དཔལ་འབྱོར་རྩོལ་སྒྲུབ་དང་རིག་གནས་གོང་སྤེལ། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བདེ་འཇགས་སོགས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་ལྟ་བ་དེ་དག་ལ་ཡར་སྐུལ་གྱི་སློབ་གསོ་ཤུགས་ཆེར་གནང་ཡོད་པར་མ་ཟད། དེ་དག་གི་ལྡོག་ཕྱོགས་སུ་གྱུར་བའི་ལེ་ལོ་དང་སྒྱིད་ལུག །འཕྲོག་བཅོམ་དང་གཏོར་བརླག་རྣམས་ལ་དངོས་ཤུགས་ཅི་རིགས་ནས་དགག་སྒྲ་སྦྱར་ཡོད་པ་རེད་དོ། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1