༄༅།། ཕྱི་རོལ་ཏུ་འགྲོ་སྐབས་རིམས་ནད་འགོག་སྲུང་གི་བྱ་བ་ལེགས་པོར་བསྒྲུབ་དགོས།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 11-26


        རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྐབས་སུ།ཕྱི་རོལ་ཏུ་འགྲོ་སྐབས་སྒེར་འཁོར་བསྐོར་བ་དང་ཡང་ན་ལྕགས་རྟར་ཞོན་པའི་གནས་ཚུལ་ཧ་ཅང་མང་ལ། སྤྱི་སྤྱོད་རླངས་འཁོར་དུ་འདུག་པའི་གནས་ཚུལ་ཡང་ཡོད་པས། དེ་དག་གི་སྐབས་སུ་ང་ཚོས་འགོག་སྲུང་ཇི་ལྟར་བྱེད་དགོས་སམ།
        སྒེར་འཁོར་བསྐོར་བ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྐབས་སུ་སྒེར་འཁོར་བསྐོར་ཏེ་ཕྱི་རོལ་ཏུ་འགྲོ་དགོས་པ་བྱུང་ན།རླངས་འཁོར་གྱི་སྒེའུ་ཁུང་ཕྱེ་སྟེེ་རླུང་རྒྱུ་ཚད་ཇེ་མང་དུ་གཏོང་དགོས་པ་དང་།གལ་ཏེ་རླངས་འཁོར་ནང་དུ་མི་མང་པོ་འདུག་དགོས་ན། ཁ་ཐུམ་རྒྱག་དགོས། གཙང་སྦྲར་དོ་སྣང་ལེགས་པོ་བྱས་ཏེ།ལག་པས་ཐད་ཀར་ཁ་རྣ་དང་མིག་སོགས་ལ་མི་རེག་པ་དང་།དམིགས་ཡུལ་དུ་འབྱོར་རྗེས་མྱུར་དུ་ལག་པ་བཀྲུ་དགོས། སྒོ་ལུང་དང་ལྡེ་མིག ཁ་སྒྱུར་འཁོར་ལོ་སོགས་ལ་དུས་ཐོག་ཏུ་དུག་སེལ་བྱེད་དགོས།
        གལ་ཏེ་རླངས་འཁོར་ནང་དུ་བསྡད་ཡོད་པའི་མི་ལ་ནད་བྱུང་ཡོད་པ་ངོས་བཟུང་བའམ་ཡང་ན་ནད་བྱུང་ཡོད་པ་འདྲ་ན།ཆེད་ལས་མི་སྣའི་མཛུབ་སྟོན་འོག རླངས་འཁོར་ནང་གི་དངོས་པོ་ཡོད་ཚད་དང་རླངས་འཁོར་ཕྱི་རོལ་གྱི་སྒོ་ལུང་སོགས་ལ་དུས་ཐོག་ཏུ་དུག་སེལ་བྱེད་དགོས་པ་དང་། དུག་སེལ་བྱས་པའི་དུས་ཡུན་སྐར་མ30ལས་ཉུང་མི་རུང་།
        ལྕགས་རྟར་ཞོན་པ། ལྕགས་རྟར་ཞོན་ཏེ་སྒོར་འབུད་སྐབས།ངེས་པར་དུ་མི་གཞན་པ་དང་བར་ཐག་ངེས་ཅན་ཞིག་འཇོག་དགོས་ལ།རིམས་ནད་ཀྱི་ཉེན་ཁ་ཆེ་བའི་ས་ཁུལ་དུ་སླེབས་རྗེས་ཁ་ཐུམ་རྒྱག་པ་དང་།ལག་པ་གཙང་མར་བཀྲུས་ནས་ལག་པའི་གཙང་སྦྲར་དོ་སྣང་ལེགས་པོ་བྱེད་དགོས།
        སྤྱི་སྤྱོད་རླངས་འཁོར་ལ་འདུག་པ། སྤྱི་སྤྱོད་རླངས་འཁོར་ལ་འདུག་སྐབས་མགོ་མཇུག་བར་གསུམ་དུ་སྨན་སྤྱོད་ཁ་ཐུམ་རྒྱག་དགོས་པ་དང་།ལག་པས་འདུག་སྟེགས་དང་འཛིན་ལུང་།སྒོ་དང་སྐྱོར་ཤིང་སོགས་ལ་འཇུས་རྗེས་ཐད་ཀར་ཁ་རྣ་དང་མིག་ལ་མི་རེག་པར།ཡུལ་ལ་ལོག་རྗེས་མྱུར་དུ་ལག་པ་གཙང་མར་བཀྲུ་དགོས།
        འབྲེལ་ཡོད་ཤེས་བྱ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྐབས་སུ། གློག་སྐས་ལ་འདུག་སྐབས་ཀྱང་མཉམ་འཇོག་ལེགས་པོ་བྱེད་དགོས་ཏེ།
        གཅིག གློག་སྐས་ལ་སྒུག་པའི་སྐབས་སུ།གོ་རིམ་ཧྲིལ་པོར་ཁ་ཐུམ་ལེགས་པར་རྒྱག་དགོས།གལ་ཏེ་གློག་སྐས་ལ་སྒུག་མཁན་གྱི་མི་གཞན་པའི་ཁྲོད་དུ་གློ་ལུ་བ་སོགས་ཀྱི་ནད་རྟགས་ཡོད་པ་ཤེས་ན་གློག་སྐས་དེའི་ནང་དུ་འདུག་མི་རུང་།
        གཉིས། གློག་སྐས་ལ་འདུག་པའི་སྐབས་སུ།ཅི་ཐུབ་ཀྱིས་མི་མང་པོ་བསྡད་ཡོད་པའི་གློག་སྐས་ནང་མི་འདུག་པ་དང་།གློག་སྐས་ནང་གི་མི་དང་བར་ཐག་ངེས་ཅན་ཞིག་འཇོག་དགོས།
        གསུམ། གློ་ལུ་བའི་སྐབས་སུ།སྤྱོད་ཐེངས་གཅིག་ཅན་གྱི་ཤོག་བུས་ཁ་སྣ་གཅོད་དགོས་པ་དང་།ཤོག་བུ་གང་འདོད་དུ་འདོར་མི་རུང་།
        བཞི། གློག་སྐས་ཀྱི་མཐེབ་གནོན་གནོན་སྐབས།ཤོག་བུ་དང་དུག་སེལ་ཤོག་བུ་སྤྱད་དེ་གནོན་དགོས་པ་ལས།ལག་པས་ཐད་ཀར་གནོན་མི་རུང་བ་དང་།གློག་སྐས་ལས་བུད་རྗེས་མྱུར་དུ་ལག་པ་གཙང་མར་བཀྲུ་དགོས།
        ལྔ། གློག་སྐས་ཀྱི་ནང་དུ་ཟ་མ་གཏན་ནས་བཟའ་མི་རུང་། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1