གཙོ་ངོས།>> ཞིབ་འཇུག>>ཀུན་འདུས།

མགོ་ལོག་དཔལ་གྲགས། རྩོམ་སྒྲིག་པ།མཚོ་སྔོན་མི་རིགས་སློབ་ཆེན་རིག་དེབ།ཡོང་ཁུངས།མཚོ་སྔོན་མི་རིགས་སློབ་ཆེན་རིག་དེབ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༡༡ཚེས་༢༩ཉིན།

༄༅།། ཁྱིམ་ཞེས་པའི་ཐ་སྙད་ཀྱི་སྲོལ་རྒྱུན་སྒྲ་དོན་དང་དེའི་མིའི་རིགས་རིག་པ་དང་སྤྱི་ཚོགས་རིག་པའི་གོ་དོན་ལ་དཔྱད་པ།


 མགོ་ལོག་དཔལ་གྲགས།
[ནང་དོན་གནད་བསྡུས] བོད་དུ་མིའི་རིགས་རིག་པའི་འཆད་རྩོད་རྩོམ་གསུམ་སྤེལ་བ་ལ། དེའི་སྔོན་འགྲོར་གྱུར་པའི་བརྡ་ཆད་གཏན་འབེབས་ནི་དེ་ལས་ཀྱང་གལ་ཆེན་ཞིག་ཡིན་པས། དཔྱད་རྩོམ་འདིར་མིའི་རིགས་རིག་པའི་བརྗོད་བྱ་གཙོ་བོར་གྱུར་པའི་ཁྱིམ་ཞེས་པའི་རིག་གནས་སྣང་ཚུལ་དམིགས་སུ་བཟུང་ཞིང་། ད་ཕན་སུས་ཀྱང་བོད་རང་གི་སྲོལ་རྒྱུན་རིག་གནས་ཁྲོད་ཀྱི་ཁྱིམ་ཞེས་པའི་གོ་བ་གསལ་འདོན་མ་བྱས་པར་དམིགས་ཏེ། ཡིག་ཚང་མང་ཙམ་གོ་བསྡུར་ནས་ཁྱིམ་ཞེས་པའི་སྒྲ་དོན་གང་ནུས་ཀྱིས་བསྔོགས་ཡོད་དེ། ཁྱིམ་ཞེས་པའི་ཡི་གེ་འདི་ཆེས་ཐོག་མར་སྐར་ཆུང་རྡོ་རིང་ངོས་སུ་བྱུང་བ་དང་། ཁྱིམ་ཞེས་པར་མ་མཐར་ཡང་ཕྱོགས་གཅིག་ཏུ“འཆིང་བ་དང་སྐོར་བ”འམ་མཐའ་ནས་སྐོར་བའི“ཀོར་ཀོར”གྱི་རྣམ་པ་ཞིག་ཏུ་གོ་བའི་སྐབས་གཉིས་ཡོད་ཚུལ། ཁྱིམ་ཚང་དང་དུད་ཚང་ཞེས་པའི་ཐ་སྙད་གཉིས་ཀྱི་བྱུང་ཚུལ་དང་གོ་འཛོལ། དེ་ནས། ཕྱི་དར་མིའི་རིགས་རིག་པ་དང་སྤྱི་ཚོགས་རིག་པས་ཁྱིམ་ལ་གོ་བ་ཇི་ལྟར་ལེན་པ་དང་། དབྱེ་ཞིབ་བྱེད་སྟངས་གང་དག་ཡོད་པ། དེ་ལ་རྩ་བའི་ཆ་ནས་འགྱུར་བ་ཅི་ཞིག་ཕྱིན་པ་སོགས་དང་འབྲེལ་ནས། མཐར་མི་རིགས་རང་གི་སྲོལ་རྒྱུན་གྱི་གོ་བ་དེ་ཞིབ་འཇུག་གི་རྨང་གཞིར་འཛིན་འོས་པའི་ལྟ་ཚུལ་བཏོན་ཡོད། 
[གནད་ཚིག] ཁྱིམ། ཁྱིམ་ཚང་། དུད། མིའི་རིགས་རིག་པ། སྤྱི་ཚོགས་རིག་པ། 
             འཛམ་གླིང་མཉམ་འདྲེས་ཀྱི་དུས་སྐབས་འདིར། དངོས་པོ་གཟུགས་ཅན་པ་དག་གིས་རྒྱལ་མཚམས་བརྒལ་ནས་མཉམ་དུ་འདྲེས་པ་དང་། གཟུགས་མེད་ཀྱི་རིག་ཚན་དག་ཀྱང་རིག་མཚམས་བརྒལ་ནས་མཉམ་དུ་བསྲེས་པ་སྟེ། དཔེར་ན། མི་ལ་ཞིབ་འཇུག་བྱེད་པའི་རིག་ཚན་ཕན་ཚུན་བར་ལྟོས་མེད་ཁེར་ཚུགས་མིན་པར། དེ་དག་མཉམ་དུ་བསྲེས་ནས་དཔྱད་ན། ད་གཟོད་ཕྱི་གཟུགས་ཀྱི་ཕུང་པོ་ནས་ནང་རྣམ་པར་ཤེས་པའི་ཕུང་པོའི་བར་གྱི་ཆ་ཚང་བའི་གང་ཟག་ཅིག་མཐོང་ཐུབ་པ་ལྟ་བུ་ཡིན། དེས་ན། རང་རེའི་བོད་དང་བོད་ཀྱི་རིག་གནས་ཀྱང་ཕྱིའི་སྤྱི་ཚོགས་དང་རིག་གནས་ཀྱི་ཁོར་ཡུག་གི་འགྱུར་བ་འདིར་གཞའ་ས་གཡོལ་ས་ཅི་ཡང་མེད་པས། སྙིང་སྟོབས་ཆེན་པོས་གདོང་ལེན་བྱེད་དགོས། བོད་ཀྱི་ཡུལ་འདིར་མིའི་རིགས་རིག་པ་དང་སྤྱི་ཚོགས་རིག་པའི་འཆད་རྩོད་རྩོམ་གསུམ་གྱི་ལས་སྤེལ་བ་ལ། དེའི་སྔོན་འགྲོར་གྱུར་པའི་བརྡའི་རྣམ་གཞག་གཏན་ལ་དབབ་རྒྱུ་ནི་རྩ་བའི་ལས་ཤིག་ཡིན་ཕྱིར། འདིར་རིག་ཚན་དེ་གཉིས་ཀྱི་བརྗོད་བྱའི་ཡན་ལག་ཆེན་པོ་ཞིག་ཏུ་གྱུར་པའི་མིའི་རིགས་ཀྱི་ཁྱིམ་ཞེས་པའི་སྣང་ཚུལ་ལས་འཕྲོས་ཏེ། བོད་ཡིག་གི་ཐ་སྙད་ཁྱིམ་ཞེས་པ་དེའི་སྲོལ་རྒྱུན་རིག་གནས་ཁྲོད་ཀྱི་སྒྲ་དོན་དང་། ཕྱི་དར་མིའི་རིགས་རིག་པ་དང་སྤྱི་ཚོགས་རིག་པས་དེར་གོ་བ་ཇི་ལྟར་ལེན་པའི་ཐད་དཔྱད་པ་ཅུང་ཟད་ལྷུར་ལེན་པ་ལ། 
             དང་པོ། སྲོལ་རྒྱུན་རིག་གནས་ཁྲོད་དུ་ཁྱིམ་ཞེས་པའི་ཐ་སྙད་བྱུང་ཚུལ། 
             ཁྱིམ་ཞེས་པའི་ཐ་སྙད་འདི་དུས་ནམ་ཞིག་ལ་བྱུང་ངམ་ཞེ་ན། དེའི་ལན་དུ་ལྟོས་མེད་ཀྱི་དུས་ཤིག་སྟོན་མི་ཐུབ་པར་མ་ཟད། ལྟོས་བཅས་ཀྱི་དུས་དེའང་གང་དེའི་གཞིར་གཟུང་བྱའི་རྒྱུ་ཆའི་རིགས་གསར་པ་རྙེད་པ་དང་བསྟུན་ནས་རིམ་གྱིས་བཟོ་བཅོས་བྱ་དགོས་པ་ཞིག་རེད། མིག་སྔའི་བོད་ཀྱི་གནའ་བོའི་ཡིག་ཚང་གཞིར་བཟུང་ཚེ། ཁྱིམ་ཞེས་པའི་ཡི་གེ་འདི་ཆེས་ཐོག་མར་རྒྱལ་སྡེ་སྐར་ཆུང་ལྷ་ཁང་གི་རྡོ་རིང་ངོས་སུ་བྱུང་ཡོད་དེ། རྡོ་རིང་དེའི་ཐིག་ཕྲེང50པར། “ལྷ་རྀས་ཀྱི་ཁྱྀམ་ཡྀག་གྀ་མགོ་ནན་ལས་འབྱུང་བ་བཞིན་དུ་ཚིས་མཛད་དོ། །”[1]ཞེས་བྱུང་། རྡོ་རིང་འདི་ནི་བོད་རྗེ་ལྷ་བཙན་པོ་ཁྲི་ལྡེ་སྲོང་བཙན(སྤྱི་ལོ764-815)གྱིས་སྲིད་སྐྱོང་བའི་སྐབས་ཏེ། སྤྱི་ལོ800-815ལོའི་བར་ལ་བཞེངས་པར་འདོད་ཀྱིན་ཡོད་ཅིང་། དེ་ལྟར་ན། མཚོན་རྟགས་ཡི་གེའི་གཟུགས་སུ་སྣང་བའི་ཐ་སྙད་ཁྱིམ་ཞེས་པ་འདི་དུས་རབས་དགུ་པའི་དུས་སྟོད་དུ་བྱུང་ཡོད་པ་མངོན་སུམ་ཚད་མས་གྲུབ་སྟེ། བགྲང་བྱ་སྟོང་དང་ཉིས་བརྒྱ་ལྷག་གི་སྔོན་གྱི་ཡི་གེ་འབྲི་རྫས་དང་བཅས་པ་ད་ལྟའི་མི་རྣམས་ཀྱིས་མངོན་སུམ་དུ་མཐོང་ཐུབ་པས་སོ། །འདིར་ཁྱིམ་ཞེས་པའི་ཐ་སྙད་འདི་ཆེས་ཐོག་མར་བྱུང་བའི་ལྟོས་བཅས་ཀྱི་དུས་ཤིག་ངོས་འཛིན་བྱས་པ་ནི། དབང་པོ་མངོན་སུམ་གྱི་རྟགས་ལ་བརྟེན་ནས་བཤད་པ་ལས། རིགས་པ་གཞན་གྱིས་བརྟགས་ཚེ་དེ་ལས་སྔ་བར་བྱུང་ཡོད་པ་དཔག་ཐུབ། 
             གོང་ལས་ཅུང་སྔ་བའི་བཙན་པོ་ཁྲི་སྲོང་ལྡེ་བཙན(སྤྱི་ལོ742-797)གྱི་དུས་སུ་བཞེངས་པའི་རྡོ་རིང་དང་བྲག་བརྐོས་ཡི་གེ། དྲིལ་བུའི་ཁ་བྱང་བཅས་སུ་ཁྱིམ་ཞེས་པའི་ཐ་སྙད་འདི་དངོས་སུ་མ་བྱུང་ཡང་། དེ་ནི་དེ་དག་གི་བརྗོད་བྱའི་ཚད་བཀག་གིས་ཡིན་པ་ལས་ཁྱིམ་ཞེས་པའི་ཐ་སྙད་དངོས་སམ། དེ་དང་དོན་ཉེ་བའི་ཐ་སྙད་རེ་ངེས་པར་བྱུང་ཡོད་སྲིད་དེ། དུས་དེར་སྤྱི་ཚོགས་ཧྲིལ་པོའི་ཐོན་སྐྱེད་རྟེན་གཞི་ནི་འབངས་མི་ཁྱིམ་དག་ཡིན་པ་དང་། དོ་དམ་གྱི་ངོས་ནས་ཀྱང་ཁྱིམ་ནི་གཞི་རྩ་བྱས་པའི་རུ་བཞི་དང་རྒོད་གཡུང་གི་སྟོང་སྡེ། ས་མཚམས་སྲུང་བའི་དཔའ་སྡེ་སོགས་ཀྱི་ཁྱད་པར་ཕྱེ་ཡོད། དེ་བཞིན་བཙན་པོས་རབ་བྱུང་བ་རེ་ལ་འབངས་མི་ཁྱིམ་བདུན་བདུན་བསྩལ་པ་ཡིག་རྙིང«དབའ་བཞེད»སོགས་ལས་བྱུང་བ་དེས་ཁྱིམ་དང་ཁྱིམ་གྱི་དབྱེ་བ་ཤིན་ཏུ་གསལ་བ་མཚོན་པ་དང་། ཞོལ་རྡོ་རིང་བྱང་ངོས་གཅིག་པུར་ཡང་ཁྱིམ་རྒྱུད་དམ་ཁྱིམ་མིའི་འབྲེལ་བ་མཚོན་པའི་ཚིག“བུཿཚ་རྒྱུད”[2]ཅེས་པ་ཐེངས15ལ་བྱུང་བ་སོགས་རིགས་པའི་སྒྲུབ་བྱེད་མང་དུ་ཡོད། 
             ཏུན་ཧོང་ཡིག་རྙིང་དུ་ཁྱིམ་ཞེས་པའི་ཐ་སྙད་མང་དུ་བྱུང་བར་མ་ཟད། དེ་ལ་མིང་མཐའ་དང་ཚིག་གྲོགས་གང་མང་སྦྱར་བ་ལ་བརྟེན་ནས། མིང་གི་རིགས་རྒྱུད་ཕུན་སུམ་ཚོགས་པ་ཞིག་གྲུབ་འདུག འོན་ཀྱང་། ཡིག་རྙིང་འདི་དག་གི་ལོ་ཚིགས་གསལ་པོར་གཏན་ཁེལ་མི་ཐུབ་པ་དང་། ཡི་གེ་དེ་དག་འབྲི་རྫས་སྔ་མ་ལས་གྱེས་ཏེ། འབྲི་རྫས་ཕྱི་མ་གང་རུང་ཞིག་གི་ངོར་བྲིས་ཡོད་པས། མཚོན་རྟགས་ཡི་གེའི་གཟུགས་སུ་སྣང་བའི་ཁྱིམ་ཞེས་པའི་བྱུང་བར་དབྱེ་ཞིབ་བྱེད་པར་སྐར་ཆུང་རྡོ་རིང་ལས་ཀྱང་སྔ་བའམ་གཙིགས་པའི་དཔྱད་གཞི་ཞིག་འཇོག་ཐབས་མེད་པར་འདོད། ཁྲམ་ཤིང་དག་ནི་འབྲི་རྫས་དང་ཡིག་གཟུགས་ཡ་མ་བྲལ་བར་ཡོད་པས། དབང་རྒྱལ་དང་བསོད་ནམས་སྐྱིད་གཉིས་ཀྱིས་བསྒྲིགས་པའི«བོད་ཀྱི་ཁྲམ་ཤིང་ཕྱོགས་བསྒྲིགས»ཞེས་པར་འཁོད་པའི་ཁྲམ་ཤིང464ཡོད་པ་ནན་གྱིས་བཀླགས་མོད། ཁྱིམ་ཞེས་པའི་ཐ་སྙད་འདི་མཐོང་ལམ་དུ་མ་གྱུར། འོན་ཀྱང་། ཁྱིམ་དང་དོན་ཉེ་བའི་ཐ་སྙད་སྡུམ་ཞེས་པ་འབྱུང་སྟེ། ཁྲམ་ཤིང་ཨང331པའི་རྒྱབ་ངོས་ཀྱི་ཐིག་ཕྲེང་གཉིས་པར“སྡུམ་ཐབ་ནི་བཀུམ”[3]ཞེས་བྱུང་ཡོད། སྡུམ་ཞེས་པ་ཁང་པ་དང་གཉེན་སྒྲིག་པའི་དོན་ལ་གོ་བ་ལས་ཁྱིམ་དངོས་ལ་མི་འཇུག་པར་འདོད། ཁྱིམ་དང་ཁང་པ་གཉིས་སོ་སོ་ཡིན་མོད་ནམ་ཞར་དམ་དུ་འབྲེལ་བའི་དབང་གིས་གཅིག་ཏུ་འཁྲུལ་བ་མང་། སྔ་མ་ནི་ཁྱིམ་མིའི་བར་གྱི་འབྲེལ་བས་གྲུབ་པ་དང་ཕྱི་མ་ནི་ས་རྡོ་སོགས་ཀྱིས་བྱས་པའི་དངོས་གཟུགས་ཤིག་རེད། དག་ཡིག་རྙིང་གྲས་དབུས་པ་བློ་གསལ་རྩོད་པའི་སེངྒེའི«བརྡ་གསར་རྙིང་གི་རྣམ་པར་དབྱེ་བ»ལས་ཀྱང“སྡུམ་པར་ཁང་པ”[4]ཞེས་གསུངས། ཕྱིས་ཀྱི་དག་ཡིག་འགའ་རེར་སྡུམ་མིང་མཐའ་མེད་པ་ཁྱིམ་དང་། མིང་མཐའ་པ་སྦྱར་བའི་སྡུམ་པ་ནི་ཁྱིམ་བདག་ལ་གོ་བ་ལེན་མཁན་བྱུང་མོད། དེ་དག་ནི་གོང་དུ་ཞུས་པ་ལྟར་ཁྱིམ་དང་ཁང་པ་སོ་སོར་མ་ཕྱེ་བའི་དངོས་ཡོད་གནས་ཚུལ་གྱིས་མི་རྣམས་ཀྱི་གོ་བ་ལ་ཤན་ཤུགས་ཐེབས་པ་རེད་སྙམ། མདོར་ན་སྐབས་འདིའི་དཔྱད་སྡོམ་ནི། ཡིག་ཚང་གསར་པ་མ་རྙེད་ཚུན་ཆད། ཁྱིམ་ཞེས་པའི་ཡི་གེ་འདི་ཆེས་ཐོག་མར་དུས་རབས་དགུ་པའི་དུས་སྟོད་དུ་བཞེངས་པའི་སྐར་ཆུང་རྡོ་རིང་གི་ངོས་སུ་བྱུང་བར་འདོད་པ་ཡིན། 
             གཉིས་པ། ཁྱིམ་ཞེས་པའི་ཐ་སྙད་ཀྱི་སྲོལ་རྒྱུན་སྒྲ་དོན་དབྱེ་ཞིབ། 
             ཁྱིམ་ཞེས་པ་ནི་མིའི་རིགས་ཀྱིས་སྲོལ་བཏོད་པའི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། དེའི་ལོ་རྒྱུས་ཤིན་ཏུ་རིང་བས་ཡབ་མེས་དག་གིས་དེ་ལ་གོ་བ་ཇི་ལྟར་ལེན་གྱིན་པའི་ཐད་ད་ལྟའི་ང་ཚོ་ཀུན་ནས་རྨོངས་ཡོད། དེ་བས། འདིར་ཕྲན་གྱིས་རང་རེའི་སྲོལ་རྒྱུན་རིག་གནས་ཁྲོད་ཁྱིམ་ཞེས་པར་གོ་བ་ག་འདྲ་ལེན་གྱིན་པའི་ཐད་གཤམ་གསལ་ཕྱོགས་འགའ་ནས་དབྱེ་ཞིབ་བྱེད་པ་ལ། 
             གཅིག་ནས་འས་འཕུལ་གྱི་ཟླས་སོ་སོར་ཕྱེ་བའི་ཁྱིམ་དང་འཁྱིམ་གཉིས་ནི་མིང་གཞི་གཅིག་པའི་ཆ་ནས་བྱུང་བའི་རྟེན་ཅིང་འབྲེལ་བར་བྱུང་བའི་མིང་ཡིན་པ་དང་། སྐབས་འདིར་སྔ་མ་དངོས་པོའི་མིང་དང་ཕྱི་མ་བྱ་བའི་མིང་ཡིན་པར་འདོད་དེ། བརྡ་སྤྲོད་སྨྲ་བ་དཔའ་རིས་སངས་རྒྱས་ཀྱིས“མིང་གཞི་གཅིག་པའམ། མིང་གཞི་སྡེ་བ་གཅིག་པ་ལས། མགོ་འཇོག་སྦྱོར་མི་སྦྱོར་གྱི་ཆ་ནས། བྱ་བའི་མིང་དང་དངོས་པོའི་མིང་ངམ། ཁྱད་ཆོས་ཀྱི་མིང་གཉིས་རེ་རྟེན་ཅིང་འབྲེལ་བར་བྱུང་བ་སྐོར་ཞིག་ཡོད”[5]ཅེས་དང་། ཡང་དེ་ལས་དངོས་པོའི་མིང་ལ་བརྟེན་ནས་བྱ་བའི་མིང་བྱུང་བའི་དཔེར་བརྗོད་ལ“ལུ་གུར་ནུ་མ་བསྣུན་ནས་གསོན། ། …ལྒང་བའི་སྣོད་དུ་གཅིན་གྱིས་གང་། ། … …[6]ཞེས་པ་སོགས་བཞག་འདུག བོད་ཀྱི་བརྡ་སྤྲོད་ཀྱི་མིང་གི་འགྱུར་བའི་ཆོས་ཉིད་འདི་རྩ་བར་བཟུང་ནས། ཕྲན་གྱིས་འཁྱིམ་ཞེས་པ་འདི་ཁྱིམ་ཞེས་པའི་མིང་ལ་བརྟེན་ནས་བྱུང་བར་འདོད་དེ། ཏུན་ཧོང་ཡིག་རྙིངp.t.0269v«རྒྱུད་དོན་ཐོར་བུ»ཞེས་པར། “རྣལ་འ༹བྱོར་ཤེས་རབ་དིང་འ༹ཛིན་དེ།།ཕྱྀ་འྀ༹་སྤྱོད་པ་བྱང་ཅུབ་སེམས། །ནང་གྱྀ་སྒོམ་བ་ཕང་མཐོ་ན། ཕྱི་འི༹་སྤྱོད་པ་ཀུན་མཛེས་སྟེ། །ལུང་གཡས་མང་པོ་འྀ༹་ཆུ་འདུས་བཞིན་། ནང་གི་སྒོམ་བ་ཕང་དམའ༹་ན་། །ཕྱི་འི་ཐབས་སུ་སྤྱོད་དོ་ཆོག་། །རྣམ་པར་མྱི་འ༹གྲོལ་འ༹ཆིང་འ༹གྱུར་དེ། །འ༹ཁོར་བའྀ༹་རྒྱམ་མཚོ་ཀླུང་ན་འ༹ཁྱིམ།”[7]ཞེས་བྱུང་། ཤོག་དྲིལ་འདིར་ད་ཕན་འགྲེལ་བརྒྱབ་པ་མེད་པས་གཞན་ལུགས་འགོད་རྒྱུ་མེད། འདིར་རྣལ་འབྱོར་པ་ཞིག་གི་ཕྱིའི་སྤྱོད་པ་དང་ནང་གི་ཉམས་རྟོགས་གཉི་གའི་འབྲེལ་བ་སྟོན་པའི་ཚིག་ཆ་ཚང་དྲངས་ཡོད་མོད། འཁྱིམ་ཞེས་པར་གོ་བ་ལེན་པ་ལ་ཤིན་ཏུ་སྨན་པ་ནི་ཚིག་རྗེས་མ་གཉིས་རེད། དེ་གཉིས་དཔེ་དོན་གྱི་འབྲེལ་བར་གྲུབ་འདུག་སྟེ། རྣམ་པར་གྲོལ་མ་ཐུབ་པར་འཆིང་བར་འགྱུར་བ་གང་ཞིག་འཁོར་བའི་རྒྱ་མཚོའི་ཀླུང་ན་འཁྱིམ་པ་དང་འདྲ་ཞེས་པའི་དོན་དུ་འགྲེལ་འོས་སྙམ། སྐབས་འདིའི་དཔེ་དོན་གཉིས་ཀྱི་མཚུངས་ཆོས་ནི་འཆིང་ཡིན་པ་དང་། འཆིང་དང་དོན་གཅིག་པ་ནི་ངེས་པར་འཁྱིམ་ཡིན་དགོས་པ་རེད། དེ་བཞིན་འཆིང་བྱ་བའི་མིང་ཡིན་པས་འཁྱིམ་ཡང་བྱ་བའི་མིང་ཡིན་པ་རིགས་པས་གྲུབ། འོ་ན་ཁྱིམ་དང་འཁྱིམ་གཉིས་དེ་དེ་བྱུང་གི་འབྲེལ་བར་གྲུབ་པ་ཇི་ལྟར་ཤེས་ཞེ་ན། དེའི་ཤེས་བྱེད་གལ་ཆེན་ཞིག་ནི་གང་དུའང་འཚོལ་དཀའ་བའི་གོང་གི་ཚིག“འཁོར་བའྀ་རྒྱམ་མཚོ་ཀླུང་ན་འཁྱིམ།”ཞེས་པ་འདི་ཡིན་ཏེ། གངས་ལྗོངས་སུ་ཐུབ་པའི་བསྟན་པ་དབུ་བརྙེས་རྗེས། གང་དེའི་ལྟ་ཚུལ་གྱི་ངོས་ནས་ཁྱིམ་ནི་མྱང་འདས་ཀྱི་དགྲ་ཡིན་པས་དགག་བྱ་དང་སྤང་བྱར་གྱུར་པ་དང་། རྣམ་ཀུན་ཁྱིམ་དང་འཁོར་བ་ཁབ་ཀྱི་རྩེ་མོ་དང་རྒྱ་མཚོའི་ཀླུང་ལ་དཔེ་འཇོག་པའི་སྲོལ་ཆེས་ཆེར་དར། དེ་བས། གོང་གི་ཚིག་དེའང་འཁོར་བའི་རྒྱ་མཚོའི་ཀླུང་ན་ཁྱིམ་ལྟར་ངེས་མེད་དུ་འཁྱར་ཞིང་། དེ་ལས་ཐར་ཐབས་མེད་པར་ཀུན་ནས་འཆིང་བར་གོ་བ་ལེན་དགོས། དེས་ན། ཁྱིམ་དང་ཁྱིམ་པ་གང་ཞིག་འཁོར་བའི་ནང་དུ་འཆིང་བའི་བྱ་བ་སྟོན་པ་ལ་འཁྱིམ་ཞེས་བཏགས་པས། འཁྱིམ་ནི་ཁྱིམ་ལ་བརྟེན་ནས་བྱུང་བར་འདོད་དོ། ། 
             གཉིས་ནས་འཁྱིམ་དང་འཁྱིམས་ས་མཐའ་ཅན་གཉིས་ནི་ཧ་ལམ་དོན་གཅིག་ཡིན་པར་འདོད། གོང་དུ་ཞུས་པ་ལྟར་འཁྱིམ་ལ་འཆིང་བའི་དོན་ཡོད་པ་ལྟར་དུ། འཁྱིམས་ས་མཐའ་ཅན་ལ་ཡང་འཆིང་བའི་དོན་དང་ཤིན་ཏུ་ཉེ་བ་ཤ་སྟག་འབྱུང་སྟེ། p.t.1057«སྨན་དཔྱད»ཅེས་པ་ལས། “དེས་གྱང་མ་སླེབས་མ་ཕན་ཏེ་རྣག་དུ་འཁྱྀམས་ན་ཁྲག་རླང་ཙམ་དུ་ཁར་ཚགས་གྱིས་དྲོལ་ལ་རྨ། ཁར་དོམ་ཁྲིས་དང་རྒྱ་ཚ་དང་བོང་བུ་ཚ་དང་སྲུབ་མ་དང་ཤིང་བཙ་དང་དབྀ་མོའིཞྭ་དང་དེ་རྣམས་བསྲེསྟེ། །ཁར་བཏབ་ན་མྱི་རྡོལ་མྱི་སྲིདོ། །”[8]ཞེས་སྐབས་འདིའི་འཁྱིམས་ཞེས་པ་འདི་རྣག་འཁྱིམས་པ་སྟེ། རྣག་གིས་གང་ནས་ཕྱིར་འབུད་མི་ཐུབ་པའི་རྣམ་པ་མཚོན་པས་ན་འཆིང་བའམ་འཁྱིམ་པའི་དོན་དང་ཤིན་ཏུ་ཉེ་ཞིང་། ཡང་དཔལ་ཁང་ལོ་ཙཱ་བས(སྤྱི་ལོ1456ལོར་འཁྲུངས)མཛད་པའི«དག་ཡིག་ངག་སྒྲོན»གྱི་རང་འགྲེལ་དུ། “འོད་འཁྱིམས་ནི་འོད་ཀོར་རམ་འོད་ཀྱི་ར་བ”[9]ཞེས་འོད་ཀོར་ཀོར་རམ་འོད་ཀྱི་ར་བར་གོ་བ་བླངས་པས་དངོས་པོའི་མིང་དང་། དེའི་འགྲེལ་བ་ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན(སྤྱི་ལོ1895-1977)གྱིས་མཛད་པ་རུ། “ཉི་མ་འཁྱིམས་པ་འོད་སྐོར་བ”[10]ཞེས་འོད་ཀྱིས་སྐོར་བའི་བྱ་བའི་མིང་དུ་དགོངས། ཞ་ལུ་ལོ་ཆེན(སྤྱི་ལོ1441-1527)གྱི«བོད་ཀྱི་བརྡའི་བསྟན་བཅོས་ལེགས་པར་བཤད་པ་རིན་པོ་ཆེའི་ཟ་མ་ཏོག་བཀོད་པ»རུ། “ཉི་མ་འཁྱིམས”[11]ཞེས་པ་ཙམ་ལས། འཁྱིམས་ལ་དམིགས་བསལ་གྱིས་འགྲེལ་མ་མཛད་མོད། དེའི་འགྲེལ་བ་ནམ་མཁའ་ཡེ་ཤེས་ཀྱིས་མཛད་པ་རུ“ཉི་མ་འཁྱིམསདྲོ་བ།། འོདཁྱིམའཁྱིམས་ཆུ་བོ་འཁྱིལ་བ་སོགས། །”[12]ཞེས་ཉི་འཁྱིམས་དང་འོད་འཁྱིམས་སོ་སོར་ཕྱེ་ནས། སྔ་མ་དྲོ་བའི་དོན་དུ་གསུངས་པ་ནི་ཧ་ཅང་མི་འདྲ་བ་ཞིག་རེད་མོད། འདིའི་མཇུག་ཐོག་ཏུ་འོད་འཁྱིམས་ཞེས་པ་བྱུང་ཡོད་པས། འཁྱིམས་ས་མཐའ་ཅན་འདི་འོད་ཀྱིས་མཐའ་ནས་བསྐོར་བའི་བྱ་བའི་མིང་དང་དེས་གྲུབ་པའི་འོད་ཀོར་ཀོར་གྱི་དངོས་པོའི་མིང་ལ་འཇུག་པར་གནོད་བྱེད་མི་འབྱུང་བ་གསལ། དེ་བས། མཐའ་ནས་བསྐོར་བའི་བྱ་བ་དང་དེས་གྲུབ་པའི་དབྱིབས་ཀོར་ཀོར་གང་ཡིན་ཀྱང་། གོང་གི་འཆིང་བ་དང་འཁྱིམ་པའི་དོན་འདུས་ཡོད་པ་ཤིན་ཏུ་གསལ། ད་དུང་སྒྲུབ་བྱེད་རིགས་ཤིག་ཡོད་པ་ནི། འཁྱིམ་དང་འཁྱིམས་གཉིས་ཕན་ཚུན་བརྗེ་བའམ་དོན་གཅིག་ལ་འཇུག་པའི་སྐབས་ཡོད་དེ། ཏུན་ཧོང་ཡིག་རྙིངIOL.Tib.J.VOL.17« 9དམ་ཆོས་ཐོར་བུ»ཞེས་པར། “དུས་དུས་སུ་ནམ་མཁའ༹་ལ་འཇ་འྀ༹་ཁ་དོག་ལྟ་བུ་འ༹ཁྱིམ་པར་འ༹གྱུར།”[13]ཞེས་འོད་དང་འབྲེལ་བར་མ་ཟད། འཇའི་ཁ་དོག་ཟླ་ཕྱེད་དབྱིབས་སུ་སྐོར་བ་སྟེ། འཁྱིམས་ཀྱི་དོན་དང་གཅིག་ཅིང་། ཡང་དགེ་སློང་ངག་དབང་རྣམ་རྒྱལ་ གྱིས“ཉི་འཁྱིམ་བྲོ་འཁྲབ་གནས་སུ་འཁྲས”[14]ཞེས་འཁྱིམས་ཀྱི་དོད་དུ་འཁྱིམ་ཐད་ཀར་བྲིས་པ་ལྟ་བུའོ། །ཁྱིམ་དང་འཁྱིམས་གཉིས་བརྗེ་བ་ནི་གོང་དུ་ནམ་མཁའ་ཡེ་ཤེས་ཀྱི་དག་ཡིག་ཏུ་གསལ་བ་དེ་ཡིན། 
             དེ་ལྟར་འཁྱིམ་ནི་ཁྱིམ་ལས་བྱུང་བར་བསྒྲུབས་ཟིན། འཁྱིམས་དང་འཁྱིམ། ཁྱིམ་གསུམ་ཧ་ལམ་དོན་གཅིག་པར་བསྒྲུབས་ཟིན་ཏེ། ད་ནི་གཞི་ནས་རང་རེའི་ཡབ་མེས་དག་གི་བརྡའི་ཁྲོད་ཀྱི་ཁྱིམ་ཞེས་པར་གོ་བ་ཅུང་ཟད་ལེན་ཐུབ་པ་བྱུང་། འཁྱིམས་དང་འཁྱིམ་གཉིས་ཀྱི་དོན་བསྡུས་ནས་གཞིར་བཟུང་ན། ཁྱིམ་ཞེས་པར་མ་མཐར་ཡང་ཕྱོགས་གཅིག་ཏུ“འཆིང་བ་དང་སྐོར་བའི”བྱ་བའི་མིང་ལ་འཇུག་པའི་སྐབས་ཤིག་དང་། མཐའ་ནས་བསྐོར་བའི“ཀོར་ཀོར”གྱི་རྣམ་པ་མཚོན་པའི་དངོས་པོའི་མིང་ལ་འཇུག་པའི་སྐབས་གཉིས་ཡོད་པའི་སྡོམ་ཚིག་ཐོབ། 
             མིའི་རིགས་རིག་པའི་ངོས་ནས་བལྟས་ན། བོད་ཀྱི་གནའ་མི་ཚོའི་ཁྱིམ་གྱི་སྒྲ་དོན་འདིར་དོན་དང་མཐུན་པའི་ཆ་ཆེན་པོ་ཡོད་དེ། དུས་རབས་བཅུ་དགུ་པར་ཏར་ཝུན་གྱི་འཕེལ་འགྱུར་སྨྲ་བའི་ཤན་ཤུགས་ཀྱིས་གཟུགས་གཞི་མིའི་རིགས་རིག་པའི་ཞིབ་འཇུག་གི་ཁ་ཕྱོགས་ལ་འགྱུར་བ་བཏང་སྟེ། གནའ་ནས་ད་བར་གྱི་འགྲོ་བ་མིའི་གཟུགས་གཞིའི་འཕེལ་འགྱུར་ལ་དཔྱད་པ་བགྱི་བའི་འགོ་བརྩམས། དེ་དག་གི་དྲིན་གྱིས། ད་ལྟ་ང་ཚོས་མིའི་རིགས་ཀྱི་གཟུགས་གཞི་ནི་སྤྲ་ནས་མི་རུ་གྱུར་པའི་སྐྱ་ཐིག་ཅིག་ཤེས་རྟོགས་ཐུབ་ཀྱིན་ཡོད། སྐྱ་ཐིག་དེའི་ནང་ནས་སྐབས་བབ་ཀྱི་བརྗོད་དོན་དང་འབྲེལ་བ་ཞིག་ནི། གནའ་དཔྱོད་རིག་པའི་ངོས་ཀྱི་དེང་རབས་ཀྱི་མིའམ་མི་གསར་བྱུང་བའི་མཚམས་དེ་ཡིན།[15] ཨུ་རུ་སུའི་མཁས་པ་ཤེར་མེའོ་ནོ་ཧྥུ་ཡིས་ལོ་ངོ་ཁྲི4ཡི་སྔོན་ལ་དེང་རབས་ཀྱི་མིས་ནཻ་ཨན་ཌིར་ཌོལ་མི་ཡི་ཚབ་བྱས་པར་འདོད་པ་དང་།[16] ཁོང་གིས“མི་གསར་རམ་ཤེས་རབ་ལྡན་པའི་མི་ནི་སྤྲ་མིའམ་གནའ་མི་དང་མི་འདྲ་སྟེ། དེ་དག་ནི་མི་རུ་འགྱུར་བཞིན་པའི་གནས་སྐབས་མ་ཡིན་པར། དེང་རབས་ཅན་གྱི་སྨིན་ཟིན་པའི་མི་ཡིན། སྨིན་ཟིན་པའི་མི་འདི་དག་དང་མཉམ་དུ་སྨིན་ཟིན་པའི་སྤྱི་ཚོགས་ཀྱང་བྱུང་། འདི་ལྟར་གདོད་མའི་མི་ཚོགས་རུས་རྒྱུད་ཚོ་ཁག་ཏུ་གྱུར།”[17]ཅེས་བྱུང་བ་ལྟར། ཁོང་གི་ལུགས་ལ་རུས་རྒྱུད་ཚོ་པ་ནི་མཚམས་འདིར་བྱུང་བར་འདོད། རུས་རྒྱུད་ཚོ་ཁག་གི་དུས་སྐབས་ཀྱི་སྔ་དུས་དང་བར་དུས་ནི་མ་རྒྱུད་སྤྱི་ཚོགས་ཡིན་ཞིང་། མིའི་རིགས་ཀྱི་ཁྱིམ་ཀྱི་ཐོག་མའི་རྣམ་པའང་མ་རྒྱུད་རུས་ཚོ་ཡིན་པར་བཞེད། དེ་ལྟ་བུའི“ཁྱིམ་དེ་ཐོན་སྐྱེད་ནུས་ཤུགས་རྒྱས་པ་དང་བསྟུན་ནས། མ་རྒྱུད་རུས་ཚོ-མ་དབང་གི་ཁྱིམ—ཕ་དབང་གི་ཁྱིམ(གཉེན་འབྲེལ་ལྷོད་མོའི་དུས་ནས་འགོ་བརྩམས་ཤིང་། དཔེ་མཚོན་ནི་ཁྱོ་གཅིག་ཤུག་གཅིག་ཡིན)གྱི་ལམ་ཐིག་བརྒྱུད་ནས་གནས་འགྱུར་བྱུང་བར”[18]བཤད། མ་རྒྱུད་རུས་ཚོའི་ཁྱིམ་ནི་དཔལ་འབྱོར་གྱི་ངོས་ནས་ཐུན་མོང་གིས་ཐོན་སྐྱེད་དང་འཛད་སྤྱོད་བྱེད་པ་དང་། ཁྱིམ་མིའི་འབྲེལ་བའི་ངོས་ནས་ཞང་པོས་ཚ་བོ་ཚ་མོ་བདག་སྐྱོང་གི་འགན་གཙོ་བོ་འཁུར་བ། གཉེན་སྡེབ་ལམ་ལུགས་ཀྱི་ངོས་ནས་རུས་ཚོའི་ནང་ཁུལ་དུ་གཉེན་སྡེབ་གཏན་ནས་བྱས་མི་ཆོག་པར་གཉེན་ཕྱི་ལ་བསྡེབ་དགོས། མིའི་རིགས་ཀྱི་གདོད་མའི་ཁྱིམ་གྱི་རྣམ་པ་འདི་དང་རང་རེའི་སྲོལ་རྒྱུན་རིག་གནས་ཁྲོད་ཀྱི་ཁྱིམ་ཞེས་པའི་སྒྲ་དོན་གཉིས་བསྡུར་ཚེ་གའུ་ཁ་སྦྱོར་བ་ལྟར་ཤིན་ཏུ་འཕྲོད་དེ། རུས་རྒྱུད་ཚོ་པའི་ཕྱི་ནང་གི་མཚམས་གཉེན་སྡེབ་ལམ་ལུགས་ཀྱིས་གསལ་པོར་བཅད་ཅིང་བསྐོར་བས་མཚམས་ནི“ཀོར་ཀོར”ཆགས་ཤིང་། ནང་ཁུལ་དུ་མཐུན་པའི་ཨ་ལོང་གཅིག་ཏུ་སྦྲེལ་ནས་ཟས་གོས་ཀྱི་མཐུན་རྐྱེན་ཐུན་མོང་གིས་སྒྲུབ་ཅིང་མཉམ་དུ་འཚོ་བས་ན། ཕྱོགས་གཅིག་ཏུ“འཆིང་བ་དང་སྐོར་བའི”ཤོག་ཁ་ཞིག་ཏུ་ཅིས་ཀྱང་གྲུབ་འདུག་པས་སོ། ། 
             གཞན་ཡང་བོད་ཀྱི་སྡོད་ཁང་གི་དབྱིབས་དེའང་གཅིག་བྱས་ན་སྔོན་གྱི་ཡབ་མེས་ཚོའི་ཁྱིམ་གྱི་གོ་བ་དང་འབྲེལ་ཆེ་བ་ཞིག་མིན་འགྲོ་སྙམ་སྟེ། ཆབ་མདོའི་ཁ་རུབ་གནའ་ཤུལ་ལས་སྡོད་ཁང་གི་དབྱིབས་རིགས་གསུམ་ཐོན་ཅིང་། རིགས་དང་པོ་སྙུང་དབྱིབས་ཡིན་པར་མ་ཟད་རྙིང་ཤོས་ཀྱང་ཡིན་པར་བཤད།[19] གནའ་ཤུལ་འདི་མིག་སྔར་མཚོ་བོད་མཐོ་སྒང་གི་རོང་བའི་གཏན་སྡོད་རྗེས་ཤུལ་གྱི་ཚབ་མཚོན་ཞིག་ཡིན། བྱང་ཐང་གི་འབྲོག་པ་ཚོས་དུས་རྒྱུན་སྐྱེས་སྤོར་བྱ་དགོས་པས། དེ་དག་གི་ཤིན་ཏུ་སྔ་བའི་སྡོད་ཁང་གི་དབྱིབས་ཤེས་ཐུབ་པའི་གནའ་དཔྱོད་ཀྱི་སྒྲུབ་བྱེད་ཁུངས་ལྡན་མེད་མོད། དཔྱད་འབྲས་གཞན་ལས་ཅུང་ཤེས་ཏེ། རྒན་ལི་ཡོང་ཤན་གྱིས་བོད་བྱང་རྒྱུད་དང་ནུབ་རྒྱུད་ནས་རྙེད་པའི་བྲག་བརྐོས་རི་མོ་ལས་མངོན་པའི་སྦྲ་གུར་དེ་དག་གི་དབྱིབས་རིགས་ལྔ་ལ་ཕྱེ་ཡོད་པ་དང་། དེ་དག་ལས་རིགས་གཉིས་ནི་མ་མཐར་ཡང་སྙུང་དབྱིབས་ཡིན་པ་མཐོང་སླ།[20] སྟག་ཚང་རྫོང་པ་དཔལ་འབྱོར་བཟང་པོའི«རྒྱ་བོད་ཡིག་ཚང་ཆེན་མོ»རུ། “བཙན་ལྔ་མན་ཆད་བང་སོ་ཡུལ་དུ་བཏབ། ཡུལ་གྱི་མིང་ལ་འཕྱིང་ལུང་ང་ར་ཐང་། བཙན་ལྔའི་ཆད་པ་ས་ཕུང་སྦྲ་འདྲར་ཡོད། ཕུལ་མེད་ཆད་པ་གྲུ་བཞིའི་མི་ཤེས་སྐད།”[21]ཅེས་སྐབས་དེ་ཙམ་ལ་སྦྲའི་དབྱིབས་ས་ཕུང་ལྟར་སྙུང་དབྱིབས་དང་ཆ་འདྲ་བ་ཞིག་ཡིན་པ་ཤེས། བཙན་པོའི་སྐབས་ཀྱི་སྦྲ་གུར་གྱི་དབྱིབས་ཀྱི་སྒྲུབ་བྱེད་བཙན་ཐག་ཆོད་གཅིག་ནི་གཏེར་ལམ་ནས་ཐོན་པའི་དུར་སྒམ་ངོས་ཀྱི་རི་མོ་ཡིན། ད་ཆ་དུར་སྒམ་སོ་སོའི་ངོས་སུ་བྱུང་བའི་སྦྲ་གུར་དག་བསྡོམས་ན་ཁྱོན་སྦྲ་གུར་གྱི་རི་མོ་བརྒྱད་ཡོད་ཅིང་། དེ་དག་ཐམས་ཅད་དབྱིབས་ས་ཕུང་ལྟ་བུའི་ཀོར་ཀོར་ཡིན་ལ། སྦྲའི་གཙུག་ཏུ་སྒྲ་དུང་གི་ཁ་གནམ་དུ་བསྟན་པའི་དབྱིབས་ཤ་སྟག་འབྱུང་།[22] གནའ་དཔྱོད་མཁས་པ་ལ་ལས་བོད་ཀྱི་སྦྲ་གྲུ་བཞིའི་དབྱིབས་དེའི་རིགས་ནི། དུས་ཕྱིས་བོད་ཀྱིས་ཨེ་ཤ་ཡ་དཀྱིལ་མའི་ལུང་པ་ནས་ནང་འདྲེན་བྱས་པར་འདོད་དོ། །[23] དེ་བས། བོད་ཀྱི་ཡབ་མེས་དག་གིས་ཁྱིམ་ཞེས་པ་ཕྱོགས་གཅིག་ཏུ“འཆིང་བ་དང་སྐོར་བ”འམ་མཐའ་ནས་བསྐོར་བའི“ཀོར་ཀོར”གྱི་རྣམ་པ་ཞིག་ཏུ་གོ་བ་ལེན་པ་སྟེས་དབང་ཞིག་མིན་པ་འདྲ། 
             གསུམ་པ། ཁྱིམ་ཚང་དང་དུད་ཚང་ཞེས་པའི་ཐ་སྙད་གཉིས་ཀྱི་བྱུང་ཚུལ་དང་དེའི་རྒྱབ་ལྗོངས། 
             བཙན་པོའི་སྐབས་ཀྱི་ཡིག་ཚང་དག་ལ་བལྟས་ན། སྐབས་དེར་ཁྱིམ་ཞེས་པའི་ཐ་སྙད་འདི་མིང་རྐྱང་ཙམ་ནས་ཆེས་ཆེར་འཕེལ་ཏེ་མིང་གི་རིགས་རྒྱུད་ཆེན་པོ་ཞིག་གྲུབ་འདུག འདིར་དཔེ་མཚོན་ཙམ་ཞུས་ན། ཁྱིམ་ཞེས་པའི་མིང་རྐྱང་གཞིར་བཟུང་ནས་དེ་ལ་འབྲེལ་ཡོད་ཀྱི་མིང་སྦྱར་ཏེ་གྲུབ་པའི་རིགས་ནི། ཁྱིམ་ཚེས། ཁྱིམ་ཡིག་ལྟ་བུ་རྡོ་རིང་གི་ངོས་སུ་བྱུང་བ་དང་། ཁྱིམ་ཕུགས། མི་ཁྱིམ། ཁྱིམ་བདག ཁྱིམ་རྩིས། ཁྱིམ་ལྷ་ལྟ་བུ་ཏུན་ཧོང་ཡིག་རྙིང་དུ་བྱུང་བ་དང་། ཁྱིམ་ཕྱི་ན་ལྟ་བུ་དགའ་ཐང་འབུམ་པ་ཆེའི་བོན་གྱི་དཔེ་རྙིང་ནང་བྱུང་བ་སོགས་དང་། ཡང་ཁྱིམ་གི་ཉེས་པ། འདུ་བྱེད་ཐམས་ཅད་ཁྱིམ་དང་དབུ་བ་འདྲའོ། །ལྟ་བུ་ཐུབ་བསྟན་གྱི་གོང་ཐང་གཅོད་ཕྱོགས་ཁྱིམ་དུ་འཕོས་པའི་རིགས་དང་། གཟའི་ཁྱིམ་བཅུ་གཉིས། གླང་ཁྱིམ་སྒོར་བྱུང་མ་ཐག་སེང་གེ་དང་ཕྲད། བདུད་ཀྱི་ཁྱིམ་ཐམས་ཅད་ལྟ་བུ་འདྲ་བ་རྒྱུ་མཚན་དུ་བྱས་ནས་བཏགས་པའི་རིགས་སོགས་བྱུང་འདུག 
             ཁྱིམ་དང་ཚང་གཉིས་མཉམ་དུ་སྦྱར་ནས་ཁྱིམ་ཚང་ཞེས་གྲུབ་པ་ནི་ཤིན་ཏུ་ཉེ་དུས་ཤིག་ཡིན་པ་ལས་བཙན་པོའི་སྐབས་སུ་དེ་ལྟར་སྦྱོར་སྲོལ་མེད་པ་འདྲ། ཚང་ཞེས་པ་དོན་ཁ་ཤས་ལ་འཇུག་པ་ལས་བཙན་པོའི་སྐབས་ཀྱི་ཡིག་ཚང་ནང་འདབ་ཆགས་ཀྱི་ཚང་ལ་འཇུག་པ་ཤས་ཆེ་སྟེ། “ཤྀང་མ་ཆག་དང་ཚང་མྱི་ཞིག”(p.t.1287) “བྱ་ཁུག་སྟ་ཚང་འདྲ་བ་ཞིག”(p.t.1057)སོགས་བྱུང་ལ། ཁྱིམ་དང་འབྲེལ་བའི་དོན་ལ་འཇུག་པ་ནི“ཚང་མང”[24]ཞེས་པའི་ཐ་སྙད་འདི་རེད། ཏུན་ཧོང་ཡིག་རྙིངp.t.0746ཏུ“ཁང་ཁྱིམ་དང་ར་བ་རྩིག་པ་དང་ཚང་མང”ཞེས་པ་ལས་བྱུང་བའི་ཚང་མང་ནི་གཡོས་ཁང་ངམ་མེ་ཚང་ལ་གོ། དེས་ན་ཚང་མང་ཞེས་པ་ནི་ཁྱིམ་དང་འབྲེལ་བ་ཤིན་ཏུ་དམ་པའི་མིང་ཞིག་རེད་མོད། དེ་དུས་མཉམ་དུ་སྦྱོར་སྲོལ་བྱུང་མེད་པ་འདྲ། གལ་སྲིད་མཉམ་དུ་སྦྱར་ཀྱང་། དོན་ཐ་དད་ཀྱི་མིང་གཉིས་མཉམ་དུ་འདུས་ཏེ་གྲུབ་པའི་མིང་འདུས་མ་ཞིག་ཡིན་དགོས་པ་ལས། དེང་སང་ལྟར་དོན་གཅིག་ལས་མེད་པའི་མིང་དུ་འགྱུར་མི་སྲིད། དེས་ན། ཁྱིམ་དང་ཚང་གཉིས་མཉམ་དུ་སྦྱར་ནས་དོན་གཅིག་སྟོན་པར་འདོད་པའི་གོ་འཛོལ་དེ་དུས་ནམ་ཞིག་ལ་བྱུང་ཞེ་ན། འདི་ལ་ལན་ཡང་དག་ཅིག་གདབ་རྒྱུ་ཤིན་ཏུ་དཀའ་མོད། དག་ཡིག་དག་གུང་བསྒྲིགས་ཏེ་བལྟས་ན། ཤིན་ཏུ་ཉེ་བའི་དུས་སུ་མ་གཏོགས་བྱུང་མེད་པ་ཤེས་ཏེ། དེ་ནི«སློབ་ཆུང་དག་ཡིག»ཅེས་པ་དེའི་ནང་རེད།[25] དག་ཡིག་འདིའི་ཁ་བྱང་ལ་བལྟས་པ་ཙམ་གྱིས་ཀྱང་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གྲྭ་བཙུགས་རྗེས་བྱུང་བ་ཞིག་ཡིན་པ་ཤེས། དེའི་སྔོན་གྱི་དག་ཡིག་ཁུངས་བཙུན་གང་གི་ནང་དུའང་མ་བྱུང་བར་གཞིགས་ན། རྩོམ་མཁན་གྱིས་ཁ་སྐད་ལས་བཏུས་པ་མིན་ནམ་སྙམ། དུས་རབས་ཉི་ཤུ་བའི་ལོ་རབས་དགུ་བཅུ་པར་བསྒྲིགས་པའི«ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ»རུ«མཁས་པའི་དགའ་སྟོན»ལས་ལུང་དྲངས་ཞེས་ཚན་པ་ཞིག་བྱུང་བ་དེར། “འབངས་མི་ཁྱིམ་ཚང་ཉིས་བརྒྱ”[26]ཞེས་བྲིས་འདུག «མཁས་པའི་དགའ་སྟོན»དུ་བལྟས་པ་ན། ལུང་ཚན་པ་དེ་ཇི་བཞིན་བྱུང་འདུག་མོད་ཡི་གེ་མི་གཅིག་ས་མང་། ཚན་པ་དེ«མཁས་པའི་དགའ་སྟོན»རང་གི་ཚིག་ཅིག་ཀྱང་མིན་པར«སྦ་བཞེད»ལས་ལུང་དྲངས་པ་ཞིག་རེད། «མཁས་པའི་དགའ་སྟོན»དང«སྦ་བཞེད»གཉིས་ཀ་ནས“འབངས་ཁྱིམ་ཉིས་བརྒྱ”[27]ཞེས་བྱུང་བ་ལས། གོང་གི«ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ»ནང་བཞིན་བྱུང་མེད་པས། དེ་ནི་རྩོམ་མཁན་རང་གིས་བཅོས་པ་ཞིག་ཡིན་པའི་ངོ་འཕྲོད། དེ་མིན་བོད་ཀྱི་ཆོས་འབྱུང་རྙིང་པ་ཁ་ཤས་སུ“འབངས་མི་ཁྱིམ”[28]ཞེས་རེ་གཉིས་བྱུང་བ་ལས་ཁྱིམ་ཚང་ཞེས་བྲིས་པ་མི་འདུག 
             དེས་ན། ད་ལྟ་ཀུན་གྱིས་ཁྱིམ་ཚང་ཞེས་པ་ཁྱིམ་གྱི་དོན་དང་གཅིག་པར་སྤྱོད་ཀྱིན་པ་ནི་མིང་གི་ངོ་བོ་འགྱུར་ནས་དེ་ལྟར་ཆགས་པ་ལས། མ་གཞི་ཁྱིམ་དང་ཚང་གཉིས་དོན་ཐ་དད་དུ་སོང་བའི་མིང་གཉིས་ཡིན་ནོ། ། 
             གཞན་ཡང་ད་ལྟ་དུད་ཅེས་པའི་མིང་འདིར་ཁྱིམ་གྱི་དོན་ཡོད་པ་མངོན་གསལ་རེད་མོད། གོང་གི་ཁྱིམ་ཚང་ཞེས་པ་ནང་བཞིན་བཙན་པོའི་སྐབས་སུའང་ཁྱིམ་གྱི་དོན་ཡོད་མེད་ནི་དོགས་པའི་གནས་ཤིག་རེད། དུད་ཚང་ཞེས་པ་ཡང་ཁྱིམ་ཚང་དང་ལྷན་དུ་གོང་དུ་དྲངས་པའི་དག་ཡིག་དེར་བྱུང་བ་ལས་དག་ཡིག་སྔ་མ་དག་ལས་མཐོང་དུ་མེད། བཙན་པོའི་སྐབས་ཀྱི་ཡིག་ཚང་དག་ལས་ད་ཕན་དུད་ཅེས་པ་ཁྱིམ་ལ་གོ་བ་ལེན་པའི་སྐབས་གཉིས་ཙམ་མ་གཏོགས་མཐོང་རྒྱུ་མེད། དེ་ལས་དང་པོ་ནི་བཙན་པོ་རིམ་བྱུང་གི་ལོ་རྒྱུས་ལས་གྲི་གུམ་བཙན་པོའི་ལོ་རྒྱུས་ཀྱི་ནང་དུ་བྱུང་བའི“འུང་གི་འོག་ཏུ་བཀྲགས་ཀྱྀ་བུ་ལྷ་བུ་རུ་ལས་སྐྱེས་ཕ་ཚན་དང་། །རྒྱ་ཕ་ཚན་དུ་འཐབས་སོ། རྒྱས་བཀྲགས་རབས་བཆད། དུད་སྣ་ཕོ་ལོ།།”[29]ཞེས་པ་འདི་རེད། འདིའི་སྐབས་ཀྱི་དུད་ཅེས་པ་དེ་གོ་ཤུལ་གྲགས་པ་འབྱུང་གནས་དང་གཉའ་གོང་དཀོན་མཆོག་ཚེ་བརྟན། དབང་རྒྱལ་བཅས་ཀྱིས་མགྲིན་གཅིག་ཏུ་ཁྱིམ་གྱི་དོན་ལ་གོ་བ་བླངས་མོད།[30] ཞིབ་འཇུག་པ་ཡོད་ཚད་ལ་གོ་བ་གཅིག་གྱུར་ཞིག་བྱུང་མི་འདུག་སྟེ། བཙན་ལྷ་ངག་དབང་ཚུལ་ཁྲིམས་ཀྱིས་དུད་འགྲོ་ལ་གོ་བ་བླངས་འདུག[31] དེར་རྒྱུ་མཚན་ཆེ་བར་འདོད་དེ། གཅིག་ནས་གྲི་གུམ་བཙན་པོའི་ལོ་རྒྱུས་རང་དུ་བྱུང་བའི“འགྲེང་ནྀ་བཙོན་དུ་བཟུང་། །དུད་ནྀ་མནངས་སུ་བཆད”[32]ཅེས་དང་། “འགྲེང་མགོ་ནག་གྀ་རྗེ་ལ། དུད་རྔོག་ཆགས་ཀྱི་རྐྱེནདུ་གཤེགསྰོ”[33]ཞེས་པའི་དུད་གཉིས་ཀ་ཞིབ་འཇུག་པ་ཚང་མས་གཅིག་གྱུར་གྱིས་དུད་འགྲོ་ལ་གོ་བ་བླངས་པ་དང་། གཉིས་ནས་ཚིག་དོན་གྱི་བབ་ལ་གཞིགས་ཀྱང་ཕྱུགས་ཟོག་འཕྲོག་པའི་དོན་དུ་གོ་དགོས་སྙམ་སྟེ། གོང་གི“འགྲེང་ནྀ་བཙོན་དུ་བཟུང་། །དུད་ནྀ་མནངས་སུ་བཆད”པའི་གནས་ཚུལ་དེ་ཤ་ཁྱིས་ལོ་ངམ་ཆམ་ལ་ཕབ་ནས་དགྲ་ཤ་བླངས་པའི་མཇུག་ཐོག་ཏུ་བྱུང་བ་དང་། དེ་བཞིན“དུད་སྣ་ཕོ་ལོ། །”ཞེས་པའི་ཚིག་དེའང་རྒྱ་ཕ་ཚན་གྱིས་བཀྲགས་ཀྱི་རབས་བཅད་པའི་མཇུག་ཐོག་ཏུ་བྱུང་བ་སྟེས་དབང་ཞིག་མ་རེད་སྙམ། དམག་འཁྲུག་ལས་རྒྱལ་རྗེས་ཕས་ཀྱི་རྒོལ་བའི་འགྲེང་དུད་གཉིས་ལ་ཅིས་ཀྱང་ཐག་གཅོད་བྱེད་དགོས། འོ་ན“དུད་སྣ་ཕོ་ལོ། །”ཞེས་པའི་སྔོན་དུ་འགྲེང་མ་བྱུང་བའི་རྒྱུ་མཚན་ཅི། དུད་ཅེས་པ་དུད་འགྲོར་གོ་བའི་སྐབས་སུ་འགྲེང་ངེས་པར་ཟླ་རུ་སླེབ་པ་ཞིག་རེད་ཟེར་ན། ཚིག་དེའི་ནང་བཀྲགས་ཀྱི་རབས་བཅད་ཅེས་གསལ་པོར་བསྟན་ཡོད་པས། རབས་བཅད་པ་ཞིག་ལ་འགྲེང་ཡོང་ཐབས་མེད་པས་སོ། ། 
             གཉིས་པ་ནི་ལི་ཡུལ་གྱི་ཁྲམ་ཤིང་ཞིག་གི་ངོས་སུ“དུད་ཀྲལ”[34]ཞེས་བྱུང་བ་དེ་རེད། འདི་དུད་ཁྲལ་དང་དོན་གཅིག་པར་བཤད། དེ་ནི་ཏག་ཏག་ཕྲན་གྱིས་དུད་ཅེས་པ་ཁྱིམ་ལ་འཇུག་དགོས་པའི་རྒྱུ་རྐྱེན་དུ་འདོད། དུད་ཅེས་པ་ཁྲལ་དང་མཉམ་དུ་བཞག་དུས་ཁྱིམ་ལ་འཇུག་དགོས་དོན་ནི། ཁྲལ་བསྡུ་ཡུལ་གྱི་ཁྱིམ་དག་ངེས་པར་དུ་ཁྲལ་འབུལ་ཡུལ་གྱི་མི་དྲག་དག་གི་འོག་ཏུ་མགོ་བོ་དུད་དེ་འདུག་དགོས་པས། འདྲ་བ་རྒྱུ་མཚན་དུ་བྱས་ནས་མིང་དེ་ལྟར་ཐོགས་པར་འདོད། ཡང་དཔྱ་ཁྲལ་ཞེས་པ་དེའི་ཤུགས་སུ་སྤྱི་ཚོགས་ཀྱི་འབྲེལ་བ་དམིགས་བསལ་བ་ཞིག་ཡོད། མར་ཁེ་སི་རིང་ལུགས་ཀྱི་མཁས་པ་རྣམས་ཀྱིས་དཔྱ་ཁྲལ་བསྡུ་བ་དེ་བཀས་བཀོད་རྒྱུད་འཛིན་སྤྱི་ཚོགས་ཀྱི་ཁྱད་རྟགས་གཙོ་བོ་ཞིག་ཏུ་བགྲང་། བོད་སྤྱི་ཚོགས་ཀྱི་རྣམ་པའི་ངོས་འཛིན་ཐད་ལྟ་བ་གཅིག་མཐུན་བྱུང་མེད་མོད། དུང་དཀར་བློ་བཟང་འཕྲིན་ལས་ཀྱི་ལུགས་ལྟར་བྱས་ན། བཙན་པོ་སྲོང་བཙན་སྒམ་པོའི་སྐབས་ནི་བཀས་བཀོད་རྒྱུད་འཛིན་གྱི་དཔལ་འབྱོར་འབྲེལ་བའི་མྱུ་གུ་ཐོན་ཟིན་པའི་སྐབས་ཤིག་ཏུ་འདོད།[35] ལུགས་དེ་ལྟར་ན། དུད་ཅེས་པའི་མིང་འདི་བོད་ཀྱི་བཀས་བཀོད་རྒྱུད་འཛིན་སྤྱི་ཚོགས་ཀྱི་དཔལ་འབྱོར་འབྲེལ་བའི“ལོ་ཚོད”མཚོན་བྱེད་ཅིག་ཏུ་གྱུར་འདུག་སྙམ་སྟེ། བཀས་བཀོད་རྒྱུད་འཛིན་སྤྱི་ཚོགས་ཀྱི་མྱུ་གུའི་དུས་སུ་དུད་ཅེས་པ་ཁྱིམ་དུ་ཧ་ལམ་མ་སྤྱད་པ་དང་། སྤྱི་ཚོགས་ཀྱི་ངོ་བོ་དེ་གཞི་ཚུགས་པ་དང་། ཡན་ལག་ཉིང་ལག་རྒྱས་པའི་དུས་མཚུངས་སུ་དུད་ཅེས་པའང་ཁྲལ་བསྡུ་ཡུལ་གྱི་ཁྱིམ་གྱི་དོན་དུ་སྤྱོད་པའི་ཤུགས་ཆེ་རུ་སོང་བར་འདོད་དེ། བཙན་པོའི་སྐབས་ཀྱི་ཡིག་ཚང་དག་ཏུ། དུད་ཁྱིམ་གྱི་དོན་དུ་གོ་ཆོག་ཆོག་གཅིག་ལས་མེད་པ་གོང་དུ་སོང་ཟིན་པ་ནང་བཞིན་དང་། གཅིག་པུ་དེའང་ཁྲལ་དང་འབྲེལ་འདུག་པ་དང་། ས་སྐྱ་པའི་དུས་ཤིག་ནས་ཆེས་ཆེར་སྤྱོད་ཀྱིན་པའི་རྟགས་སུ། སྐབས་དེར་དུད་ཆུང་དུད་ཆེན་གཞི་རྩར་བཟུང་ནས་ཁྱིམ་རྩིས་བྱེད་ཀྱིན་པས་དང་། དེའི་རྗེས་ཀྱི་དགའ་ལྡན་ཕོ་བྲང་གི་སྐབས་སུ་རྒྱ་ཆེར་བཀོལ་བའི་རྟགས་མཚན་འཁྲུལ་མེད་ཅིག་ལ། ལྕགས་སྟག་ལོའི«ལྕགས་སྟག་ཞིབ་གཞུང»ཞེས་པའི་དེབ་དེ་འཇོག་འོས། དེབ་དེ་ནི་དམིགས་བསལ་གྱིས་ཁྲལ་གྱི་གནས་ཚུལ་ཞིབ་མོར་བཀོད་པ་ཞིག་ཡིན་ལ། དེབ་ཧྲིལ་པོར“དུད་རྐང་དུད་མང་ཉུང་། བསྡད་དུད། སྦྲ་དུད”[36]སོགས་ཀྱིས་གང་འདུག དེས་ན། དུད་ཅེས་པ་ཁྱིམ་ལ་འཇུག་སྐབས་ཁྲལ་དང་ཡང་ན་དུད་ཁྲལ་གྱི་གྲངས་ལེན་པར་འབྲེལ་ཆེ་ཞིང་། དེ་ཡང་མཐར་དེད་ན་བོད་ཀྱི་བཀས་བཀོད་རྒྱུད་འཛིན་གྱི་སྤྱི་ཚོགས་ཀྱི་ངོ་བོ་དང་འབྲེལ་ཚུལ་ཤིན་ཏུ་གསལ་བར་བསྟན་འདུག་སྙམ། 
             ད་ལྟ་ནི་སྤྱི་ཚོགས་འགྱུར་ཟིན་ཀྱང་། “དུད་ཁྱིམ”དང“དུད་ཚང”ཞེས་སྨྲ་མཁན་དང་འབྲི་མཁན་མང་དུ་ཡོད། ཡིན་ནའང་། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས“མིང་ནི་རྣམ་པ་ཐམས་ཅད་དུ་སྐྱེ་བོ་དག་གིས་མཐུན་པར་བསྒྲགས་པ་ཙམ་ཡིན་པས”[37]ཞེས་གསུངས་པ་ལྟར། ཕྲན་ལའང“གཡའ་མ་ལུང་ལ་ཡིད་སྨོན་ལུང་དུ་བཅོས་པའི”འདུན་པ་གཏན་ནས་མེད་མོད། བཤད་འདོད་པ་ནི། སྐབས་རེར་ཐ་སྙད་ཅིག་གི་གནས་འགྱུར་གྱི་ཤུགས་སུ་སྤྱི་ཚོགས་ཤིག་གི་གནས་འགྱུར་མངོན་ཆུང་གིས་སྐུང་ཡོད་པའི་ངོ་མཚར་བའི་ཚུལ་དེ་ཅུང་ཟད་སྟོན་པར་འདོད་པ་དེ་ཙམ་ཡིན། 
             བཞི་པ། མིའི་རིགས་རིག་པ་དང་སྤྱི་ཚོགས་རིག་པའི་ཁྱིམ་གྱི་གོ་དོན། 
             མིའི་རིགས་ཀྱིས་ཁྱིམ་ཞེས་པར་ཚན་རིག་གི་ཐབས་ཤེས་སྤྱད་དེ་མ་ལག་ཚང་བའི་ཞིབ་འཇུག་བྱས་ནས་ལོ་ངོ200ལས་འགོར་མེད་པ་དང་། ཁྱིམ་ཞེས་པའི་གནས་འགྱུར་དང་ལོ་རྒྱུས་ལ་ཞིབ་འཇུག་བྱས་པའི་དུས་ཡུན་དེ་ལས་ཀྱང་ཐུང་སྟེ། ཡོངས་གྲགས་ལྟར་སྤྱི་ལོ1861ལོར་པ་ཧོ་ཧྥུན་གྱིས«མ་དབང་ཞིབ་འཇུག»བརྩམས་པ་ནས་བརྩིས་ན་ལོ་ངོ150ལྷག་ལས་འགོར་མེད།[38] དུས་ཡུན་ཐུང་ངུ་འདིའི་ནང་མིའི་རིགས་རིག་པ་དང་སྤྱི་ཚོགས་ རིག་པའི་མཁས་པ་ཚོས་ཁྱིམ་གྱི་ངོ་བོ་དང་དགེ་མཚན་སོགས་ཀྱི་ཐད་ལ་དགོངས་པ་ཟབ་མོ་བཞེས་ནས། ཁྱིམ་ལ་རིག་གཞུང་གི་ལམ་ནས་ངོས་འཛིན་གང་འཚམ་གནང་ཡོད། འདིར་ཚབ་མཚོན་ཙམ་དུ་མིའི་རིགས་རིག་པའི་མཁས་དབང་ལེ་བེ•སི་ཊི་རོ་སི[39]ཡི་ཁྱིམ་གྱི་མཚན་ཉིད་ཅིག་བཀོད་ན། ཁོང་གིས་ཁྱིམ་ནི“དུས་ཡུན་རིང་ཐུང་ལ་མ་བལྟོས་པར། ཕོ་གཅིག་དང་མོ་གཅིག་མཉམ་དུ་འདུས་པར་སྤྱི་ཚོགས་ཀྱིས་ཁས་ལེན་ཐོབ་ཅིང་། དེ་དག་གི་བུ་རྒྱུད་ཀྱང་ཡོད་པ”[40]ཞིག་ལ་འདོད་པ་དང་། སྲོལ་རྒྱུན་སྤྱི་ཚོགས་རིག་པས་ཀྱང་ཧ་ལམ་དེ་ལྟར་དུ་འདོད་དེ། «ཀྲུང་གོའི་རིག་མཛོད་ཆེན་མོ་ལས་སྤྱི་ཚོགས་རིག་པའི་གླེགས་བམ»དུ། “ཁྱིམ་ནི་གཉེན་འབྲེལ་དང་ཁྲག་རྒྱུན། ཡང་ན་བུ་དོད་བཅས་ཀྱི་འབྲེལ་བས་བསྡུས་པའི་མི་ཚོགས་ལ་ཟེར་ཞིང་། ཕ་མ་དང་ཁྱོ་ཤུག ཕུ་ནུ་མིང་སྲིང་བར་ལ་སོ་སོའི་སྤྱི་ཚོགས་ཀྱི་ཐོབ་ཐང་གི་ངོས་ནས་འབྲེལ་བ་བཙུགས་ཏེ་ཐུན་མོང་གི་རིག་གནས་ཤིག་གསར་དུ་བསྐྲུན་པ་ཞིག”[41]ཅེས་བྱུང་བ་ལྟ་བུ། དུས་རབས20པའི་མིའི་རིགས་རིག་པ་དང་སྤྱི་ཚོགས་རིག་པའི་མཁས་པ་མང་པོས་ཁྱིམ་ལ་གོང་ལྟར་གྱི་གོ་བ་ལེན་པ་རེད། དེའི་རྒྱུ་མཚན་གཙོ་བོ་ཞིག་ནི་ཁོ་ཚོས་གཞི་འཛིན་ས་དེ“ཁྱོ་གཅིག་ཤུག་གཅིག”གི་གཉེན་སྡེབ་ལམ་ལུགས་འདི་ཡིན་པས་རེད། ཆ་རྐྱེན་འདི་ལས་བརྒལ་ཚེ་ཁྱིམ་ལ་ཚུལ་གསུམ་ཚང་བའི་མཚན་ཉིད་ཅིག་འཇོག་དཀའ་བར་གྱུར་པ་རེད། དེ་བས་ལོ་རྒྱུས་ཀྱི་ངོས་ནས་བལྟས་ན། གདོད་མའི་མ་རྒྱུད་རུས་ཚོའི་ཁྱིམ་གྱི་རྣམ་པ་ནས་ད་ལྟའི་ཕ་དབང་གི་ཁྱིམ་མམ་འདྲ་མཉམ་གྱི་ཁྱིམ་གྱི་བར་དུ་ཁྱིམ་གྱི་རྣམ་པ་འདྲ་མིན་བརྒྱུད་པ་གོང་དུ་སོང་ཟིན་པ་ལྟར་དང་། ཐད་དུ་བལྟས་ན་འཛམ་བུ་གླིང་གི་མི་རིགས་སོ་སོའི་ཁྲོད་དུ་ཕ་མེད་མ་མེད་ཀྱི་ཁྱིམ་དང་། ཁེར་རྐྱང་གི་ཁྱིམ། ཚང་སྟོང་ཁྱིམ[42]སོགས་དང་། ཡང་དཔལ་འབྱོར་རྩེར་སོན་གྱི་རྒྱལ་ཁབ་དག་ཏུ་དར་སྲོལ་དུ་གྱུར་པའི་མཚན་མཐུན་གྱི་ཁྱིམ་དང་རྒྱུད་སྤེལ་མི་འདོད་པའི་ཏེང་ཁུའི་ཁྱིམ[43]སོགས་འབྱུང་གིན་པས་ན། དེང་གི་མིའི་རིགས་རིག་པ་དང་སྤྱི་ཚོགས་རིག་པའི་མཁས་པ་ཚོས། ཁྱིམ་གྱི་ངོ་བོར་མ་ལུས་གཅིག་སྡུད་ཀྱི་ཀུན་ལ་ཁྱབ་པའི་མཚན་ཉིད་ཅིག་འཇོག་རྒྱུའི་ལས་དེར་གཡོལ་བཞིན་པའི་རྒྱུ་མཚན་ཤེས་སླ།
             ཆེས་གདོད་མའི་མི་རྣམས་ཀྱི་ཁྱིམ་ནི་དེ་རིང་ང་ཚོས་མཐོང་ཐུབ་པའི་ཁྱིམ་འདིའི་རིགས་དང་ཧེ་བག་ཆེན་པོ་ཡོད། ལོ་རྒྱུས་སུ་ཁྱིམ་ལ་འགྱུར་བ་སྣ་ཚོགས་བྱུང་འདུག འགྱུར་བ་དེར་ཆེས་ཐོག་མར་རིག་གཞུང་གི་ངོས་ནས་ཞིབ་ཏུ་དཔྱོད་མཁན་ནི་ཨ་རིའི་མིའི་རིགས་རིག་པའི་མཁས་པ་ཆེན་མོ་མོར་གྷན[44]རེད། ཁོང་གིས་སྐབས་དེར་ཤུགས་རྐྱེན་ཤིན་ཏུ་ཆེ་བའི་ཏར་ཝུན[45]གྱི་འཕེལ་འགྱུར་སྨྲ་བའི་ལྟ་བ་གཞིར་བཟུང་ནས། མིའི་རིགས་ཀྱི་ཁྱིམ་གྱི་གནས་འགྱུར་ལ་འགྲེལ་བཤད་བྱས་པ་སྟེ། མིའི་རིགས་ཀྱི་ཁྱིམ་གྱི་རྣམ་པ་ཐོག་མ་ནི་མིང་སྲིང་བར་རམ་ཡང་ན་ཕ་མ་མིང་སྲིང་གི་མིང་སྲིང་བར་གཉེན་བསྡེབས་ནས་གྲུབ་པའི་ཁྲག་རྒྱུན་གཅིག་པའི་ཁྱིམ་དང་། དེའི་འཕྲོར་ཕ་མ་གཅིག་གམ་ཕ་མ་མིང་སྲིང་གི་བུ་མོ་སྤུན་ཁ་ཤས་ཀྱིས་གྲུབ་པའི་ཚོགས་པ་ཞིག་དང་དེ་དག་གི་ཐུན་མོང་གི་ཁྱོ་གས་གྲུབ་པའི་ཚོགས་པ་ཞིག་གི་བར་གཉེན་བསྡེབས་པའི་ཚོགས་སྡེབ་ཁྱིམ་ཟེར་བ་ཞིག་དང་། དེའི་འཕྲོར་ཁྱོ་ཤུག་ཕན་ཚུན་བར་གྱི་གཉེན་འབྲེལ་ཤིན་ཏུ་ལྷོད་པའི་དབང་གིས་གཉེན་འཐོར་རྒྱུན་ལྡན་ཅན་གྱི་ཡུན་ཐུང་གཉེན་སྡེབ་ཀྱི་ཁྱིམ། ཡང་དེའི་འཕྲོར་ཁྱོ་གཅིག་ཤུག་མང་གི་ཕ་དབང་གི་ཁྱིམ་ཞེས་པ་བྱུང་ནས། མཇུག་མཐར་ཁྱོ་གཅིག་ཤུག་གཅིག་གི་ཆ་སྡེབ་ཀྱི་ཁྱིམ་གྱི་རྣམ་པར་གནས་འགྱུར་བྱུང་བར་བཤད།[46] ཡིན་ནའང་། རྗེས་སུ་འཛམ་གླིང་གི་མི་རིགས་མི་འདྲ་བའི་མི་རིགས་རེག་ཟིག[47]གི་རྒྱུ་ཆ་དང་གནའ་དཔྱོད་ཀྱི་རྒྱུ་ཆ་གསར་པ་མང་དུ་རྙེད་པ་དང་བསྟུན་ནས། ཁོང་གིས་བཏོན་པའི་ཁྱིམ་གྱི་རྣམ་པ་སྔ་མ་གཉིས་འཇིག་རྟེན་དུ་བྱུང་མ་མྱོང་བར་བདེན་དཔང་བྱས་པ་རེད།[48] 
             དེང་རབས་མིའི་རིགས་རིག་པས་གོང་གི་འཕེལ་འགྱུར་སྨྲ་བའི་མིའི་རིགས་ཀྱི་ཁྱིམ་ལ་འགྲེལ་བཤད་བྱེད་སྟངས་དེ་བསྐྱུར་ནས། གནའ་སྔ་མོའི་དུས་ཀྱི་ཁྱིམ་ལ་འགྲེལ་བཤད་བྱེད་པའི་དཔེ་ལུགས་གསར་པ་བཏོན་ཡོད། དེའི་མིང་ལ་མེས་རྒྱུད་གཞུང་ལུགས[49]ཞེས་བཏགས་འདུག ཁོང་ཚོས་གནའ་དེང་ཕྱི་ནང་གི་ཁྱིམ་གྱི་རིགས་གང་ཡིན་ཀྱང་། དེ་དག་ཐོག་མར་ཉེ་དུའི་ཚོ་ཁག་གམ་ཉེ་ཚོ[50]ངེས་ཅན་ཞིག་ཡིན་པའི་གཞི་རྩའི་ངོས་འཛིན་བྱས་འདུག་པར་ཁོ་བོས་འདོད། དེ་ཡང་བཟོ་ལས་སྤྱི་ཚོགས་དུས་མཚམས་སུ་བཟུང་ནས། དེའི་སྔོན་གྱི་བཟའ་བཏུང་ཐོན་སྐྱེད་བྱེད་མཁན་གྱི་ཉེ་ཚོ་གཙོ་བོ་ནི་མེས་རྒྱུད་ཚོ་ཁག[51]ཅེས་པའི་ཁྱིམ་ཆེན་དེའི་རིགས་ཡིན་པ་དང་། དེའི་རྗེས་ཀྱི་བཟའ་བཏུང་གི་མཐུན་རྐྱེན་སྦྱོར་མཁན་གྱི་ཉེ་ཚོ་གཙོ་བོ་ནི་ཕ་མ་དང་དེ་དག་གི་བུ་ཕྲུག་གིས་གྲུབ་པའི་དཀྱིལ་སྙིང་ཁྱིམ[52]ཡིན་པར་བྱས་ཡོད། དེ་ལྟའི་དབྱེ་ཞིབ་ཀྱི་མིག་དབང་སྤྱད་དེ་གནའ་དེང་ཕྱི་ནང་གི་ཉེ་ཚོའི་ངོ་བོ་དང་རིགས་ངོས་འཛིན་བྱེད་པ་ནི། ད་ལྟའི་མིའི་རིགས་རིག་པ་དང་སྤྱི་ཚོགས་རིག་པའི་མཁས་པ་དག་གིས་ཁྱིམ་དང་གཉེན་ཉེ་དུ་སོགས་ལ་ཞིབ་འཇུག་བྱེད་པའི་ཕྱག་ལེན་གཙོ་བོར་གྲུབ་འདུག་པར་སེམས་སོ། །མིང་གི་བཀོལ་སྟངས་ཐད་ནས་ཀྱང་ཁོང་ཚོས་ཁྱིམ་གྱི་རིགས་མཐའ་དག་གི་སྤྱི་མིང་ལ་ཉེ་དུའི་ཚོ་ཁག་གམ་ཉེ་ཚོ་ཞེས་བཏགས་ཡོད་པ་དང་། བྱེ་བྲག་ཏུ་བཟོ་ལས་སྤྱི་ཚོགས་ཀྱི་སྔོན་དུ་དར་བའི་ཉེ་ཚོའི་སྤྱི་མིང་ལ་མེས་རྒྱུད་ཚོ་ཁག་ཅེས་སྤྱོད་པ་དང་། བཟོ་ལས་སྤྱི་ཚོགས་དར་རྗེས་དཀྱིལ་སྙིང་ཁྱིམ་གཙོ་བོར་བྱས་པའི་ཉེ་ཚོའི་སྤྱི་མིང་ལ་ད་གཟོད་ཁྱིམ་ཞེས་པ་སྤྱད་འདུག་པར་ཁོ་བོས་འདོད།[53] 
             རང་རེའི་སྲོལ་རྒྱུན་རིག་གནས་ཁྲོད་ཀྱི་ཁྱིམ་གྱི་སྒྲ་དོན་དེ་གནའ་དེང་ཕྱི་ནང་གི་ཉེ་དུའི་ཚོ་ཁག་གང་ལ་སྦྱར་ཀྱང་མཚོན་སྟོབས་ཆེ་ཙམ་ཡོད་པ་ནི་གོང་དུ་སོང་ཟིན་པ་ལྟར་ཡིན། འོན་ཀྱང་། དེང་རབས་མིའི་རིགས་རིག་པས་ཀུན་ལ་ཁྱབ་པའི་མཚན་ཉིད་ཅིག་འཇོག་པའི་ལས་བསྐྱུར་ནས། དབྱེ་ཞིབ་ཀྱི་དཔེ་ལུགས་གསར་པ་བཏོན་འདུག་པས་ན། རང་རེའི་སྲོལ་རྒྱུན་རིག་གནས་ཁྲོད་ཀྱི་ཁྱིམ་གྱི་གོ་བ་དེའང་མཚོན་སྟོབས་ཆེ་མི་ཆེ་དང་། ཀུན་ལ་ཁྱབ་མ་ཁྱབ་ཀྱི་ངོས་ནས་དེ་ཙམ་གལ་མི་ཆེ་བ་ཤེས། དེས་ན་གལ་ཆེ་བ་གང་རེད་ཅེ་ན། དེ་ནི་མིའི་རིགས་རིག་པའི་མཁས་པ་ཆེན་མོ་གྷེར་ཚི[54]ཡིས་གདམས་པ་ལྟར་ཏེ། “ས་གནས་རང་གི་མིས‘མི’ལ་ཇི་ལྟར་གོ་བ་ལེན་གྱིན་པ་ཤེས་རྒྱུ་ནི་ཆེས་གལ་ཆེ་བ་དེ་ཡིན”[55]ཞེས་པ་དེ་རེད། དེས་དེང་རབས་མིའི་རིགས་རིག་པས་ས་གནས་རང་གི་གོ་བ་ལ་དང་དོད་ཆེན་པོ་བྱེད་ཀྱིན་པ་མཚོན་པས། ཁྱིམ་ཞེས་པའི་སྣང་ཚུལ་ཡང་དེ་ལས་མ་འདས་པར། བོད་རང་གི་ཁྱིམ་ཞེས་པའི་གོ་བ་དེ་བོད་ཀྱི་ཁྱིམ་ལ་ཞིབ་འཇུག་བྱེད་པའི་རྐང་འཛུགས་ས་ཞིག་ངེས་པར་བྱ་དགོས་སྙམ་མོ། ། 
             མཇུག་སྡུད་པ། 
             གངས་རིའི་ལྗོངས་སུ་མིའི་རིགས་རིག་པའི་འཆད་རྩོད་རྩོམ་གསུམ་སྤེལ་བ་ལ་དེའི་སྔོན་འགྲོར་གྱུར་པའི་བརྡ་ཆད་གཏན་འབེབས་ནི་ལས་གལ་ཆེན་ཞིག་ཏུ་མཐོང་བས། འདིར་བོད་རང་གི་སྲོལ་རྒྱུན་རིག་གནས་ཁྲོད་ཀྱི་ཁྱིམ་ཞེས་པའི་གོ་བ་ལེན་ཅི་ཐུབ་ཀྱིས་གསལ་སྟོན་བྱས་ཡོད་པ་དང་། ཡང་ཕྱི་དར་མིའི་རིགས་རིག་པ་དང་སྤྱི་ཚོགས་རིག་པས་ཁྱིམ་ལ་གོ་བ་ཇི་ལྟར་ལེན་པ་དང་། དབྱེ་ཞིབ་བྱེད་སྟངས་གང་དག་ཡོད་པ། དེ་ལ་རྩ་བའི་ཆ་ནས་འགྱུར་བ་ཅི་ཞིག་ཕྱིན་པ་སོགས་ཀྱང་བསྟན་ནས། མཐར་མི་རིགས་རང་གི་སྲོལ་རྒྱུན་གྱི་གོ་བ་དེ་ཞིབ་འཇུག་གི་རྨང་གཞིར་འཛིན་འོས་པའི་ལྟ་ཚུལ་བཏོན་པ་ཡིན། ཚིག་དོན་ཙམ་ལའང་མི་རིགས་སོ་སོར་རང་རང་གི་གོ་བ་ཐུན་མོང་མ་ཡིན་པ་ཡོད་པ་ནི། དབྱིན་ཡིག་སྤྱོད་པའི་ཡུལ་དུ“family”ནི་རྒྱུ་ནོར་ཐུན་མོང་དུ་སྤྱོད་པའི་ཕུང་པོ་ཞིག་ལ་གོ་བ་དང་། རྒྱ་ཡིག་སྤྱོད་པའི་ཡུལ་དུ“家”ནི་གཏན་སྡོད་ཀྱི་དོན་ལ་གོ་བ་བཞིན། རང་རེའི་བོད་ཡིག་སྤྱོད་པའི་ཡུལ་དུ“ཁྱིམ”ཞེས་པ་ཕྱོགས་གཅིག་ཏུ“འཆིང་བ་དང་སྐོར་བ”འམ་མཐའ་ནས་བསྐོར་བའི“ཀོར་ཀོར”གྱི་རྣམ་པ་ཞིག་ཏུ་གོ་བཞིན་ཡོད་པ་དེས་ཤེས་སོ། །
             མཆན་དང་ལུང་ཁུངས།
[1][2] པ་ཚབ་པ་སངས་དབང་འདུས། སྤུ་རྒྱལ་བོད་ཀྱི་རྡོ་བརྐོས་ཡི་གེ་ཕྱོགས་བསྒྲིགས་ཀྱི་མ་ཡིག་དག་བཤེར་དང་དེའི་ཚིག་འགྲེལ་དྭངས་སང་གངས་ཆུ། [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2013: 47.9-11.
[3] 王尧 . 王尧藏学文集 ( 卷三 )[M]. 北京:中国藏学出版社,2012:107. 
[4] བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས་པོད་ཉེར་ལྔ་པ། [G] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2014: 3. 
[5][6] དཔའ་རིས་སངས་རྒྱས། བརྡ་སྤྲོད་སྦྱོར་བ་རྣམ་བཞི་རབ་གསལ། [M] མི་རིགས་དཔེ་སྐྲུན་ཁང་། 2008:158.159-160.
[7] ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཏུན་ཧོང་བོད་ཡིག་ཡིག་ཚགས། ④ [G] ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་། 2007:245. 
[8] སྟོབས་ལྡན། ཁ་སྒང་བཀྲ་ཤིས་ཚེ་རིང་། ཧྥ་རན་སིར་ཉར་བའི་ཏུན་ཧོང་ཤོག་དྲིལ་ཡིག་རྙིང་གི་བཤུས་ཡིག་ཕྱོགས་བསྒྲིགས། [G] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2016:199. 
[9][10] བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས་པོད་ཉི་ཤུ་པ། [G] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2014 : 60. 205. 
[11][12][14] བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས་པོད་བཅུ་དགུ་པ། [G] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2014:57.281.119.
[13] «དབྱིན་ཇིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཏུན་ཧོང་དང་ནུབ་ལྗོངས་བོད་ཡིག་ཡིག་ཚགས ③ [G] ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་། 2012:198. 
[15] ཞིབ་འཇུག་གི་རིག་པ་མི་འདྲ་བའི་དབང་གིས་དེང་རབས་ཀྱི་མི་དང་གཤག་ལས་རིག་པས་འདོད་པའི་དེང་རབས་ཀྱི་མི་གཉིས་མི་འདྲ། སྔ་མ modern humansཞེས་པ་འདི་ཡིན་ལ། དེང་རབས་ཀྱི་མི་འདིའི་རིགས་ནི་ལོ་ངོ་ཁྲི20ཡི་སྔོན་དུ་ཨ་ཧྥེ་རི་ཁར་བྱུང་བར་འདོད་ཅིང་། དེའི་ཐད་བདེན་དཔང་འདོན་མཁན་ནི University of California,Berkeley བྱ་བའི་སྐད་གྲགས་ཅན་གྱི་སློབ་ཆེན་དེའི་ཆ་རྡུལ་རྒྱུད་འཇོག་རིག་པའི་མཁས་པ་སྐོར་ཞིག་ཡིན་ལ། ཁོང་ཚོའི་ལྟ་བར། ད་ལྟའི་མི་རྣམས་ཀྱི་ལུས་སྟེང་གི་ཕྲ་ཕུང་གི་གྲུབ་ཆར་གྱུར་པའི mitochondrial DNA ཞེས་པའི་རྒྱུད་འཇོག་དངོས་གཟུགས་འདི་ལོ་ངོ་ཁྲི20ཡི་སྔོན་གྱི་ཨ་ཧྥེ་རི་ཁའི་བུ་མོ“Eve”རུ་བཏགས་ པ་དེའི་ལུས་སྟེང་ནས་བརྒྱུད་ཡོང་བར་འདོད་པའོ།། ཕྱི་མ་ནི anatomically modern humans ཞེས་པ་འདི་ཡིན། མི་འདིའི་རིགས་ནི་གཙོ་བོ་གཟུགས་གཞི་དང་ངོ་ དབྱིབས་སོགས་ཀྱི་ཁྱད་ཆོས་ལ་བརྟེན་ནས་ངོས་བཟུང་བ་ཡིན། མི་འདིའི་རིགས་ད་ལྟའི་བར་ལོ་ངོ་ཁྲི15 -10སྔོན་དུ་བྱུང་ཡོད་པའི་འགྱུར་རྡོའི་བདེན་དཔང་ཡོད་ལ། དེ་དག་གི་སྤྱོད་ལམ་གྱི་རྗེས་ཤུལ་མཐོང་ཐུབ་པ་ནས་བརྩིས་ན་ལོ་ངོ་ཁྲི9-4ཡི་སྔོན་དུ་བྱུང་ཡོད་པར་ཁས་འཆེ། 
[16] འདིར་གསལ་བཤད་བྱ་དགོས་པ་ཞིག་ལ། ཨུ་རུ་སུའི་མཁས་པ་ཤེར་མོ་ནོ་ཧྥུ ( 谢苗诺夫 )ཡིས་དེང་རབས་ཀྱི་མི་ནི་ནཻ་ཨན་ཌིར་ཌོལ་མི(neandertals, 尼安德特人 )ལས་བྱུང་བར་འདོད་མོད། ད་ལྟའི་དཔྱད་འབྲས་ལྟར་བྱས་ན་མ་ངེས་ཏེ། གནའ་དཔྱོད་མཁས་པ་ཆེ་གེ་མོས་ནཻ་ཨན་ཌིར་ཌོལ་མི་དང་དེང་རབས་ཀྱི་མི་གཉིས་ཀའི་ཡབ་མེས་ཐ་དད་ཡིན་པར་མ་ཟད། དེ་གཉིས་ལོ་ངོ་ཁྲི་ཁ་ཤས་བར་མཉམ་དུ་འཚོ་མྱོང་བར་བཤད། ནཻ་ཨན་ཌིར་ཌོལ་མི་རྣམས་ལོ་ངོ་ཉིས་ཁྲི་བརྒྱད་སྟོང་སྔོན་དུ་ད་དུང་གསོན་ཡོད་པར་འདོད། དེས་ན། དེང་རབས་ཀྱི་མི་བྱུང་ནས་མ་མཐར་ཡང་ད་ལྟའི་བར་ལོ་ངོ་ཁྲི15སོང་ཟིན་པས། དེ་གཉིས་བར་ཡབ་མེས་དང་རྗེས་རབས་ཀྱི་འབྲེལ་བ་མི་གྲུབ། གཞན་ཤེར་མོ་ནོ་ཧྥུ་ཡིས་ལོ་ངོ་ཁྲི་བཞིའི་ཡར་སྔོན་དུ་དེང་རབས་ཀྱི་མི་བྱུང་བར་འདོད་པའི་ལྟ་བ་དེ་གཙོ་བོ“མིའི་རིགས་ཀྱི་རིག་གནས་སྐྱ་རེངས”སུ་བཏགས་པའི་ཧྥ་རན་སིའི Lascaux དང Chauvet ཡི་བརྗིད་ཆགས་གསོན་ཉམས་དོད་པའི་བྲག་རིས་གསར་རྙེད་ལ་གཞི་བཅོལ་བ་ཞིག་རེད། བྲག་རིས་དེ་དག་གིས་སྐབས་དེའི་མི་རྣམས་ལ་རྟོག་བཏགས་ཀྱི་བློ་རིག་རྒྱས་པ། རྣམ་ཤེས་ཀྱི་ལྟ་བ་ཡོད་པ། མཛེས་རྟོག་གི་ཤེས་རབ་མངའ་བ་སོགས་གསལ་སྟོན་བྱས་པས། འདིར་སྨིན་ཟིན་པའི་མི་ཡི་ཤེས་བྱེད་དུ་བཞག་ན་དགོས་པ་ཆེ་མོད། ཡོ་རོབ་གླིང“མིའི་རིགས་ཀྱི་རིག་གནས་སྐྱ་རེངས”སུ་མི་འདོད་མཁན་ཡང་མང་། ཞིབ་པ་དྲྭ་ཐག་mhhe.com/kottak ལ་ཟུར་བལྟ་བྱ་རོགས། 
[17] “新人 ( 智人 ) 与猿人和古人不同,他们已经不是正在形成中的人,而是现代的业已成熟的人。与这种业已成熟的人一起,随即产生了业已形成的社会。就这样,原始人群变成了氏族。”谢苗诺夫 . 婚姻和家庭的起源 [M]. 北京:中国社会科学出版社,1983:96. 
[18] 扬善华编著 . 家庭社会学 [M]. 北京:高等教育出版社,2012:4. 
[19] 中国社会科学考古研究所编 . 昌都卡若 .[M]. 北京:文物出版社,1985:13. 
[20] 李永先 . 西藏原始艺术 [M] 成都:四川人民出版社,1998:225. 
[21] སྟག་ཚང་དཔལ་འབྱོར་བཟང་པོ་། རྒྱ་བོད་ཡིག་ཚང་ཆེན་མོ [M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1985 :137. 
[22] 马东 . 青海夏塔图吐蕃王朝时期管板画艺术研究 . 博士后研究工作报告 . 四川大学中国藏学研究所,2010,29~39. 
[23] 霍巍,王煜,吕宏亮 . 考古发现与西藏文明 第一卷:史前时代 . 科学出版社,2015:119. 
[24] སྟོབས་ལྡན་དང་ཁ་སྒང་བཀྲ་ཤིས་ཚེ་རིང་། ཧྥ་རན་སིར་ཉར་བའི་ཏུན་ཧོང་ཤོག་དྲིལ་ཡིག་རྙིང་གི་བཤུས་ཡིག་ཕྱོགས་བསྒྲིགས [G] དེབ་བརྒྱད་པ། བོད་ལྗོང་མི་དམངས་དཔེ་སྐྲུན་ཁང་། 2016:7.
[25] བསྟན་འཛིན་རྣམ་རྒྱལ། བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས་པོད་ཉེར་གཉིས་པ་ལས། སློབ་ཆུང་དག་ཡིག [M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2014 དེབ་འདིའི་ཤོག་ངོས 468 པར“ཁྱིམ་ཚང་དུད་ཚང་འཕུལ་མེད་ཅིང”ཞེས་བྱུང་ཡོད། 
[26] ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་དང་ནོར་བྲང་ཨོ་རྒྱན་གཉིས་ཀྱིས་སྒྲིག་རྩོམ་བྱས། བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ། [M] སྟོད་ཆ། བོད་ལྗོངས་དཔེ་རྙིང་་ དཔེ་སྐྲུན་ཁང་། 2003:317. 
[27] དཔའ་བོ་གཙུག་ལག་ཕྲེང་བ། ཆོས་འབྱུང་མཁས་པའི་དགའ་སྟོན། [M] མི་རིགས་དཔེ་སྐྲུན་ཁང་། 2006:200. དབའ་གསལ་སྣང་། 
[28] «ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད»དང«སྦ་བཞེད་ཞབས་བཏགས་མ»དང«བཤད་མཛོད་ཡིན་བཞིན་ནོར་བུ»བཅས་སུ“འབངས་མི་ཁྱིམ”ཞེས་བྲིས་ཡོད། 
[29][30] གོ་ཤུལ་གྲགས་པ་འབྱུང་གནས། གནས་རྩོམ་གཅེས་བཏུས་སློབ་དེབ་གསར་མ་གཞོན་ནུའི་ལང་ཚོ།(སྟོད་ཆ) [M] མི་རིགས་དཔེ་སྐྲུན་ཁང་། 2012:197.197. 
[31] བཙན་ལྷ་ངག་དབང་ཚུལ་ཁྲིམས་ཀྱིས་བསྒྲིགས། བརྡ་དཀྲོལ་གསེར་གྱི་མེ་ལོང་ཞེས་བྱ་བ་བཞུགས་སོ། [M] མི་རིགས་དཔེ་སྐྲུན་ཁང་། 1997:324. 
[32][33] གོ་ཤུལ་གྲགས་པ་འབྱུང་གནས། གནའ་རྩོམ་གཅེས་བཏུས་སློབ་དེབ་གསར་མ་གཞོན་ནུའི་ལང་ཚོ། [M] སྟོད་ཆ། མི་རིགས་དཔེ་སྐྲུན་ཁང་། 2012: 201. 203. 
[34] 王尧 . 王尧藏学文集 : 卷三 [M] . 北京 : 中国藏学出版社,2012:142.(ཁྲམ་ཤིང་ཨང417པ་ཡིན་ལ། དེའི་ཚིག་ཆ་ཚང་ནི“སྟོང་བོང་སྦྲུམ་གཅིག་ལ་སྲང་བཞི། ཕོ་བོང་གཅིག་ལ། སྲང་གསུམ། དགྱེའུ་བོར་གཅིག་ལ་སྲང་གཉིས། གླ་ནི་འཕྲལ་ཞག་དུ་ཐོགས་པ་ལས། ཉིན་རེ་བྲེ་རེའི་ཐང་དུ་དུད་ཀྲལ་ལས་བཀྲལ་ཏེ་སྩལ་ཏོ། རྒྱང་རྩེར་བ་བོང་མཆི་བ་སྟོང་གོང་མ་དང་འདྲ། གླ་ན་ཁླ་ཕྱེད”ཡིན) 
[35] དུང་དཀར་བློ་བཟང་འཕྲིན་ལས། བོད་ཀྱི་ཆོས་སྲིད་ཟུང་འབྲེལ་སྐོར་བཤད་པ།[M] མི་རིགས་དཔེ་སྐྲུན་ཁང་། 2004: 20.
[36] རྡོ་སྦིས་ཚེ་རིང་རྡོ་རྗེས་བསྒྲིགས། ལྕགས་སྟག་ཞིབ་གཞུང་། [G] བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་། 2016. 
[37] དགེ་འདུན་ཆོས་འཕེལ། རྒྱལ་ཁམས་རིག་པས་སྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ། (གངས་ཅན་རིག་མཛོད་དེབ་བཅུ་པ།) [M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2008:63. 
[38] འདི་ནི巴霍芬 གྱི« 母权论 »ཞེས་པའི་དེབ་དེ་ཡིན་ཞིང་སྤྱི་ལོ1861ལོར་བརྩམས། 
[39] Claude Levi-Strauss,克洛德 • 列维 - 斯特劳斯 (1908—2009). 
[40] 邓伟志 , 徐新 . 家庭社会学导论 [M]. 上海 : 上海大学出版社,2006:34. 
[41] 中国大百科全书 • 社会学卷 [Z],中国大百科全书出版社,1991:102. 
[42] རིམ་བཞིན 单亲家庭、单身家庭、空巢家庭 བཅས་ཀྱི་འགྱུར་ཡིན། 
[43] རིམ་བཞིན 同性家庭、丁克家庭 གཉིས་ཀྱི་འགྱུར་ཡིན། 
[44] Thomas Hunt Morgan,托马斯 • 亨特 • 摩尔根 (1866-1945). 
[45] Charles Robert Darwin,查尔斯 • 罗伯特 • 达尔文 (1809-1882). 
[46] 摩尔根 .古代社会 [M].北京:中央编译出版社,2007:273.(ཁྱིམ་གྱི་རྣམ་པ་ལྔ་དེ་རིམ་བཞིན)血婚制家族、伙婚制家族、偶魂之家族、父权制家族、专偶制家族 བཅས་ཀྱི་འགྱུར་ཡིན། 
[47] 民族志 ཞེས་པའི་འགྱུར་ཡིན། 
[48] 扬善华,编著 . 家庭社会学 [M]. 高等教育出版社,2012:4. 
[49] Descent theory, 继嗣理论 ཞེས་པའི་འགྱུར་ཡིན། 
[50] 亲属群体 ཡི་འགྱུར་ཡིན། 
[51] Descent group, 继嗣群 ཞེས་པའི་འགྱུར་ཡིན། 
[52] 核心家庭 ཞེས་པའི་འགྱུར་ཡིན། 
[53] 康拉德 • 菲利普 • 科塔克 , 著 . 黄剑波 , 方静文等 , 译 . 人类学:人类多样性的探索 [M]. 北京:中国人民大学出版社,2016:423-445. 
[54] Clifford Geertz, 克利福德 • 格尔茨 ,(1926-2006) 
[55] 王铭铭 . 人类学是什么 [M] 北京:北京大学出版社,2016:74
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1