༄༅། །ཨ་ཁུ་ལྷ་སྐྱབས་ཀྱི་ནངས་ཇ། (སྒྲུང་ཐུང་།)

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-05


              སྡེ་བའི་བུད་མེད་རྣམས་སྐྱ་རེངས་དང་མཉམ་དུ་མལ་ལས་ལངས་ནས་རང་རང་གི་ཁྱིམ་གྱི་མེ་ཁ་གསོས་ནས་ནངས་ཇ་སྐོལ་བར་བྲེལ་འདུག ཨ་ཁུ་ལྷ་སྐྱབས་ནི་སྔོན་ཆད་གྲྭ་བ་ཞིག་ཡིན་ལ་རིག་གསར་སྐབས་སུ་གྲྭ་ལོག་བྱས་པ་དང་རྗེས་སུ་སྡེ་བའི་ནང་གི་བུད་མེད་ཡུགས་ས་མ་ཞིག་དང་མཉམ་དུ་བསྡད་ཀྱང་སྲིད་ཇུས་ཅུང་ཇེ་ལེགས་སུ་སོང་ནས་རྒྱུ་ནོར་སྒེར་ལ་བགོ་བཞིན་པའི་ལོ་དེར་ཁོའི་རྒན་མོ་གློ་བུར་དུ་ཚེ་ལས་འདས་པས་ད་ནི་ཁེར་འདུག་དུ་ལས་ཡོད། ཁོ་སྐྱ་རེངས་དང་མཉམ་དུ་སད་ཀྱང་ད་དུང་གཉིད་ཅུང་ཙམ་ཞིག་ཨེ་ཡོང་ལ་རེ་བ་བྱས་ནས་མགོ་སློག་པའི་ནང་བཅུག་ཏེ་ཉལ་ནས་བསྡད། ཉི་འོད་རི་རྩེ་བརྒྱུད་ནས་རི་ཆུ་ནགས་གསུམ་ལ་དྲོད་ཁོལ་སྦྱིན་བཞིན་དུ་སླེབས་ཡོང་། བྱིས་པ་ཚོ་མ་གྲོས་རང་འགུལ་གྱིས་སྡེ་བའི་མ་ཎི་ཁང་གི་སྒོ་ཁར་འདུས་ནས་རྩེད་མོ་སྣ་ཚོགས་ཞིག་རྩེད་བཞིན་འདུག ཨ་ཁུ་ལྷ་སྐྱབས་ཀྱིས་མིག་གཉིས་ལག་པའི་ཕྱི་རྒྱབ་ཀྱིས་ཕུར་ཕུར་འགའ་བྱས་རྗེས་ཡར་ལངས་ནས་སྡེ་བའི་མ་ཎི་ཁང་གི་སྒོ་ཁར་ཡོང་ནས་ནམ་རྒྱུན་ལོ་ལོན་ཚོ་འདུག་སའི་རྡོ་ནར་དེའི་དཀྱིལ་དུ་བསྡད་ནས་སྐད་མཐོན་པོས་མ་ཎི་འདོན་བཞིན་བྱིས་པ་ཚོར་ལྟད་མོ་ལྟ་ཞོར་དུ་སུ་ཚང་གི་བྱིས་པ་ཡ་རབས་ཞིག་གིས་རང་ཉིད་ཁོ་ཚང་ལ་ནངས་ཇ་འཐུང་བར་མགྲོན་དུ་ཨེ་འབོད་ལ་རེ་སྒུག་བྱེད་བཞིན་བསྡད།

སྡེ་བའི་ལོ་ལོན་ཚོ་གཅིག་རེ་གཉིས་རེ་བྱས་ནས་མ་ཎི་ཁང་གི་སྒོ་ཁར་ཐོན་སོང་། ད་ནི་མ་ཎི་ཁང་གི་སྒོ་ཁར་ལོ་ལོན་བཅུ་སྐོར་གཅིག་ཙམ་འདུག་ལ་ཁོ་ཚོས་མ་ཎི་འདོན་བཞིན་ཁ་ཕྱོགས་ངེས་མེད་ཀྱི་ཁ་བརྡ་སྣ་ཚོགས་ཤིག་བྱེད་བཞིན་འདུག གློ་བུར་དུ་ཨ་མ་ཁྱི་མོ་ཐར་ཟེར་བ་ཞིག་ཡོད་པ་དེ་ཅུང་ཙམ་མདུན་དུ་ནུར་ནས་ཨ་རོགས་ཚོ། ཁ་སང་ཕྱི་དྲོ་རྒད་པོ་ཚེ་ལོ་ཤི་སོང་ཟེར་བ་ཨེ་གོ་ཐལ་ཟེར། སྐབས་དེར་རྒད་པོ་རྟ་ལོས་ཁ་གྲག་བྱུང་ཁོའི་བུ་དང་མནའ་མ་གཉིས་ཀ་ཞོར་ལས་ལ་སོང་ནས་ལོ་ཕྱེད་ཅིག་འགོར་སོང་། དེ་རིང་ད་དུང་ཕྱིར་ཐོན་མི་འདུག ངོ་མ་སྙིང་མ་བརྗེ ། རྒད་པོའི་བེམ་པོའང་ད་དུང་ཉལ་སའི་ནང་དུ་ལས་འདུག་ཞེས་བཤད། དེར་མཐུད་ནས་ལོ་ལོན་ཚོས་མ་ཎི་འདོན་རྒྱུའང་བརྗེད་ནས་རྒད་པོ་ཚེ་ལོའི་ཤི་རྐྱེན་དང་འབྲེལ་བའི་ཁ་བརྡ་མང་པོ་ཞིག་བྱེད་བཞིན་འདུག

               ད་ནི་ཕྱི་དྲོའི་དུས་ལ་སླེབས་པས་ལོ་ལོན་ཚོ་གཅིག་རྗེས་གཉིས་མཐུད་བྱས་ནས་ཡུལ་ལ་ལོག་སོང་། ཨ་ཁུ་ལྷ་སྐྱབས་གཅིག་པུ་མ་ཎི་ཁང་གི་སྒོ་ཁར་ལུས་འདུག ཁོས་རྒད་པོ་ཚེ་ལོའི་ཕྱོགས་སུ་བསམ་བློ་བཏང་བྱུང་། རྒད་པོ་ཚེ་ལོ་ལ་བུ་བུ་མོ་གསུམ་ཡོད་ལ་སྔོན་ཆད་དཀའ་ངལ་ཆེ་བའི་དུས་སུ་ཁོས་བྱིས་པ་གསུམ་པོའི་ལྟོ་བའི་ཆེད་དུ་རྐུ་འཕྲོག་བྱས་ནས་གླིང་སྡེ་བ་གཉིས་ལ་གྲགས་པ་ཞིག་བྱས་ཀྱང་མཐའ་མར་འདི་ལྟར་ཁྱིམ་སྟོང་དུ་ཤི་སོང་། ངོ་མ་ལས་རྒྱུ་འབྲས་ཟེར་བ་དེ་གང་དུ་བུད་སོང་ངམ་བསམ། གློ་བུར་དུ་ནངས་ཇ་འཐུང་མེད་པ་ཡིད་ལ་དྲན་པས་ད་ནི་ཕོ་བ་ལྟོགས་ནས་མཆིན་པའང་ན་བ་འདྲ་བའི་ཚོར་བ་ཞིག་སྐྱེས། ཁོ་ཡར་ལ་ལངས་ནས་རང་ཁྱིམ་གྱི་ཕྱོགས་སུ་ལྗིད་དིག་དིག་གི་ཁོམ་ཁ་བསྒྱུར། ཉི་མ་ནུབ་ཕྱོགས་ཀྱི་རི་རྩེ་ནས་ཡལ་སོང་། ཨ་ཁུ་ལྷ་སྐྱབས་ཀྱིས་ལོ་མང་དུད་དྲག་གིས་ཟིན་པའི་ཇ་དེམ་དེའི་ནང་དུ་ཆུ་སྐེད་ཙམ་བླུགས་ནས་ཐབ་ཐོག་ལ་བཞག་རྗེས་འདང་རྒྱག་གི་ནང་དུ་ལྷུང་འདུག


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1