གཙོ་ངོས།>> དམངས་སྲོལ།>>དུས་ཆེན།

རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཁམས་པའི་རིག་གནས་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༡༡ཚེས་༣༠ཉིན།

༄༅།།བླ་མ་ལོ་གསར་དང་རྒྱལ་པོ་ལོ་གསར།

བླ་མ་ལོ་གསར་དང་རྒྱལ་པོ་ལོ་གསར།

        དེ་ཡང་བོད་ཀྱི་ལོ་གསར་ཚེས་གཅིག་ལ་བླ་མ་ལོ་གསར་ཞེས་འབོད་སྲོལ་ཡོད་པ་ནི། རང་ཉིད་ལ་མ་རིག་ལམ་སྟོན་མཛད་མཁན་གྱི་དགེ་བའི་བཤེས་གཉེན་ནམ་རྩ་བའི་བླ་མའི་དྲུང་དུ་བླ་མ་དཔོན་པོ་ནས་དམའ་དགེ་ཕྲུག་གསར་པ་ཡན་ཆད་ཀྱིས་ཆེད་དུ་བཅར་ཏེ་མཇལ་དར་དང་མཎྜལ་རྟེན་དོད་འབུལ་སྲོལ་གྱི་ལམ་ལུགས་ལ་བླ་མ་ལོ་གསར་ཞེས་ཐོགས་པ་ཡིན། དེ་ཡང་བོད་རྒྱལ་སྲོང་བཙན་སྒམ་པོ་དང་ཁྲི་སྲོང་ལྡེ་བཙན་སྐབས་ནས་བཟུང་བླ་མ་ལོ་གསར་གཏོང་བའི་རྩ་བ་ཚུགས་པ་དང་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ནས་འགོ་བཙུགས་ཏེ་ལྷ་བླ་མ་ཡེ་ཤེས་འོད་དང་འབྲོམ་སྟོན་པ་སོགས་ཀྱིས་རང་ཉིད་ཀྱི་རྩ་བའི་བླ་མར་མཇལ་ཞུར་བཅར་བ་ནས་འགོ་ཚུགས་པར་མ་ཟད། ལྷག་པར་དུ་ཇོ་བོ་རྗེས་བྱང་ཆུབ་ལམ་སྒྲོན་བརྩམས་པ་ནས་བཟུང་དགེ་བའི་ལམ་སྟོན་པའི་བཤེས་གཉེན་རྩ་བའི་བླ་མ་ལ་དཀོན་མཆོག་དངོས་ཀྱི་འདུ་ཤེས་བྱུང་བར་བརྟེན་སྐྱབས་འགྲོའི་དབུར་བླ་མ་ལ་སྐྱབས་སུ་མཆིའོ་ཞེས་པ་བྱུང་བ་དང་ལོ་གསར་པའི་ནང་འགྲོ་བའི་དོན་དུ་བརྩོན་པའི་རྩ་བའི་བླ་མ་ནི་ཁམས་བཟང་འོང་བའི་སྨོན་འདུན་དང་སྐུ་ཚེ་རྟག་བརྟན་འོང་ཆེད་མཎྜལ་འབུལ་བའི་ལམ་ཆགས་པ་དང་ལྷག་པར་དུ་རྒྱལ་བ་སྐུ་ཕྲེང་ལྔ་པའི་སྐབས་ནས་བཟུང་སེ་འབྲས་དགའ་གསུམ། རྒྱུད་གྲྭ་སྟོད་སྨད་ཀྱི་འཐུས་མིས་རྒྱལ་བ་མཆོག་ལ་མཇལ་ཞུ་དང་ཚེ་སྒྲུབ་རིལ་བུ་ཕུལ་བ་སོགས་ཀྱི་ལམ་སྲོལ་མ་ཉམས་པར་གནས་པས་ན་བླ་མ་ལོ་གསར་ཞེས་ཐོགས་པ་ཡིན་ནོ། །

       རྒྱལ་པོ་ལོ་གསར་ནི་སྔར་བོད་བཙན་པོའི་རྒྱལ་པོ་གཉའ་ཁྲི་བཙན་པོ་ནས་རྒྱལ་པོ་འུ་དུམ་བཙན་ནམ་གླང་དར་མ་བར་གྱི་རྒྱལ་རབས་ཞེ་གཅིག་དྲན་གསོ་ཞུ་ཆེད་དུ་རྒྱལ་པོ་ལོ་གསར་ཞེས་པ་བྱུང་བ་ཡིན། དེ་ཡང་རྒྱལ་མཆོག་ལྔ་པ་ཆེན་པོའི་སྐབས་སུ་བོད་ཀྱི་སྐུ་དྲག་སོགས་ཀྱི་གྱོན་གོས་ནི་སྟོད་སོག་པོ་ལ་སྨད་བོད་པ་འདྲ་བའི་གྱོན་གོས་ཡ་མ་གཟུགས་གྱོན་ཚུལ་སོགས་ཆ་མི་མཚུངས་པའི་གནད་དོན་དག་ཐག་གཅོད་ཀྱི་ཆེད་དུ་བོད་ཀྱི་ལོ་གསར་ཚེས་གཉིས་ཉིན་ཤོད་སྐོར་གྱི་སྐུ་དྲག་གཙོར་བྱས་པ་རྣམས་ཀྱིས་བོད་བཙན་པོའི་སྐབས་ཀྱི་ཆས་གོས་རྒྱ་ལུ་ཆས་སོགས་བོད་ཆས་གཙང་གཙང་གྱོན་དགོས་པའི་བཀའ་མངགས་དང་དེ་བཞིན་རིན་ཆེན་རྒྱན་ཆ་བ་སུམ་ཅུ་སོ་ལྔར་བོད་ཀྱི་ཁོ་ནའི་ཁྱད་ཆོས་ལྡན་པའི་རྒྱན་ཆ་དང་བཅས་པའི་གྱོན་གོས་ཀྱིས་བཀླུབས་ཏེ་རྒྱལ་པོ་ལོ་གསར་ལ་རོལ་བའི་སྲོལ་གཏོད་པ་ལས་བཙན་པོའི་དུས་རབས་ལ་རྗེས་དྲན་དང་ཡི་རང་ཞུ་བའོ། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1