འབའ་ཐང་རྫོང་དུ་ཁྱིམ་མཚེས་བར་ལ་གྱོད་དོན་འདི་འདྲ་ཞིག་བྱུང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 12-02



     ཉེ་ཆར། འབའ་ཐང་རྫོང་ཁྲིམས་ཁང་གིས་ཁྱིམ་མཚེས་གཉིས་ལ་ཐུན་མོང་དུ་ཡོད་པའི་འགྲོ་ལམ་ཞིག་གི་གྱོད་དོན་ཞུ་གཏུག་བྱས་པ་དེ། ཁྲིམས་དཔོན་གྱིས་དྲང་བདེན་དང་འདྲ་མཉམ་རྩ་དོན་གཞིར་བཟུང་། བཅའ་ཁྲིམས་འགྲེལ་བཤད་དང་གནས་ལུགས་དྲང་བཞག། གོ་བསྐོན་བློ་འགུག་གི་སློབ་གསོ་བྱས་པ་བརྒྱུད་གྱོད་དོན་འདུམ་འགྲིག་ཡག་པོ་བྱུང་ཡོད་པ་རེད།
     ཁྱིམ་མཚེས་བར་གྱི་འགྲོ་ལམ་བདག་དབང་གི་རྩོད་གཞི་བྱུང་བའི་གྱོད་དོན་ནི། བྱ་ཁྱུང་གྲོང་རྡལ་གྱི་སྡོད་དམངས་སྒྲོལ་ཆེ་གེ་མོ་དང་ཁྱིམ་མཚེས་ལྷ་ཆེ་གེ་མོ་གཉིས་ལ་ཐུན་མོང་གིས་སྤྱོད་བཞིན་པའི་འགྲོ་ལམ་ཞིག་ཡོད་པ་རེད། འགྲོ་ལམ་དེ་སྒྲོལ་ཆེ་གེ་མོ་ཚང་གི་སྒོ་ར་ནས་ཐད་གར་ལྷ་ཆེ་གེ་མོ་ཚང་གི་སྒོར་མཐུད་ཡོད། ཁང་པ་ཉོ་ཚོང་བྱས་པ་བརྒྱུད་ནས་ལམ་དེའི་བདག་དབང་ལ་རྩོད་པ་བྱུང་བས། སྔོན་ཆད་མི་མང་པོས་དེའི་རྩོད་རྙོག་སྐོར་ལ་འདུམ་འགྲིམ་གང་མང་བྱས་རུང་བར་འདུམ་ལེགས་ལམ་དུ་མ་སོང་།
     ལྷ་ཆེ་གེ་མོས་བདེ་འཇགས་ལ་དམིགས་ནས་རང་ཁྱིམ་གྱི་སྒོ་ར་རུ་གྱང་བརྡུང་ནས་སྔོན་སྒྲོལ་ཆེ་གེ་མོ་ཚང་དུ་འགྲོ་སའི་སྔོན་ཆད་ཀྱི་འགྲོ་ལམ་བཀག་པས། སྒྲོལ་ཆེ་གེ་མོས་ཁྲིམས་ཁང་ལ་ཞུ་གཏུག་བྱས་པ་རེད།
     སྒྲུབ་འགན་འཁུར་བའི་ཁྲིམས་དཔོན་གྱིས་གྱོད་དོན་དེར་ཚད་མཐོའི་མཐོང་ཆེན་བྱས་ནས་ཡུལ་དངོས་སུ་བསྐྱོད་ནས་རྩད་ཞིབ་བྱས་ཤིང་གནས་ཚུལ་རྒྱུས་ལོན་བྱུང་རྗེས། ཡུལ་དངོས་ནས་འདུམ་འགྲིག་སྒྲིག་འཛུགས་བྱས་ནས་འགལ་བ་རང་སར་ཞི་ཐབས་དང་དུས་ཐོག་ཏུ་ཞི་ཐབས། རྩ་བའི་ཐོག་ནས་ཞི་ཐབས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ནས་ཕྱོགས་གཉིས་པོར་གོ་བསྐོན་བློ་འགུག་གི་སློབ་གསོ་བྱས་པ་བརྒྱུད་ནས་དོན་གྱོད་བདེ་བླག་གིས་འདུམ་འགྲིག་བྱུང་ཞིང་ཕན་ཚུན་གྲོས་མཐུན་གྱི་གན་རྒྱ་བཞག་ནས་ཐག་གཅོད་བྱས་ཡོད་པ་རེད།
     ཉེ་བའི་ལོ་འགར། ཁྱིམ་མཚེས་བར་གྱི་གྱོད་དོན་གང་མང་ཁྲིམས་ཁང་ལ་ཞུ་གཏུག་བྱེད་བཞིན་ཡོད། ཁྲིམས་ཁང་གི་གྱོད་དོན་བདག་སྤྲོད་ཁྲིམས་དཔོན་གྱིས་འདུམ་འགྲིག་དེ་མང་ཚོགས་དང་ཉེ་བཅར་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་གནས་ཚུལ་དང་། ཁྲིམས་ལུགས། ཁྲིམས་བཅས་ཟུང་དུ་འབྲེལ་བའི་བྱ་ཐབས་ཐོག་ནས་འདུམ་འགྲིག་བྱས་ཏེ་སྤྱི་ཚོགས་ཀྱི་བདེ་འཇགས་དང་ཁྱིམ་ཚང་འཆམ་མཐུན་གྱི་ལས་ཀ་གང་མང་བསྒྲུབས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1