ཞི་ཅིན་ཕིང་དང་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་སོ་སོས་ཀྲུང་གོ་དང་ཨུ་རུ་སུའི་ནུས་རྒྱུ་ཚོང་དོན་གླེང་སྟེགས་སྐབས་གསུམ་པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཤིན་ཧྭ་གསར་འགྱུར་ཁང་། སྤེལ་དུས། 12-02



          ཟླ་11ཚེས་29ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་སོ་སོས་ཀྲུང་གོ་དང་ཨུ་རུ་སུའི་ནུས་རྒྱུ་ཚོང་དོན་གླེང་སྟེགས་སྐབས་གསུམ་པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ་རེད།
          ཞི་ཅིན་ཕིང་གིས་འདི་ལོ་ཤར་ཚུན། ཀྲུང་ཨུ་ཕྱོགས་གཉིས་པོས《ཀྲུང་ཨུའི་ཁྱིམ་མཚེས་མཛའ་མཐུན་མཉམ་ལས་ཆིངས་ཡིག》ལ་མིང་རྟགས་བཀོད་ནས་ལོ་20འཁོར་བར་མཉམ་དུ་རྟེན་འབྲེལ་ཞུ་རྒྱུ་གཙོ་རྐང་དུ་བྱས་ཏེ། ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ལས་དང་ཕྱོགས་ཀུན་གྱི་དངོས་སྒྲུབ་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་བཏང་ཡོད། ནུས་རྒྱུའི་མཉམ་ལས་ནི་རྒྱལ་ཁབ་གཉིས་པོའི་དངོས་སྒྲུབ་མཉམ་ལས་ཀྱི་ཁ་ཕྱོགས་གལ་ཆེན་ཞིག་རེད། ཕྱོགས་གཉིས་པོས་ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ཁྱད་དུ་བསད་པས་ནུས་རྒྱུའི་ཚོང་དོན་ལྡོག་འཕར་བྱུང་བ་དང་། མཉམ་ལས་རྣམ་གྲངས་གལ་ཆེན་ལ་སྐུལ་འདེད་བདེ་བླག་བྱུང་ནས་མཉམ་ལས་ཀྱི་ཁྱབ་ཁོངས་གསར་པ་དང་རྣམ་པ་གསར་པ་རྒྱུན་ཆད་མེད་པར་རྒྱ་སྐྱེད་སོང་ཡོད། 
          ཕྱོགས་གཉིས་པོའི་ནུས་རྒྱུ་མཉམ་ལས་ཀྱི་གྲུབ་འབྲས་མངོན་གསལ་དོད་པོ་ཡོད་པས། ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་གསལ་བཤད་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་ཕྱོགས་དང་མཉམ་དུ་འབད་བརྩོན་གྱིས་ནུས་རྒྱུའི་མཉམ་ལས་རོགས་ཟླའི་འབྲེལ་བ་དེ་བས་དམ་ཟབ་ཅིག་བཏོད་དེ། ནུས་རྒྱུའི་བདེ་འཇགས་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་འདོད་ཡོད་ལ། གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་གི་འགྲན་སློང་ལ་ཁ་གཏད་གཅོག་འདོད་ཀྱང་ཡོད་ཅེས་བསྟན་གནང་ཡོད་པ་རེད།
          ཕུའུ་ཅིང་གིས། རྟེན་འབྲེལ་འཕྲིན་ཡིག་ནང་མིག་སྔར་ཨུ་ཀྲུང་གི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་དེ་སྔར་བྱུང་མྱོང་མེད་པའི་ཆུ་ཚད་མཐོ་པོ་ཞིག་ཏུ་སླེབས་ཡོད། རྒྱལ་ཁབ་གཉིས་པོའི་འབྲེལ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ཨུ་ཀྲུང་གི་ནུས་རྒྱུའི་མཉམ་ལས་ལ་ཉེ་བའི་ལོ་ཤས་རིང་དགེ་མཚན་ལྡན་པའི་འཕེལ་རིམ་བྱུང་བ་དང་། རྒྱལ་ཁབ་གཉིས་པོའི་ས་མཚམས་ལས་སྒྲོལ་བའི་སྣུམ་རླངས་མདོང་ལམ་བརྟན་པོའི་ངང་འཁོར་རྒྱུག་བྱུང་བ། ནུས་རྒྱུའི་ཚོང་དོན་བརྟན་པོའི་ངང་རྒྱ་ཆེར་སོང་བ་མ་ཟད། བྱང་སྣེའི་ས་ཁུལ་གྱི་གཤེར་འགྱུར་རང་བྱུང་སོལ་རླངས་གསར་སྤེལ་དང་། དེ་བཞིན་ཉིང་གློག་འཕྲུལ་ཚན་མཉམ་ལས་འཛུགས་སྐྲུན་སོགས་རྣམ་གྲངས་གལ་ཆེན་ཁག་གཅིག་ཀྱང་བདེ་བླག་ངང་ལག་བསྟར་བྱས་ཡོད། ཕྱོགས་གཉིས་པོའི་ཁེ་ལས་ཀྱིས་སྦྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་སྟེ། ནུས་རྒྱུའི་ཆ་འཕྲིན་ཅན་དང་ལྗང་མདོག་ནུས་རྒྱུ་སོགས་མཉམ་ལས་ཀྱི་ཁ་ཕྱོགས་གསར་པ་འཚོལ་ཞིབ་བྱས་ནས། ཨུ་ཀྲུང་གི་ནུས་རྒྱུའི་མཉམ་ལས་ལ་ནང་དོན་གསར་པ་བསྣན་རྒྱུའི་རེ་བ་ཡོད་ཅེས་གསུངས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1