ལྷག་བ་ཆུ་གློག་ས་ཚུགས་ཀྱི་ཆུ་རྒྱུན་བཅད་པའི་ཨར་ལས་ཡོངས་སུ་གྲུབ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 12-03



   སྤྱི་ཟླ11པའི་ཚེས29ཉིན་གྱི་སྔ་དྲོར། འཛམ་གླིང་རིམ་པའི་ཨར་ལས་ཏེ་སི་ཁྲོན་དང་བོད་རང་ལྗོངས་འབྲེལ་མཚམས་སུ་གནས་པའི་འབྲི་ཆུའི་སྟོད་རྒྱུད་ཀྱི་ཁྲོན་བོད་ཆུ་བོའི་ཡ་གྱལ་དུ་གྱུར་ཅིང་འཛུགས་སྐྲུན་བྱེད་སྒང་ཡིན་པའི་འབྲི་ཆུའི་ལྷག་བའི་ཆུ་གློག་ས་ཚུགས་ཀྱི་ཆུ་རྒྱུན་བཅད་པའི་ཨར་ལས་ཡོངས་སུ་ལེགས་གྲུབ་བྱུང་ཡོད། དེའི་ཐོག་ནས་འབྲི་ཆུའི་སྟོད་རྒྱུད་ཀྱི་ནུས་ཁུངས་གཙང་མའི་རྟེན་གཞི་འཛུགས་སྐྲུན་བྱེད་པར་གོམ་གང་མདུན་དུ་སྤོས་ཐུབ་པ་ཡོད་པ་མཚོན་ཐུབ།



   ཧྭ་གློག་འབྲི་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་ཐོན་འབྱེད་ཚད་ཡོད་སྤྱི་གཉེར་ཁང་གིས་ཐོན་འབྱེད་འཛུགས་སྐྲུན་བྱས་པའི་ལྷག་བ་ཆུ་གློག་ས་ཚུགས་ཀྱི་གློག་ཤོང་ཚད་སྟོང་ཝ་ཁྲི200ཡིན་ཞིང་། མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར309ཡིན་ལ།རྒྱལ་ཁབ་ཀྱི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་སུ་གཙོ་གནད་འཛུགས་སྐྲུན་བྱས་པའི་ནུས་ཁུངས་གཙང་མའི་རྟེན་གཞི་དགུའི་ཡ་གྱལ་ཏེ་འབྲི་ཆུའི་སྟོད་རྒྱུད་ཀྱི་ནུས་ཁུངས་གཙང་མའི་རྟེན་གཞིའི་གྲུབ་ཆ་གལ་ཆེན་ཞིག་ཡིན། 2017ལོར་སོ་བ་ལུང་ཆུ་གློག་ས་ཚུགས་ཀྱི་ཆུ་རྒྱུན་བཅད་པ་དང་། 2019ལོར་གཡས་པ་ཐང་ཆུ་གློག་ས་ཚུགས་ཀྱི་ཆུ་རྒྱུན་བཅད་པ།2020ལོར་འབའ་ཐང་ཆུ་གློག་ས་ཚུགས་ཀྱི་ཆུ་རྒྱུན་བཅད་པ་བཅས་ལེགས་གྲུབ་བྱུང་རྗེས་ཐེངས་འདིར་ལྷག་བ་ཆུ་གློག་ས་ཚུགས་ཀྱི་ཆུ་རྒྱུན་བཅད་པའི་ཨར་ལས་ཡོངས་སུ་གྲུབ་པ་དེ་ནི་འབྲི་ཆུའི་སྟོད་རྒྱུད་དུ་རྒྱལ་ཁབ་རིམ་པའི་ཆུ་གསོག་མཛེས་ལྗོངས་ཆེ་གྲས་ཀྱི་དཔེ་སྟོན་རྟེན་གཞི་འཛུགས་སྐྲུན་བྱེད་པའི་སྐབས་བབ་ཀྱི་དམིགས་འབེན་ཞིག་ཡང་བསྐྱར་གྲུབ་ཐུབ་ཡོད་པ་རེད།

ལྷག་བ་ཆུ་གློག་ས་ཚུགས་ཀྱི་ཆུ་རྒྱུན་བཅད་པའི་ཨར་ལས་ཡོངས་སུ་གྲུབ།

  ཤེས་རྟོགས་བྱུང་བར་གཞིགས་ན། ལྷག་བ་ཆུ་གློག་ས་ཚུགས་ཀྱི་ཆུ་རྒྱུན་བཅད་ཁའི་ཆུའི་རྒྱུག་ཚད་ཆེ་ཤོས་སྐར་ཆ་རེ་ལ་སྨི11.3ཡིན་ཞིང་། འབབ་ཆུའི་གཟར་ཚད་སྨི9.4ཡིན་ལ།ཆུ་རྒྱུན་གཅད་པར་རྡོ་སྨི་ལྷམ་པ་གྲུ་བཞི་ཁྲི20ལ་ཉེ་བ་བླུག་དགོས། དེ་ལ་ཆུའི་བཞུར་རྒྱུན་ཆེ་ལ་མྱུར་བ་དང་། ཆུ་ངོས་དོག་པ། གཟར་ཚད་མཐོ་བ། བཀང་རྫས་འབོར་ཆེན་དགོས་པ་བཅས་ཀྱི་ཁྱད་ཆོས་ཡོད་ཅིང་། ཆུ་རྒྱུན་བཅད་པའི་དཀའ་ཚད་དེ་རྒྱལ་ནང་གི་མདུན་གྲལ་དུ་བསླེབས་ཡོད།

ལྷག་བ་ཆུ་གློག་ས་ཚུགས་ཀྱི་ཆུ་རྒྱུན་བཅད་པའི་ཨར་ལས་ཡོངས་སུ་གྲུབ།

   ལྷག་བ་ཆུ་གློག་ས་ཚུགས་བསྐྲུན་རྗེས། སྔོན་དཔག་བྱས་ན་ལོ་མང་རིང་ལོ་རེའི་ཆ་སྙོམས་གློག་འདོན་ཚད་ཆུ་ཚོད་རེ་ལ་སྟོང་ཝ་དུང་ཕྱུར83.7ཡིན་ཞིང་། དེ་ནི་ལོ་རེར་རྡོ་སོལ་ཏུན་ཁྲི245བསྲི་ཚགས་ཐུབ་པ་དང་དབྱང་གཉིས་སོལ་འགྱུར་ཏུན་ཁྲི514ཇེ་ཉུང་དུ་གཏོང་ཐུབ་པ་དང་འདྲ་འདྲ་ཡིན་པ་རེད། དེས་རླུང་ཁམས་ཀྱི་སྦགས་བཙོག་སྐྱུང་བ་དང་དྲོད་ཁང་གི་རླངས་འབུད་ཚོད་འཛིན་ལ་ནུས་པ་གལ་ཆེན་འདོན་ཐུབ་ཅིང་སྐྱེ་ཁམས་ཀྱི་ཕན་འབྲས་མངོན་གསལ་ཆེ་བ་ཡིན་ནོ།།


རྩོམ་ཡིག་རྗེས་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1