《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི《〈ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་ཆོད〉སྐོར་གྱི་གསལ་བཤད》བཀོད་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 12-03



     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཟླ་12ཚེས་1ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་23པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི《〈ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་ཆོད〉སྐོར་གྱི་གསལ་བཤད》བཀོད་ཡོད་པ་རེད།
     ཞི་ཅིན་ཕིང་གིས་བསྟན་དོན། རང་རེའི་ཏང་གིས་སྔར་ནས་བཟུང་ལོ་རྒྱུས་ཀྱི་ཉམས་མྱོང་ལ་ཕྱོགས་སྡོམ་བྱེད་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཏང་ཀྲུང་དབྱང་གིས་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བའི་ལོ་རྒྱུས་ཀྱི་དུས་སྐབས་གལ་ཆེན་དང་། ཏང་དང་མི་དམངས་ལ་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་རྒྱལ་ཁའི་ངང་མངོན་འགྱུར་བྱུང་བ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཀྱི་ཕྱོགས་སུ་སྐྱོད་པའི་གལ་ཆེའི་ལོ་རྒྱུས་ཀྱི་འགག་རྩའི་དུས་སུ། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་ལ་ཕྱོགས་ཡོངས་ནས་ཕྱོགས་སྡོམ་བྱེད་པ་དེ། ཏང་ཡོངས་ཀྱིས་སྔར་ལས་ལྷག་པའི་ངང་བསམ་བློ་གཅིག་གྱུར་དང་། འདུ་ཤེས་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བཅས་ལ་སྐུལ་འདེད་བཏང་སྟེ་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་གྱི་རྒྱལ་ཁ་གསར་པ་ལེན་རྒྱུའི་ངོས་ནས་བརྗོད་ན་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་ལོ་རྒྱུས་ཀྱི་དོན་སྙིང་ཟབ་མོ་ལྡན་པའི་ངོས་འཛིན་བྱས་ཡོད།
     ཞི་ཅིན་ཕིང་གིས་བསྟན་དོན། ཏང་ཀྲུང་དབྱང་གིས་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་ལམ་བུ་ནི་ཟིལ་རླབས་དགུང་འཕྱུར་དང་། དུས་ཚོད་བར་བརྒལ་རིང་བ། འབྲེལ་ཡོད་ཁྱབ་ཁོངས་ཆེ་བ་བཅས་ཡིན་པས། ཞིབ་འཇུག་བྱེད་དགོས་པའི་གནད་དོན་མང་པོ་ཡོད་པའི་ངོས་འཛིན་བྱས་ཡོད། སྤྱིའི་ཆ་ནས་ལོ་རྒྱུས་ལ་ཕྱོགས་སྡོམ་དང་། ཆོས་ཉིད་སྟངས་འཛིན། གདེང་ཚོད་བརྟན་གཏོང་། འབྱུང་འགྱུར་ཕྱོགས་སུ་སྐྱོད་པ་བཅས་ཀྱི་བླང་བྱ་གཞིར་བཟུང་། ཏང་གིས་བརྒྱུད་མྱོང་བའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་བུར་ཕྱོགས་སྡོམ་ཡག་པོ་དང་། ཏང་གིས་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་ཐོབ་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ལ་ཕྱོགས་སྡོམ་ཡག་པོ། ཏང་གིས་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ལ་སྐུལ་འདེད་བཏང་བའི་རྩ་ཆེའི་ཉམས་མྱོང་ལ་ཕྱོགས་སྡོམ་ཡག་པོ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་འབད་འབུངས་ཡར་བརྩོན་བྱེད་པའི་རིགས་པའི་གཞུང་ལུགས་དང་ལག་ལེན་ལ་ཕྱོགས་སྡོམ་ཡག་པོ་བཅས་བྱེད་དགོས།
     ཞི་ཅིན་ཕིང་གིས་བསྟན་དོན། ཏང་ཀྲུང་དབྱང་གིས་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་ལ་ཕྱོགས་སྡོམ་བྱེད་པར། རྩོད་སྒྲུབ་དངོས་གཙོ་རིང་ལུགས་དང་ལོ་རྒྱུས་དངོས་གཙོ་རིང་ལུགས་ཀྱི་བརྟག་ཐབས་སྨྲ་བ་མཐའ་འཁྱོངས་བྱེད་པ་དང་། ཡང་དག་པའི་ཏང་གི་ལོ་རྒྱུས་ལྟ་བ་མཐའ་འཁྱོངས་དང་ལོ་རྒྱུས་ཀྱི་ལྟ་བ་ཆེན་པོ་བཙུགས་ནས་དར་ཆ་གསལ་སྟོན་གྱིས་ལོ་རྒྱུས་དོན་སྟོང་རིང་ལུགས་ལ་ངོ་རྒོལ་བྱེད་དགོས་པའི་ངོས་འཛིན་བྱས་ཡོད།
     ཞི་ཅིན་ཕིང་གིས། ད་ཐེངས་ཀྱི་ཚང་འཛོམས་གྲོས་ཚོགས་ཐོག་གྲོས་ཆོད་ལ་འཆར་ཟིན་འགོད་པའི་ཐད། ཏང་ཀྲུང་དབྱང་གིས་གཤམ་གསལ་གྱི་ཕྱོགས་ཁ་ཤས་སྟངས་འཛིན་ནན་པོ་བྱེད་དགོས་པའི་བླང་བྱ་ཁ་གསལ་བཏོན་ཡོད་པ་སྟེ།
གཅིག་ནས། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་ལ་ཕྱོགས་སྡོམ་བྱེད་པར་དམིགས་ནས། ཏང་ཡོངས་ཀྱི་བློ་གྲོས་འཕེལ་བ་དང་། མཐུན་སྒྲིལ་ཟབ་ཏུ་འགྲོ་བ། གདེང་ཚོད་ཆེ་རུ་འགྲོ་བ། ངར་ཤུགས་འཕེལ་བ་བཅས་ལ་སྐུལ་འདེད་གཏོང་དགོས་པ་དང་། གཉིས་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པའི་གཙོ་གནད་འདི་མངོན་གསལ་དོད་པོ་ཡོང་བ་དང་། ཏང་ཡོངས་ལ་གདེང་ཚོད་སྔར་བས་བརྟན་དུ་གཏོང་བར་ཁྲིད་སྟོན། ང་ཚོས་སྒྲུབ་བཞིན་པའི་བྱ་བར་དོ་ཁུར་བཅས་བྱས་ཏེ་དེ་བས་དཔའ་ངར་ཆེར་སྐྱེད་ཀྱི་རྣམ་འགྱུར་ཐོག་ནས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་པ་དང་དུས་རབས་གསར་པར་བྱས་རྗེས་འཇོག་དགོས་པ། གསུམ་ནས། དོན་རྐྱེན་ཆེ་རིགས་དང་། ཚོགས་འདུ་གལ་ཆེན། མི་སྣ་གཙོ་བོ་བཅས་ཀྱི་གདེང་འཇོག་ལ་མཐོང་ཆེན་བྱ་རྒྱུ་དེ་ཏང་ཀྲུང་དབྱང་གི་སྡོམ་ཚིག་དང་ཕན་ཚུན་འབྲེལ་མཐུད་ཐུབ་པ་བྱས་ནས། ཏང་ཀྲུང་དབྱང་གིས་ཏང་གི་ལོ་བརྒྱའི་འབད་འཐབ་ལ་འཛིན་པའི་ངོས་འཛིན་གསར་པ་མངོན་པར་བྱེད་དགོས་ཞེས་བསྟན་གནང་བ་དང་། ཞི་ཅིན་ཕིང་གིས་ད་དུང་གྲོས་ཆོད་ལ་འཆར་ཟིན་འགོད་པའི་བརྒྱུད་རིམ་དང་། གཞི་རྩའི་སྒྲོམ་གཞི། ནང་དོན་གཙོ་བོ་བཅས་ལ་གསལ་བཤད་གནང་བ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1