གཙོ་ངོས།>> འཕྲོད་བསྟེན།>>བདེ་ཐང་ཤེས་བྱ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༢༡ལོའི་ཟླ་བ་༡༢ཚེས་༠༦ཉིན།

༄༅།། པྲོག་དབྱིབས་ནད་དུག་གསར་པའི་གློ་ཚད་སྔོན་འགོག་སྐོར་གྱི་རྒྱུན་ཤེས།


གཅིག པྲོག་གསར་གློ་ཚད་ཀྱི་འགོས་ལམ་གཙོ་བོ།
        པྲོག་གསར་གློ་ཚད་ཀྱི་འགོས་ལམ་ལ་རིགས་གསུམ་ཡོད་དེ། དང་པོ་ནི་མཆིལ་ཟེགས་ལས་འགོས་པ་སྟེ། ནད་པས་ཧབ་སྦྲིད་རྒྱག་པའམ་གློ་ལུ་བྱེད་པ་དང་། སྐད་ཆ་བཤད་སྐབས་མཆིལ་ཟེགས་འཆོལ་བའམ་དབུགས་སྒོར་དབྱུང་བ་ཐད་ཀར་རྔུབ་ནས་འགོས་རེད་འབྱུང་བ་ཡིན་ལ། ཡང་ན་མཆིལ་ཟགས་མཁའ་དབུགས་ཁྲོད་ཁྱབ་སྟེ་དབུགས་ཞུན་སྤྱིན་གྲུབ་པ་ལས་འགོས་མཆེད་འབྱུང་། གཞན་ཡང་རེག་ཐུག་ལས་འགོས་པ་སྟེ།མཆིལ་ཟེགས་དངོས་པོའི་སྟེང་འགོས་པ་དང་དེ་ལ་ལག་པས་རེག་རྗེས་ཁ་དང་སྣ། མིག་གི་དབང་པོ་བརྒྱུད་ནས་འགོས་མཆེད་འབྱུང་བ་རེད།

གཉིས། པྲོག་གསར་ནད་དུག་སྔ་རྗེས་གཉིས་ཀྱི་ནད་རྟགས་ཀྱི་ཁྱད་པར།
        པྲོག་གསར་ནད་དུག་གི་ནད་རྟགས་སྔ་མའི་མངོན་ཚུལ་གཙོ་བོ་ལ། ལུས་ལ་ཚ་རྒྱག་པ་དང་། གྲེ་བ་ན་བ། སྐམ་ལུ་བྱེད་པ། དྲིའི་རེག་བྱ་ཉམས་པ། ལུས་བྱིངས་ན་བ་སོགས་ཀྱི་ནད་རྟགས་མངོན་པ་དང་། རྗེས་མའི་ནད་རྟགས་གཙོ་བོ་ལ། གྲེ་བ་ན་བ་དང་སྣ་ཆུ་བཞུར་བ། དྲིའི་རེག་བྱ་ཉམས་པ། ལུས་བྱིངས་ན་བ། མིག་དམར་པོར་འགྱུར་བ། མིག་སྐྱིའི་གཉན་ཚད་རྒྱས་པ། སིབ་བི་དང་པགས་འབྲུམ་མངོན་པ། ཁོག་པ་བཤལ་བ་དང་ན་བ། འདུ་ཤེས་ཉམས་པ། ཁ་སྣ་ནས་ཁྲག་འཛར་བ་སོགས་ཀྱི་ནད་རྟགས་མངོན་ཚུལ་ཡོད།

གསུམ། པྲོག་གསར་གློ་ཚད་སྔོན་འགོག་བྱེད་ཐབས།
        ཁ་ཐུམ་རྒྱག་པ། ཕྱི་ལ་འགྲོ་དུས་ངེས་པར་དུ་སྨན་སྤྱོད་ཁ་ཐུམ་རྒྱག་དགོས། རབ་ཡིན་ན་རྐང་ཐང་དང་། ལྕགས་རྟ།སྒེར་གྱི་རླངས་འཁོར་བསྐོར་ན་ལེགས་ལ། སྤྱི་སྤྱོད་རླངས་འཁོར་ལ་འདུག་དུས་མགོ་མཇུག་བར་གསུམ་དུ་ཁ་ཐུམ་རྒྱག་དགོས་པ་དང་། རླངས་འཁོར་དུ་བསྡད་རྗེས་རླངས་འཁོར་ནང་གི་བདེ་ཐང་བཤེར་རིས་བཤེར་དགོས།
        ལག་པ་བཀྲུ་བ། ཟ་མ་མ་ཟོས་པའི་སྔོན་དང་སྤྱོད་ཁང་དུ་བུད་རྗེས། ཁ་བཏུམ་བླངས་རྗེས། ལུ་རྗེས། གད་སྙིགས་དང་སྲོག་ཆགས་ལ་རེག་པའི་རྗེས་སུ་ཅིས་ཀྱང་ལག་པ་བཀྲུ་དགོས། ལག་པ་བཞུར་ཆུ་ནང་བཀྲུ་དགོས་པར་མ་ཟད། བཀྲུ་ཐབས་དྲུག་གི་གོ་རིམ་ལྟར་ལག་པ་གཙང་མར་བཀྲུ་དགོས།
        ཁང་པའི་ནང་རླུང་རྒྱུ་བ། གཞུང་ལས་ཁང་ངམ་རང་གི་གཞིས་ཁང་དུ་དུག་སེལ་བྱེད་རྒྱུ་གལ་ཆེ་ལ། ཁང་པའི་ནང་རླུང་རྒྱུ་བར་བྱ་རྒྱུ་དེ་ལས་གལ་ཆེ། ཉིན་རེར་སྒེའུ་ཁུང་ཐེངས་གསུམ་རེར་འབྱེད་པ་དང་། རབ་ཡིན་ན་ཐེངས་རེར་སྐར20ནས30ལ་ཕྱེ་དགོས།
        ཟས་སྤྱོད། ལུས་སེམས་བདེ་བར་གནས་ཏེ་རྩོལ་བཅག་རན་པར་བྱ་རྒྱུ་རྒྱུན་འཁྱོངས་དང་། ཟས་རྗེན་རློན་ཟ་བར་འཛེམ་དགོས་ལ་ཟས་ཚོད་རན་པར་བསྟེན་པ། སྣུམ་ཉུང་ངུ་བསྟེན་པར་འོས།
        ལོགས་བཀར་བྱེད་པ། ཕྱི་རྒྱལ་ནས་ཡོང་བའམ། པྲོག་དབྱིབས་ནད་དུག་གསར་པ་འགོས་མཆེད་ཉེན་ཁ་ཆེ་འབྲིང་གི་ས་ཁུལ་དུ་སོང་མྱོང་བ། ཡང་ན་དེ་གའི་མི་དང་ཐུག་འཕྲད་ཡོད་པ། འགྲིམ་འགྲུལ་ཡོ་བྱད་གཅིག་ལ་བསྡད་མྱོང་བ་སོགས་དང་། གཞན་རང་ཉིད་སྡོད་སའི་ས་གནས་པྲོག་གསར་ནད་དུག་འགོས་མཆེད་ཆེ་བའི་ས་ཁུལ་ཡིན་ན་གཞིས་ཁུལ་ལ་ཡར་ཞུ་བྱས་རྗེས་རང་ཁྱིམ་དུ་ལོགས་བཀར་བྱེད་པའམ། བཀོད་སྒྲིག་ལྟར་ལོགས་བཀར་བྱེད་དགོས།
        ཉིང་སྐྱུར་བཤེར་འཇལ་བྱེད་པ། ཉིང་སྐྱུར་བཤེར་འཇལ་བྱེད་རྒྱུ་ནི་མིག་སྔར་པྲོག་དབྱིབས་ནད་དུག་གསར་པའི་གློ་ཚད་འགོས་ཡོད་མེད་ལ་བརྟག་བྱེད་ཀྱི་ཐབས་ལམ་ཉག་གཅིག་ཡིན་པས། བཤེར་འཇལ་བྱེད་དུས་ངེས་པར་མཉམ་འཇོག་བྱེད་དགོས་པ་ནི་ལྟོ་སྟོང་ཡིན་དགོས། མིད་པ་ནས་ཉིང་སྐྱུར་ལེན་དུས་ཕྱིར་མི་སྐྱུགས་པའི་ཆེད་མ་མཐའ་ཡང་ཆུ་ཚོད་གཉིས་ཀྱི་ནང་རོལ་དུ་ཟས་མི་ཟ་བ་དང་། ཆུ་ཚོད་ཕྱེད་ཀའི་ནང་ཆུ་མི་འཐུང་བ། དུ་ཆང་མི་སྤྱོད་རྒྱུ་ཧ་ཅང་གལ་ཆེ། དེ་མིན་ཉིང་སྐྱུར་བཤེར་འཇལ་གྱི་བཤེར་འབྲས་ལ་གནོད་པ་ཡོད། གཞན་ཉིང་སྐྱུར་བཤེར་འཇལ་བྱེད་པར་གྲལ་སྒྲིག་དུས་ངེས་པར་ཁ་ཐུམ་རྒྱག་དགོས་པ་དང་། ཕན་ཚུན་བཀྱེད་ནས་བར་ཐག་ལ་སྨི་གཅིག་འཇོག་དགོས། ཉིང་སྐྱུར་བཤེར་འཇལ་བྱེད་པ་ལ་ཁེར་བཤེར་དང་བསྲེས་བཤེར་གཉིས་ཡོད་ལ། དུས་ཐོག་ཏུ་གོང་རིམ་ནས་གཏན་འཁེལ་བྱས་ཡོད་པའི་པྲོག་དབྱིབས་ནད་དུག་གསར་པ་འགོས་མཆེད་ཉེན་ཁ་ཆེ་འབྲིང་ས་ཁུལ་ནས་ཡོང་བའམ། བདེ་ཐང་བཤེར་རིས་སེར་པོའམ་དམར་པོ་ཡིན་ན་ངེས་པར་དུ་ཉིང་སྐྱུར་ཁེར་བཤེར་བྱེད་དགོས།
        འགོག་སྨན་རྒྱག་པ། པྲོག་དབྱིབས་ནད་དུག་གསར་པའི་འགོག་སྨན་རྒྱག་རྒྱུ་ནི་མིག་སྔར་འཛམ་གླིང་སྟེང་པྲོག་གསར་འགོག་བཅོས་ཀྱི་ཐབས་ལམ་ཉག་གཅིག་ཡིན། འགོག་སྨན་རྒྱག་སར་སྨན་པའི་ལུས་ཕུང་བདེ་ཐང་གི་གནས་ཚུལ་འདྲི་དུས་སྦ་གསང་མེད་པར་བཤད་དགོས་པ་དང་། འགོག་སྨན་རྒྱག་དུས་ལྟོ་སྟོང་དུ་རྒྱག་མི་རུང་ལ།འགོག་སྨན་བརྒྱབ་རྗེས་ལམ་སང་ཁ་མི་འབྲལ་བར་སྐར་མ30ལ་ལྟ་ཞིབ་བྱེད་དགོས། ཆུ་ཚོད་ཞེ་བརྒྱད་རིང་ལ་རྩོལ་བཅག་རན་པར་བྱ་བ་དང་དུས་ལྟར་ངལ་གསོ་དགོས། གཟའ་འཁོར་གཅིག་ལྷག་གི་རིང་ལ་ཆང་འཐུང་མི་རུང་བ་དང་། ཚྭ་ཉུང་དང་སྣུམ་ཉུང་བའི་ཟས་བསྟེན་པ། ཆུ་དྲོན་མོ་མང་ཙམ་འཐུང་དགོས། མིག་སྔར་འགོག་སྨན་ཁབ་གསུམ་ཡོད་པ་དང་། ཁབ་དང་པོ་བརྒྱབ་རྗེས་ཉིན21ནས56གི་ནང་ཐོབ་ཐང་ལག་འཁྱེར་ཁྱེར་ཏེ་ཁབ་གཉིས་པ་རྒྱག་དགོས། ཁབ་གཉིས་པ་བརྒྱབ་རྗེས་ཟླ་དྲུག་གི་རྗེས་ཁབ་གསུམ་པ་རྒྱག་དགོས། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1